ཕུ་ཡི་འབྲོག་ས་རྟ་ནོར་ལུག་གསུམ་དེ་ཁྱིལ་ཁྱིལ།
དཀར་དམར་ཟས་ཀྱི་ཕུང་པོ་རི་བོ་ལྟར་བརྩིགས་པ།
མདོ་ཡི་ཞིང་ས་གྲོ་ནས་སྙེ་མ་དེ་ལྡེམ་ལྡེམ།།
སྣ་ལྔའི་འབྲུ་ཡིས་བང་མཛོད་བྱུར་བུར་དུ་གཏམས་པ།།
ཉི་གྲགས་གཏེར་ཆེན་གཏེར་གྱི་སྒོ་གླེགས་ནི་འབྱེད་ས།།
ཞང་ཞུང་ཆོས་གྲགས་ཆོས་ཀྱི་གདན་ས་ནི་འདེབས་ས།
འབྲི་གུང་སྐྱབས་མགོན་སྐྱབས་གནས་འདུས་སྡེ་ནི་སྐྱོང་ས།།
སྟག་ཕུ་འབྲོང་ངུར་བཀའ་བབ་དགོན་ཆེན་ཡང་བཞེངས་ས།།
དགོན་ཆེན་ཉེར་ལྔ་མཁའ་ཡི་གཟའ་སྐར་བཞིན་འཕྲོ་བ།།
ཆོས་ལུགས་འཆམ་མཐུན་དགུ་ཚིགས་སྐྱ་མོ་ལྟར་སྦྲེལ་བ།།
སྡེ་ཆེན་བརྒྱ་ཕྲག་ས་ཁའི་རྩི་ཐོག་བཞིན་བཀྲ་བ།།
གནའ་དེང་རིག་གཞུང་གནམ་གྱི་ཉི་ཟླ་ལྟར་ཤར་བ།།
འདི་ན་བཙན་པོའི་བཀའ་ལུང་རྡོ་རིང་ལ་བརྐོས་ཡོད།།
འདི་ན་བར་གྱི་དཔའ་སྡེའི་དཔའ་སྟོབས་དེ་ཉམས་མེད།།
འདི་ན་སྟོང་བུ་ཆུང་གི་གཟི་བརྗིད་དེ་བརླགས་མེད།།
འདི་ནི་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཡང་འབོད་དོ།།
རང་བྱུང་ས་ཆུ་རི་ལུང་བྱེ་བྲག་གི་བཀོད་པ།།
རང་ཤར་མ་བཅོས་མཛེས་པ་འབུམ་ཕྲག་གི་སྣང་བརྙན།།
རང་བཞིན་རེ་རེ་བརྗོད་པའི་དབུགས་ནུས་དེ་མེད་ལ།།
རང་གའི་ཚིག་གིས་ཡོངས་སུ་མཚོན་ཐབས་ཀྱང་མི་འདུག།
ཅེས་དྲྭ་བའི་ལམ་ནས་རང་ཡུལ་གྱི་པར་རིས་འགའ་མིག་ལམ་དུ་མངོན་རྗེས་ཕུན་སུམ་ཚོགས་པའི་རི་ཆུ་ནགས་གསུམ་གྱི་བཀོད་པ་དག་ལ་ངོ་མཚར་ཞིང་། དྲན་ངོར་དུའང་པར་རིས་ལས་འདས་པའི་མཛེས་པ་སྣ་ཚོགས་ཤིག་ལམ་ལམ་དུ་འཆར་བཞིན་གྱི་ན་བ་ལམ་བཟང་པོ་ཞེས་པས་སོ།།
སྤྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༣ , ༢༤ ལས་ཀའི་བར་གསེང་ལ་བྲིས་ཚེས་༢༥ ཞོགས་ཇ་མ་བཏུངས་སྔོན་ཅུང་ཙམ་བཅོས་ཏེ་སྤེལ།