ཐེད་པོ།
རྒྱལ་ཀུན་བྱམས་སྙིང་ཀུན་འདུས་ངོ་བོ་རྒྱལ་མཆོག་པད་དཀར་ལེགས་འཆང་བ། །རྒྱལ་བསྟན་དྲི་མེད་ལུང་རིགས་ཀྱིས་འཛིན་རྒྱལ་བའི་སྲས་ཀྱི་ཐུ་བོ་མཆོག །རྒྱལ་ཁམས་ཀུན་ལ་བཀའ་དྲིན་ཟླ་མེད་རྒྱལ་མཚན་རྣམ་པར་བསྒྲེངས་པའི་མགོན། །རྒྱལ་མཆོག་མ་ཕམ་བསྟན་འཛིན་རྒྱ་མཚོར་སྒོ་གསུམ་མི་ཕྱེད་དད་པས་བསྙེན། །འགྲོ་རྣམས་རྣམ་མང་དུཿཁས་གཙེས་པར་མ་བཟོད་སྙིང་རྗེའི་ཤུགས་རླབས་ཀྱིས། །སྲིད་ལས་གྲོལ་ཡང་སྲིད་པའི་ཚུལ་འཆང་འདམ་གྱི་དབུས་ན་པདྨ་བཞིན། །སྟག་འཚེར་ཞེས་གྲགས་འཛིན་མའི་གཞི་རུ་མཚན་དཔེའི་དཀྱིལ་འཁོར་ཉ་གང་ཟླ། །
བཀྲ་ཤིས་མཚན་མའི་རྟེན་བཟང་དང་བཅས་འགྲོ་བ་ཀུན་གྱི་དཔལ་དུ་ཤར། །གདོན་གྱིས་རྒྱུད་བརླམས་དམར་རླུང་འཚུབ་མས་སྣོད་བཅུད་སྐྱོམ་པའི་སྦྱོར་ངན་གྱིས། །བག་ཚའི་གཡོ་འཕྲུལ་ཇི་ལྟར་བསྐྲུན་ཀྱང་མི་གཡོ་ལྷུན་པོའི་ངང་ཚུལ་བཞིན། །བརྒྱད་གཉིས་མཚན་དཔེ་བཞད་ཙམ་ཉིད་ནས་གདོང་ལྔས་བཏེཌ་པའི་ཁྲི་འཕང་རྩེར། །ལུགས་གཉིས་ཁུར་ཆེན་ཕྲག་ཏུ་བཞེས་ཏེ་བོད་འབངས་སྐྱོང་ལ་མ་མ་བཞིན། །སྐུ་ལ་མཚན་དཔེའི་རང་འོད་འཚེར་བ་མཇལ་བའི་མོད་ལ་བདེ་ཆེན་འདྲེན། །གསུང་ལ་ཡན་ལག་དྲུག་ཅུའི་གདངས་ལྡན་ཞི་བའི་དབྱངས་ཀྱིས་འགྲོ་རྣམས་སྐྱོང། །ཐུགས་སུ་བསླབ་གསུམ་ནོར་གྱིས་གང་བ་མཁྱེན་རླབས་རི་མོ་ཆེས་ཆེར་གསལ། །སྙིགས་བདོའི་དུས་ཀྱི་སྟོན་པ་ཁྱེད་ཉིད་དུས་གསུམ་རྒྱལ་བ་ཀུན་ལས་ལྷག །རྣམ་མཁྱེན་ཤཱཀྱའི་བསྟན་པའི་ཉི་མ་དུས་དབང་སྤྲིན་གྱིས་བསྒྲིབས་པ་ན། །རྣམ་རིགས་རླུང་གི་ཤུགས་རླབས་བསྐྱོད་དེ་སྨག་ནག་དུ་སྤྲིན་ཕྱོགས་སུ་གཏོར། །རྣམ་དག་བསྟན་པའི་སྣང་བ་ཆེན་པོ་འཛིན་མའི་ཁྱོན་ལ་སྤྲོ་མཛད་པ། །རྣམ་གྲོལ་ཞི་བའི་ལམ་ལ་འགོད་དཔའ་འདྲེན་པ་ཟླ་མེད་ཁྱེད་ལས་སུ། །མཁས་ལ་ཟླ་མེད་རྟ་བདུན་དབང་པོ་ཕྱི་ནང་ཤེས་བྱའི་དབྱིངས་ཡངས་སུ། །མཁྱེན་རླབས་ཟེར་མདའ་རེ་རེ་བཀྱེས་ཚེ་མི་ཤེས་མུན་ཚོགས་ཕ་མཐར་བསྐྲད། །མཁས་ལ་དྲེགས་པའི་བརྟུལ་ཞུགས་འཆང་བ་ཕྱི་ནང་རིག་པའི་དབང་པོའི་ཁྱུ། །ཇི་ལྟར་ཉི་མའི་འོད་ཀྱི་གམ་ན་སྲིན་བུ་མེ་ཁྱེར་སྤྱོད་དུ་འགྱུར། །བཙུན་ལ་དཔེ་མེད་བསླབ་སྡོམ་རེ་ཁ་མ་ནོགས་གསལ་བའི་གཟི་བྱིན་དཔལ། །སྟོན་ཟླ་རྒྱས་པའི་མདངས་ཀྱང་ཕམ་བྱེད་ར་རིའི་དྲི་མས་ཡོངས་སུ་དག ། ཕྱོགས་སུ་ཚུལ་ཁྲིམས་ཙན་དན་ངད་ལྡང་ཚ་གདུང་མནར་བའི་སྐྱེ་བོའི་ཚོགས། །ཞི་བསིལ་བདེ་བའི་དགའ་སྟོན་ལ་འགོད་བདེ་བའི་འབྱུང་གནས་ཁྱེད་ལས་སུ། །བཟང་ལ་ཟླ་བྲལ་གཞན་ཕན་བློ་ཡི་ཆུ་གཏེར་ཞི་མེད་དགུང་དུ་འཕྱུར། །གནོད་ལ་འཁུ་བའི་མ་རུང་དགྲ་ཡང་འཁུ་ལན་བྱམས་སྙིང་བདུད་རྩིའི་རྒྱུན། །འབེབས་མཛད་འགྲོ་རྣམས་ཞི་བའི་ལམ་དུ་འགོད་མཁས་འགྲོ་བའི་གཉེན་གཅིག་གང་། །ཞི་བདེའི་མཚན་གྱི་ཅོད་པན་རབ་གསོལ་གྲགས་དཀར་བ་དན་ཕྱོགས་ཀུན་གཡོ། །ཁྱེད་སྐུ་བརྗིད་པ་ཉི་མའི་དཀྱིལ་འཁོར་འཛིན་མའི་མཁའ་ལ་རྟག་བཞུགས་ནས། །རྣམ་མང་འགྲོ་བའི་སེམས་ཀྱི་ཤེ་མུན་གཏན་བརླགས་བྱེད་པའི་སྣང་བ་ཆེ། །མ་སྨད་དུས་ཀུན་ཕྱོགས་བཅུར་སྤྲོ་བཞིན་ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་སྐུ་ཚེའི་ལྷ་དར་དཀར་པོ་བསྐལ་བའི་བར་དུ་སྲིངས་ཤིག་གུ །