ནགས་ཤོད་སྐལ་རྒྱན།
བསླབ་ལ་བརྩོན་པའི་གང་ཟག་གིས། །
དང་པོ་ང་རོ་རྣམས་ལ་སྦྱངས། །
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །
ཀློག་གི་ཆེད་དུ་བསླབ་པ་ཡིན། །
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །
མཉན་བསམ་བསྟན་པའི་དོན་དུ་སྦྱར། །
ཞེས་བསླབ་པའི་རིམ་པ་ཇི་ལྟར་བསྟན་པ་བཞིན། དབྱངས་གསལ་གྱི་ང་རོ་དང་། སྒྲའི་སྐྱེ་གནས། དེ་བཞིན་མགོ་འདོགས་བརྩེགས་གསུམ། སྔོན་རྗེས་མིང་གསུམ། སུམ་རྟགས་དག་གསུམ་སྐོར་གྱི་ཡིག་མཛོད་དམ་དེབ་ཐེར་ཇི་སྙེད་ཅིག །བོད་གངས་ཅན་ལྗོངས་སུ་དར་ཁྱབ་རྒྱ་ཆེར་བྱུང་བའི་ནང། ར་ལ་ས་གསུམ་གྱི་མགོ་དང་། ཡ་ར་ལ་ཝ་བཞིའི་འདོགས་ཇི་ལྟར་བཟོས་མིན་སྐོར་ཁ་གསལ་ཡོད་ངེས་ཀྱང་ཁོ་བོས་མཇལ་སྐལ་མ་བྱུང། སུམ་ཅུ་པར་ཨི་ལྡན་འཆད་སྐབས། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །ཞེས་དང་། ལྷག་མ་རྣམས་ལ་གྱ་སྦྱར་བ། །ཞེས་ཀྱ་དང་གྱ་གཉིས་ཨི་དང་མཐུན་ལུགས་ཙམ་ལས། ཀྱ་དང་གྱ་གཉིས་ཇི་ལྟར་གྲུབ་ཚུལ་སྐོར་གསུངས་མེད། རྩ་གཞུང་གཉིས་སུ་དེ་དག་ཇི་ལྟར་བཟོས་མིན་གསལ་ཁ་མ་གཏོད་པས། བདག་ལ་མཚོན་ན་འདི་དག་དཔྱད་རྒྱུ་དཀའ་བའི་གནས་སུ་འདུག་མོད། འོན་ཏང་དམངས་ཁྲོད་ཀྱི་ཡུལ་སྐད་ལ་བརྟེན་ནས་ཡ་བཏགས་བདུན་ཇི་ལྟར་བཟོས་མིན་སྐོར་ཅུང་ཙམ་དཔྱད་ན། དེ་ཡང་ཡ་བཏགས་བདུན་གྱི་གཟུགས་དང་། སྒྲ་གཏན་འབེབས་ཇི་ལྟར་བྱས་མིན་བཅས་ཀྱི་སྐོར་ནས་གླེང་རྒྱུ་ཡིན།
དང་པོ་ཡ་བཏགས་བདུན་གྱི་རྩ་བའི་གཟུགས་གཞི་ནི། ཀ་ཁ་ག་གསུམ་དང་། པ་ཕ་བ་མ་བཞི་བཅས་ཀ་སྡེ་དང་། པ་སྡེ་གཉིས་ཀྱི་གསལ་བྱེད་བདུན་གཞིར་བཟུང་ནས་དེ་རྣམས་ལ་ཡ་རེ་བཏགས་པས། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། བཅས་ཀྱི་དབྱིབས་གཟུགས་འདི་གྲུབ་ཡོད།
གཉིས་པ་དེ་དག་གི་སྒྲ་གཏན་འབེབས་བྱས་ཚུལ་ནི། ཡ་བཏགས་བདུན་ལས། ཀྱ་ཁྱ་གྱ་གསུམ་གྱི་སྒྲ་ནི། ཅ་ཆ་ཇ་གསུམ་གྱི་སྒྲ་དང་མཐུན་པར་སྦྱར་བ་སྟེ། ཀྱ་ནི་ཅ་དང། ཁྱ་ནི་ཆ་དང་།
གྱ་ནི་ཇ་དང་སྦྱར་ནས་བཟོས་ཡོད་པ་ནི། རྟགས་འཇུག་ལས། ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཞེས་པ་དང་མཚུངས་པར། ཀྱ་སོགས་གསུམ་ནི་ཅ་སོགས་སྦྱར། །ཞེས་བརྗོད་ན། སྒྲ་དོན་ལ་འབྱོར་བ་མ་ཟད་སྐད་གསར་བཅད་དང་མཐུན་འདུག །དེ་བཞིན་པྱ་ཕྱ་བྱ་གསུམ་ཡང་། ཅ་ཆ་ཇ་གསུམ་གྱི་སྒྲ་དང་མཐུན་པར་སྦྱར་ཡོད། འོན་ཀྱང་ཡུལ་སྐད་དང་སྒོ་བསྟུན་ནས་བསམ་གཞིག་བྱས་ན་དོགས་གཞི་གཞན་ཞིག་འབྱུང་སྲིད་པ་ནི། པྱ་ཕྱ་བྱ་གསུམ་གྱི་སྒྲ་གཏན་འབེབས་སྐབས། ཙ་ཚ་ཛ་གསུམ་དང་སྒྲ་མཐུན་དུ་བཟོས་པ་ལྟ་བུ་ཡོད་པ་ནི། སྔོན་དུས་ཀྱི་ཡུལ་སྐད་མ་ཉམས་པའི་ཁམས་ཁུལ་འགའ་ཞིག་ཏུ། པྱ་ཡིག་སྐབས་སུ། དུས་ཀྱི་དཔྱིད་ཀ་ལ་ཙིད་ཀ་དང། ལུས་ཀྱི་དཔྱི་མགོ་ལ་ཙི་མགོ་དང་། གཅན་ཟན་སྤྱང་ཁུ་ལ་ཙང་ཁུ་དང་། དགོན་པའི་སྤྱི་སོ་ལ་ཙི་སོ་ཞེས་སོགས་དང་། ཕྱ་ཡིག་སྐབས་སུ། ཕྱག་མ་ལ་ཚག་མ་དང་། ཕྱག་འཚལ་བ་ལ་ཚག་འཚལ་བ་དང་། ཕྱི་ལོགས་ལ་ཚི་ལོགས་ཞེས་བརྗོད་པ་སོགས་ཀྱིས་མཚོན་ཡོད།
བྱ་ཡིག་མ་གླེངས་གོང་ཟ་དང་ཛ་གཉིས་ཀྱི་སྒྲ་ཅུང་ཙམ་བཤད་དགོས་པ་ལྟ་བུ་མཐོང་བས་དེའི་ཚུལ་ནི། ཟ་དང་ཛ་གཉིས་ཁ་ཕྱོགས་མི་མཐུན་ཙམ་ལས་སྒྲ་གཟུགས་འདྲ་བའི་ཆ་ནས་སྔོན་དུས་སུ་གང་བདེར་བཀོལ་བ་ནི། ཟེར་ཞེས་པ་ལ་འཛེར་ཞེས་བཀའ་བསྟན་ལས་ཡང་ཡང་ཐོན་པ་དང་། ཟླ་ལ། ཟླ་དང་། བླ་དང་། རྫ་ཞེས་སྒྲ་སོ་སོར་བརྗོད་ནས་མཚན་མོའི་མགོན་ལ། ཟླ་བ་དང་། བླ་བ་དང་།
རྫ་བ་ཞེས་བརྗོད་པ་དང། དེ་ལ་བརྟེན་ནས་ཟླ་ཆུ་དང་། རྫ་ཆུ་དང་། བླ་ཆུ་ཞེས་ཆུ་བཞིའི་ཡ་གྱལ་གྱི་ཆུ་བོ་གཅིག་ལ་མིང་དང་དག་ཆ་མི་མཐུན་པ་དུ་མ་འབྱུང་བཞིན་ཡོད། དེའི་རྒྱུ་མཚན་ནི། ལ་བཏགས་དྲུག་ག་སྒྲ་མཚུངས་པར་བསམས་ནས་བླ་ཞེས་འབོད་པ་དང་། ཟ་ལ་བཏགས་ལོགས་སུ་བཀར་ནས་མདའ་ཞེས་བརྗོད་པ་དང་། ཛ་ལ་བཏགས་ཀྱི་དབང་དུ་བྱས་ནས་རྫ་ཞེས་བརྗོད་པ་མིན་ན་སྙམ། དེས་ན་ཟ་དང་ཛ་གཉིས་གང་བདེར་བཀོལ་གྱི་ཡོད་པ་ཁོང་དུ་ཆུད་ན་བྱ་ཡིག་ཛ་ལ་སྦྱར་ཚུལ་གླེང་ན་གོ་བ་བདེ་བླག་ཏུ་རྙེད་ངེས་སོ། །
བྱ་ཡིག་སྐབས་སུ། ནམ་མཁའི་བྱ་ལ་ཟ་དང་། བྱང་ལ། ཟང་དང་། བྱིས་པ་ལ། ཟིས་པ། བྱེད་པ་ལ། ཟེད་པ་ཞེས་འབོད་པ་བཞིན། དེའི་བརྡས་དྲངས་ན། བྱ་ལ་ཛ་དང་། བྱང་ལ་ཛང་དང་། བྱིས་པ་ལ། ཛིས་པ། བྱེད་པ་ལ། ཛེད་པ། ཞེས་བརྗོད་ན་སྒྲ་མཐུན་ཉེ་བར་གནས་པ་མ་ཟད། ཡུལ་སྐད་འགའ་ཞིག་ཏུ། སྦྱིན་པ་ལྟ་བུ་ལ་རྫིན་པ་ཞེས་བརྗོད་ཀྱི་ཡོད་པ་སོགས་ཀྱིས་མཚོན་ཡོད།
རྒྱུ་མཚན་དེ་ལྟར་ན་ལ་བཏགས་སྐབས་སུའང་ཟ་དང་ཛ་གཉིས་ལ་གང་བདེར་འོག་ནས་ལ་འདོགས་སྲིད་པ་ལྟ་བུ་འདུག་མོད། ཛ་ལ་ལ་བཏགས་པ་ད་བར་མ་མཐོང་བས་ཞུ་སྤོབས་ག་ལ་མཆིས། གཞན་མཚན་མོའི་མགོན་ལ་ཟླ་བ་དང་རྫ་བ་ཞེས་བརྗོད་ཚུལ་མི་མཐུན་པ་འབྱུང་སྟངས་ལ་བསམ་ན། ཛ་ལ་བཏགས་སྟེ། ཛླ་རྫ་ཞེས་བྱུང་བ་མིན་ནམ་སྙམ་མོ། །སྤྱིར་བཏང་། པྱ་ཕྱ་བྱ་གསུམ་ཙ་སོགས་གསུམ་ལ་སྦྱར་ན། རྟགས་འཇུག་གི་དགོངས་པ་ལྟ་བུ་མཐོང་བས། དེའི་དབང་གིས་པྱ་ཕྱ་བྱ་གསུམ་ཅ་སོགས་གསུམ་གྱི་སྒྲ་ལ་སྦྱར་བ་དང་། ཙ་སོགས་གསུམ་གྱི་སྒྲ་ལ་སྦྱར་བའི་ལུགས་གཉིས་སུ་བྱུང་བ་ཡང་ཡིན་སྲིད། གང་ལྟར་ང་ཚོས་སྟོད་ཀྱི་ཅ་ཆ་ཇ་གསུམ་དང་། སྨད་ཀྱི་ཞ་ཟ་འ་གསུམ་ཞེས་གླེང་གཞི་ངོ་མཚར་ཅན་ཞིག་བཤད་བཞིན་ཡོད་པས། དེའི་བྱུང་རིམ་དང་སྒྲ་གཟུགས་ཀྱི་འགྱུར་ལྡོག་སྐོར་ཞིབ་མོའི་ལུགས་སུ་དཔྱད་དགོས་པ་ལྟ་བུ་འདུག་མོད། དུས་དེབ་ཀྱི་ས་ཁྱོན་དང་ཡིག་ཚོགས་ལ་འཇིགས་ནས་རེ་ཞིག་མ་སྤྲོས་སོ། །
མདོར་ན། སྔོན་དུས་སུ། ཀྱ་ཁྱ་གྱ་གསུམ་གྱི་སྒྲ་ནི། ཅ་ཆ་ཇ་གསུམ་གྱི་སྒྲ་དང་མཐུན་པར་སྦྱར་བ་བཞིན། པྱ་ཕྱ་བྱ་གསུམ་གྱི་སྒྲ་ཡང་། ཙ་ཚ་ཛ་གསུམ་གྱི་སྒྲ་མཐུན་སྦྱར་རུང་དུ་ཡོད་པ་རིགས་པས་གྲུབ་འདུག་སྙམ་མོ། །
ལྷག་མ་མྱ་ཡིག་ནི་ཉ་སྒྲ་དང་མཐུན་པར་བཟོས་པ་ནི། རྟག་འཇུག་སྐབས་སུ་ཝ་ནི་བ་དང་སྦྱར་བ་བྱ། །ཞེས་པ་ལྟར། མྱ་ནི་ཉ་དང་སྦྱར་བ་བྱ། །ཞེས་སྦྱར་ན་སུམ་རྟགས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་འདུག་སྙམ། དེ་ལྟར་གོང་དུ། ཅ་ཆ་ཇ་གསུམ་དང་། ཙ་ཚ་ཛ་གསུམ་དང་། ཉ་བཅས་ཀྱི་སྒྲ་བདུན་དང་བསྟུན་ནས། ཀྱ་ཁྱ་གྱ། པྱ་ཕྱ་བྱ། མྱ་བཅས་སྒྲ་བདུན་གཏན་ལ་ཕབ་ཚུལ་བཤད་པ་ནི། མེས་པོ་གོང་མའི་ཡུལ་སྐད་ཀྱི་ཉམས་བཟང་སྐོར་ལ་དཔྱད་པ་ཙམ་ལས། པྱ་ཕྱ་བྱ་གསུམ། ཅ་ཆ་ཇ་གསུམ་གྱི་སྒྲ་སྦྱོར་མི་འགོག་ཚུལ་ཤེས་པར་བྱའོ། །
སྨྲས་པ། མེས་པོ་གོང་མའི་ཞལ་ལུང་སྐད་ཡིག་གཉིས། །
གསལ་བྱེད་བརྡ་སྤྲོད་རིག་པའི་གཞུང་ཀུན་ཏུ། །
ཅུང་ཟད་གབ་པའི་མགོ་འདོགས་བརྩེགས་གསུམ་ལས། །
ཡ་བཏགས་རིན་ཆེན་ནོར་བདུན་གཏེར་ཆེན་པོ། །
ཡུལ་སྐད་བྱིན་ཆེན་འབྱིན་ཐབས་ལ་བརྟེན་ནས། །
ཅུང་ཟད་བཏོན་པ་རིན་ཆེན་ནོར་བུའི་ཕྲེང། །
སྐད་ཡིག་སྨྲ་ལ་རེ་སྐོང་ཙམ་སྤེལ་བ། །
ཐོན་མིའི་དགོངས་པ་མཛེས་པའི་རྒྱན་གྱུར་ཅིག །
༢༠༢༢།༡༡།༦ཉིན་སྤེལ་བའོ། །