སེར་ལྷོ་འཇམ་དབྱངས་མཁས་བཙུན།
སྔོན་གླེང་།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཟིགས་རྒྱང་གིས་བསྐུལ་ཏེ། སློབ་དཔོན་ཐོན་མི་སམྦྷོ་ཊའི་བློ་རིག་རྒྱས་པ་ལས་བོད་ཀྱི་ཡི་གེའི་རྣམ་གཞག་གི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་འདི་བྱུང་ངོ་། །ཡི་གེའི་རྣམ་གཞག་འདི་ལ་སྤྱིར་ཐོན་མི་མཆོག་གིས་སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་པར་གྲགས་ཀྱང་། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ད་ལྟ་ང་ཚོའི་སྤྱོད་ཡུལ་དུ་ཡོད་པ་ནི་སུམ་ཅུ་པ་དང་རྟགས་འཇུག་གི་རྩ་བ་འདི་གཉིས་ཡིན། སུམ་ཅུ་པས་ནི་ཕྲད་དང་རྣམ་དབྱེའི་ཚོགས་འགྲེལ་ཞིང་། རྟགས་འཇུག་གིས་ནི་དབྱངས་གསལ་གྱི་སྒྲའི་འཇུག་ཚུལ་ལས་བརྩམས་ཏེ་བྱ་ཚིག་གི་ཚོགས་འགྲེལ་ལོ། །སྐབས་སུ་བབས་པའི་བརྗོད་དོན་སྙིང་པོ་ནི་བྱ་ཚིག་གི་ཚོགས་ཀྱི་དུས་གསུམ་ཡིན་ལ། འདི་ལས་བརྩམས་པའི་བརྗོད་བྱ་གནད་འགག་ཅན་བྱ་བྱེད་ཐ་དད་མི་དད་པ་ཀྱི་ལས་ཚིག་དང་། དངོས་པོ་བདག་གཞན་དང་། དུས་གསུམ་དང་། བྱ་བྱེད་ལས་གསུམ་དང་། དུས་གསུམ་སྤྱི་བྱེ་བྲག་སོགས་སུ་དབྱེ་བ་ལ་སོགས་པའི་རྣམ་གཞག་མང་པོ་ཡོད་ཀྱང་། དུས་གསུམ་སྤྱི་བྱེ་བྲག་སོགས་ཀྱི་རྣམ་གཞག་ནི་སྐབས་ཀྱི་གླེང་དོན་སྙིང་པོ་དེ་ཡིན། དེ་ཡང་རྣམ་གཞག་འདིའི་བྱུང་རིམ་དང་། དབྱེ་སྒོ། རྟགས་འཇུག་རྩ་བས་བསྟན་ཚུལ། སྒྲ་བཤད། མཇུག་བྱང་བཅས་ས་བཅད་ལྔ་ཡི་སྒོ་ནས་གླེང་ངོ་། །
བྱུང་རིམ།
བོད་ཀྱི་ཡི་གེའི་བྱེད་པོ་ཐོན་མི་སམྦྷོ་ཊ་ནི་ཕྱི་ལོ་ ༦༢༠ ལ་འཁྲུངས་ཤིང་། དགུང་ལོ་བཅོ་ལྔ་སྟེ་ཕྱི་ལོ་ ༦༣༣ ལོར་རྒྱ་གར་དུ་ཆས། ལོ་བདུན་བཞུགས། ཕྱི་ལོ་ ༦༤༦ ལོར་བོད་ཡིག་གསར་དུ་བཟོས། ཕྱི་ལོ་ ༦༥༣ ལོར་སུམ་རྟགས་ཀྱི་རྩ་གཞུང་གཉིས་བརྩམས། ཐོན་མིས་བསྟན་བཅོས་ཆེན་པོ་བརྒྱད་མཛད་པ་ལས་སུམ་རྟགས་གཉིས་ལས་གཞན་མ་དྲུག་ནི་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ནུབ་ནས་དཔེ་མ་བྱུང་། བོད་ཀྱི་བྱ་ཚིག་གི་ཚོགས་གསལ་བར་བྱེད་པ་ལ་སློབ་དཔོན་ཐོན་མིས་རྟགས་འཇུག་གི་གཞུང་མཛད་པ་ཡིན་ཞིང་། དེའི་ནང་ནས་ཀྱང་དུས་གསུམ་གྱི་སྐོར་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་རྩ་བས་བསྟན་ཅིང་། བོད་ཀྱི་བྱ་ཚིག་གི་གྲངས་ལ་མཚོན་ན་ད་ལྟ་བ་གཅིག་པུ་ལའང་སྟོང་ཕྲག་གཅིག་དང་ཕྱེད་ཙམ་ཡོད་པས། དེས་མཚོན་པའི་བྱ་ཚིག་སྟོང་ཕྲག་ལྔ་བརྒལ་བ་དེ་དག་བློ་ངོར་འཆར་བདེ་བའི་ཆེད་དུ་མཁས་པ་རྣམས་ཀྱིས་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ་དང་། ཐོར་བུ་བ་ལ་སོགས་པའི་རྣམ་གཞག་མཛད་དོ། །
གཏེར་ཆེན་ཤེས་རབ་འོད་ཟེར་༡༥༡༦༡༥༧༢གྱིས་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མ་ཞེས་པར་དུས་གསུམ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་ཞེས་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་མཛད་ཀྱང་། དེ་དག་ས་མཐའ་འཐོབ་ཚུལ་གྱི་དབང་དུ་བྱས་ནས་ཡིན་གྱི། སྔོན་འཇུག་འཐོབ་ཚུལ་གྱི་སྒོ་ནས་ནི་མ་ཡིན་ནོ། །ཞིབ་པར་དབྱེ་སྒོ་དང་པོའི་ཐད་ལ་གཟིགས། དབྱེ་ཚུལ་འདི་འདིར་འགོད་དགོས་པའི་རྒྱུ་མཚན་ནི་འདིས་བྱ་ཚིག་སྤྱི་དང་བྱེ་བྲག་གི་རྣམ་གཞག་མཛད་པ་ལ་བརྟེན་ནས། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་དུས་གསུམ་སྤྱི་བྱེ་བྲག་སོགས་གཏན་ལ་འབེབས་པའི་རིགས་པའི་རྣམ་འགྱུར་ཁྱད་དུ་འཕགས་པ་དེའི་རྩ་བ་འདི་ལ་ཐུག་པ་ཡིན་སྲིད་པས་ཡིན།
ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་ཡི་གེའི་དག་སྡེབ་༡༨༩༥ ལོར་མཛདཏུ་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་པ་བཅས་ཀྱི་བརྡ་ཆད་མཛད། འདི་ནི་ཁོང་གི་གསར་གཏོད་དེ། མི་ཉག་བུ་ཕྲུག་གི་རྟགས་འཇུག་སྐབས་ཀྱི་དུས་གསུམ་རྣམ་གཞག་ལས། མི་ཉག་མཁས་དབང་ནོར་བསྟན་གྱིས། །ཡི་གེའི་དག་སྡེབ་སྐོར་ཉིད་ལས། །དུས་གསུམ་འདུམ་བདེ་རིགས་བསྡུའི་དོན། །སྔར་མེད་གསར་བཏོད་མཛད་པ་ཉིད། །ཅེས་འབྱུང་ཞིང་། ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ལས་ཀྱང་ཚོགས་ཤུལ་བླ་མའི་མཛད་པ་འདི་ལ་བསྔགས་པ་མཛད་པས་སོ། །
ཚེ་ཏན་ཞབས་དྲུང་༡༩༡༠༡༩༨༥གི་ཐོན་མིའི་ཞལ་ལུང་ལས་ནི། སྤྱི་དང་། བྱེ་བྲག །ཐོར་བུ་བཅས་ཐ་སྙད་བྱས། བྱེ་བྲག་དང་ཐོར་བུ་ལ་དབྱེ་བ་བཞི་བཞི་མཛད། ཐོར་བུའི་དབྱེ་བ་དེ་དག་ཀྱང་ཚོགས་ཤུལ་བླ་མ་ནོར་བསྟན་གྱིས་ཀྱང་མཛད་འདུག །ཉན་ཤུལ་མཁྱེན་རབ་འོད་གསལ་༡༩༢༥༡༩༩༨གྱི་བྱ་བྱེད་འདས་སྐུལ་བཅས་ཀྱི་དཔེ་བརྗོད་ ༡༩༧༨ ལོར་མཛད་པ་ལས་ནི་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་པ་ཞེས་བརྡ་སྦྱར། མི་ཉག་བུ་ཕྲུག་༡༩༣༠༡༩༩༨གི་རྟགས་འཇུག་སྐབས་ཀྱི་དུས་གསུམ་རྣམ་གཞག་ལས་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། མཉམ་པ་བཅས་ཀྱི་བརྡ་སྦྱར།
རྫོགས་ཆེན་མཁན་པོ་བརྩོན་འགྲུས་ཀྱིས་ཕྱི་ལོ་ ༡༩༧༠ ནང་ལ་དུས་གསུམ་སྤྱིར་བཏང་དང་། བྱེ་བྲག །ཐོར་བུ། ཁྱབ་མཉམ་བཅས་ཀྱི་བརྡ་མཛད་ཅིང་། ཁྱབ་མཉམ་ནི་ཁོང་གིས་གསར་དུ་བསྣན་པའོ། །འགོས་པདྨ་རྒྱལ་མཚན་གྱིས་སྤྱིར་བཏང་དང་། བྱེ་བྲག །ཐོར་བུ། ཁྱབ་མཉམ། ཆ་འདྲ་བཅས་ཀྱི་བརྡ་སྦྱར་ཏེ། ཕྱི་ལོ་ ༡༩༨༠ ནང་ལ་དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་ཁྱབ་མཉམ་བཅས་བཞིའི་སྟེང་དུ་དུས་གསུམ་ཆ་འདྲ་བསྣན་ཅིང་། དེ་དག་ཀྱང་རྟགས་འཇུག་རྩ་བས་དངོས་སུ་བསྟན་ཚུལ་གསུངས། ཁོང་གི་སྐུ་དུས་སུ་དུས་གསུམ་ཆ་འདྲ་བཞེད་མཁན་ཡོད་པར་གསུངས་ཀྱང་། དེ་ནི་འགོས་ཉིད་ཀྱི་བཞེད་པའི་ཚུལ་ལས་བྱུང་བ་ལས་དེ་དག་གི་གསར་གཏོད་མ་ཡིན་ཏེ། ཚུལ་འདི་ནི་འགོས་པདྨ་རྒྱལ་མཚན་ཉིད་ཀྱི་གསར་གཏོད་ཡིན་པར་ཁོང་ཉིད་ཀྱིས་གསུངས་པས་སོ། །པན་གཞུང་ནོར་བུ་བསམ་གྲུབ་ཀྱི་བརྡ་སྤྲོད་སྨྲ་མཁས་ཀྱི་ཞལ་ལུང་ཡི་གེའི་བཤད་པ་དང་སུམ་རྟགས་ཀྱི་དྲི་བ་དྲིས་ལན་རང་མཉམ་བློ་གསར་གཞོན་ནུའི་ཉེར་མཁོ་༡༩༨༧ ལོར་མཛདལས་ནི་དུས་གསུམ་སྤྱི་དང་། བྱེ་བྲག །ཐོར་བུ་བཅས་ཐ་སྙད་སྦྱར། དགེ་འདུན་སྦྱིན་པས་སུམ་རྟགས་དགོངས་འགྲེལ་རིག་པའི་སྣང་བ་ལས་ནི་སྤྱིར་བཏང་དང་། བྱེ་བྲག །ཐོར་བུ། གཟུགས་མི་འགྱུར་བ་བཅས་ཀྱི་བརྡ་སྦྱར། དགེ་བཤེས་སྐལ་བཟང་ཨེ་ལགས་ཀྱིས་སུམ་རྟགས་ལ་འཇུག་པའི་དྲིས་ལན་གསེར་གྱི་ལྡེ་མིག་ལས་ནི་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། ཁྱབ་མཉམ་ཞེས་ཐ་སྙད་སྦྱར།
དབྱེ་སྒོ།
དུས་གསུམ་སོ་སོར་གཙོ་བོར་སྔོན་འཇུག་འཐོབ་ཚུལ་མི་འདྲ་བ་དུ་མ་ཡོད་པའི་དབང་གིས། དེ་དག་སྡེ་ཚན་སོ་སོར་དབྱེ་བར་བྱ་བའི་དོན་དུ་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ་དང་། ཁྱབ་མཉམ་པ་དང་། ཐོར་བུ་བ་སོགས་ཀྱི་རྣམ་གཞག་མཛད་པ་ཡིན། དེ་ཡང་དབྱེ་སྒོའི་ཚུལ་ལ་གཉིས་སུ་དབྱེ་བ་དང་། གསུམ་དུ་དབྱེ་བ་དང་། བཞི་རུ་དབྱེ་བ་དང་། ལྔ་རུ་དབྱེ་བ་དང་། བརྒྱད་དུ་དབྱེ་བ་བཅས་ལྔ་ཡོད།
དང་པོ་གཉིས་སུ་དབྱེ་བ་ནི། སྤྱི་དང་བྱེ་བྲག་གོ ། གཏེར་ཆེན་ཤེས་རབ་འོད་གསལ་གྱིས་དུས་གསུམ་གྱི་བརྡ་སྤྱིར་བཤད་པའི་ལེའུ་དང་། དུས་གསུམ་གྱི་བརྡ་བྱེ་བྲག་བཤད་པའི་ལེའུ་ཞེས་མཛད་ཅིང་། དེ་ཡང་། གཞོམ་བྱ་འཇོམས་བྱེད་བཅོམ་པའོ། །བསྒྱུར་བྱ་སྒྱུར་བྱེད་བསྒྱུར་པའོ། །ཞེས་སོགས་ནི། དེ་ལྟ་བུའི་འདས་ཚིག་རྣམས་ལ། །ས་མཐའ་རྒྱུན་དུ་སྤང་བར་བྱ། །ཞེས་གསུངས་པས། འདས་ཚིག་ལ་ས་མཐའ་མེད་པའི་བྱ་ཚིག་རྣམས་དུས་གསུམ་གྱི་བརྡ་སྤྱིར་བཤད་པའི་ཁོངས་སུ་བསྡུས་ཤིང་། བཟླ་བྱ་ཟློ་བྱེད་བཟླས་ཟློས་ཤིག །ཅེས་དང་། བཟླུམ་བྱ་ཟླུམ་བྱེད་བཟླུམས་ཟླུམས་ཤིག །དེ་སོགས་འདས་བསྐུལ་ཚིག་རྣམས་ལ། །ས་མཐའ་རྒྱུན་དུ་དབང་ཤེས་བྱ། །ཞེས་གསུངས་པས། འདས་པ་དང་བསྐུལ་ཚིག་ལ་ས་མཐའ་ཡོད་པའི་བྱ་ཚིག་རྣམས་དུས་གསུམ་གྱི་བརྡ་བྱེ་བྲག་པའི་ཁོངས་སུ་བཏང་ངོ་། །དུས་གསུམ་གྱི་དབྱེ་སྒོ་འདི་ནི་རྗེས་འཇུག་གམ་ཡང་འཇུག་ས་མཐའ་འཐོབ་ཚུལ་ཉིད་ཀྱི་དབང་དུ་བྱས་པ་ཡིན་གྱི། དབྱེ་སྒོ་གཞན་མ་ལྟར་སྔོན་འཇུག་འཐོབ་ཚུལ་གྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །
གཉིས་པ་གསུམ་དུ་དབྱེ་བ་འདི་ལ་ནང་གསེས་དབྱེ་ཚུལ་གཉིས་ཡོད། དང་པོ་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་སོགས་ནི་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ་བཅས་བཞེད་དོ། །དང་པོ་སྤྱིར་བཏང་བ་ནི། ༡༽བྱ་ཚིག་མ་ནིང་གིས་དང་། ༢༽བྱེད་ཚིག་ལ་སྤྱིར་མོ་ཡིས་དང་། ༣༽པ་སྡེ་ལས་གཞན་པའི་འདས་ཚིག་ལ་ཕོ་ཡིས་འཕུལ་བ་དང་། ༤༽དུས་གསུམ་གྱི་སྒྲ་གདངས་ཐ་དད་པ་དང་། ༥༽མགོ་ཅན་མེད་པར་ངེས་པ་དང་། ༦༽བརྗོད་བདེ་བའི་དབང་གིས་བྱེད་ཚིག་མ་ནིང་ཡང་སྲིད་པ་དང་། ༧༽པ་སྡེ་ལས་གཞན་པ་ལ་འཕུལ་མི་འདྲ་བ་གསུམ་ཡོད་པའོ། །ཚེ་ཏན་ཞབས་དྲུང་དང་། ཉན་ཤུལ་མཁྱེན་རབ་འོད་གསལ། པན་གཞུང་ནོར་བུ་བསམ་གྲུབ། འགོས་པདྨ་རྒྱལ་མཚན། བྲག་སྣེ་མིང་ཆུང་། དགེ་བཤེས་སྐལ་བཟང་ཨེ་ལགས་རྣམས་ཀྱང་ཚོགས་ཤུལ་དང་མཐུན་ནོ། །གཉིས་པ་བྱེ་བྲག་པ་ནི། ༡༽པ་སྡེ་ལས་གཞན་པའི་བྱ་འདས་གཉིས་ཕོ་ཡིས་འཕུལ་བ་དང་། ༢༽འདས་སྐུལ་གཉིས་ལ་ཡང་འཇུག་ཡོད་པར་ངེས་པ་དང་། ༣༽མགོ་ཅན་མང་བ་དང་། ༤༽བྱེད་ཚིག་ལ་འ་ད་ག་འཕུལ་མེད་བཅས་བཞི་པོ་གང་རུང་གིས་ངེས་པ་དང་། ༥༽འཕུལ་ཡིག་མི་འདྲ་བ་གཉིས་ལས་མི་མང་བའོ། །ཚེ་ཏན་ཞབས་དྲུང་ཚོགས་ཤུལ་བླ་མ་དང་མཐུན་ཞིང་། ཉན་ཤུལ་མཁྱེན་རབ་འོད་གསལ་དང་ནོར་བུ་བསམ་གྲུབ་ཀྱང་སྤྱིར་ནས་ཚོགས་ཤུལ་བླ་མ་དང་མཐུན་ན་ཡང་། གོང་གི་ཁྱད་ཆོས་གཉིས་པ་དེ་མི་འདོད་པ་འདྲ་སྟེ། ཉན་ཤུལ་གྱིས་འདས་སྐུལ་ལ་རྗེས་འཇུག་ས་ཡིག་རྐྱང་པ་འཇུག་པ་ཡོད་པར་གསུངས་ཤིང་། ནོར་བུ་བསམ་གྲུབ་ཀྱིས་བགད་པ། དགོད་ཅིག །བསྐོས་པ། སྐོས་ཤིག་ཅེས་པའང་བྱེ་བྲག་པའི་དཔེར་དྲངས་པས་སོ། །གཞན་ཡང་ནོར་བུ་བསམ་གྲུབ་ཀྱིས་བྱེ་བྲག་པའི་བྱེད་ཚིག་ཕལ་ཆེ་བ་འཕུལ་མེད་ཡིན་པའི་གསལ་ཁ་མཛད། གསུམ་པ་ཐོར་བུ་བ་ནི། སྤྱིར་བཏང་བ་དང་བྱེ་བྲག་པ་གཉིས་ལས་གཞན་པའི་བྱ་ཚིག་ཐམས་ཅད་ལ་འདོད་པ་ནི་ཚོགས་ཤུལ་བླ་མ་དང་། ཚེ་ཏན་ཞབས་དྲུང་། ཉན་ཤུལ་མཁྱེན་རབ་སོགས་འདོད་པ་མཚུངས། ཚེ་ཏན་ཞབས་དྲུང་གིས་དྲང་ལྟ་བུ་བྱེ་བྲག་ཕྱོགས་མཐུན་གྱི་ཐོར་བུ་བ་དང་། བརྩད་ལྟ་བུ་ད་མཐའ་ཅན་གྱི་ཐོར་བུ་བ་དང་། བསྐུ་བསྐུས་ལྟ་བུ་འ་ས་གཉིས་བསྲེས་ཀྱི་ཐོར་བུ་བ་དང་། གཏད་གཏོད་གཏད་གཏོད་ལྟ་བུ་བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའི་ཐོར་བུ་བ་བཅས་སྡེ་ཚན་བཞི་རུ་དབྱེ་བ་མཛད། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་ནི་དུས་གསུམ་གྱི་ཚིག་ལ་འཕུལ་མེད་པ་དང་། འཕུལ་ཡོད་ཀྱང་འཕུལ་ཡིག་གཅིག་ལས་མི་འགྱུར་བ་དང་། འཕུལ་ཡིག་མི་འདྲ་བ་གཅིག་ལས་མང་བར་གྱུར་ཀྱང་སྤྱི་དང་བྱེ་བྲག་གཉིས་སུ་མི་གཏོགས་པ་བཅས་སྡེ་ཚན་བཞིར་དབྱེ་བ་མཛད་དོ། །
གཉིས་པ་མི་ཉག་བུ་ཕྲུག་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། མཉམ་པ་བཅས་བཞེད་དོ། །དང་པོ་སྤྱིར་བཏང་བ་ནི། ༡༽སྔོན་འཇུག་མི་འདྲ་བ་གསུམ་འཇུག་པ་སྟེ། དཔེར་ན་དགག་བྱ། འགོག་བྱེད། བཀག་ལྟ་བུའོ། །འདི་ལ་བྱ་ཚིག་༣༡ཡོད་ཅིང་། ༢༽སྔོན་འཇུག་མི་འདྲ་བ་གཉིས་དང་འཕུལ་མེད་གཅིག་ཡོད་པ་ཡང་མི་འདྲ་བ་གསུམ་དང་ལྡན་པའི་ཆ་ནས་སྤྱིར་བཏང་བ་ཡིན་ཞིང་། དཔེར་བརྗོད་ནི་དབོག་བྱ། འབོག་བྱེད། ཕོག་ལྟ་བུའོ། །འདི་ལ་བྱ་ཚིག་ ༡༡ ཡོད་ཅིང་། དུས་གསུམ་སྤྱིར་བཏང་བ་བསྡོམས་ན་བྱ་ཚིག་ ༤༢ ཡོད་པར་གསུངས། གཉིས་པ་བྱེ་བྲག་པ་ནི། སྔོན་འཇུག་གཅིག་དུས་མི་འདྲ་བ་གཉིས་ཉིད་ལ་འཇུག་པ་ལ་བྱ་བར་གསུངས་ཤིང་། །མནན་བྱ། གནོན་བྱེད། མནན། ནོན་ཅིག །ལྟ་བུ་དུས་གསུམ་མཉམ་པའི་ཁོངས་སུ་བསྡུས་པ་ནི་ནང་འགལ་ལོ། །རྩ་བའི། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པ་ལ་དགོངས་ནས་མས་འཕུལ་ཐམས་ཅད་དུས་གསུམ་མཉམ་པའི་ཁོངས་སུ་བསྡུ་བ་ནི་ཁོང་གི་བཞེད་ཕྱོགས་ཡིན་པ་འདྲ། སྤྱིར་མས་འཕུལ་གྱི་བྱ་ཚིག་ད་ལྟ་བ་ཡིན་ན་དུས་གསུམ་ཀར་མས་འཕུལ་བས་ཁྱབ་ཅིང་། མ་འོངས་པ་དང་འདས་པ་གཉིས་ཀྱང་མས་འཕུལ་མིན་ཕར་ཁྱབ་ཚུར་ཁྱབ་ཡིན་ནོ། །བྱེ་བྲག་པ་ལའང་ནང་གསེས། བསྒྲུབ་དང་བསྒྲུབས་ལྟ་བུ་བས་འཕུལ་ ༢༤༩ དང་། འཁུར་བྱ་འཁུར་བཞིན་ལྟ་བུ་འས་འཕུལ་ ༦༤ དང་། དགར་བྱ་དགར་བཞིན་ལྟ་བུ་དས་འཕུལ་ ༡ དང་། གཅད་བྱ་གཅོད་བཞིན་ལྟ་བུ་གས་འཕུལ་ ༣༠ སྟེ། དུས་གསུམ་བྱེ་བྲག་པ་བསྡོམས་ན་བྱ་ཚིག་ ༣༤༤ ཡོད་པར་གསུངས། གསུམ་པ་མཉམ་པ་ནི། ༡༽དུས་གསུམ་གའི་སྔོན་འཇུག་གཅིག་པའམ། ༢༽དུས་གསུམ་གར་སྔོན་འཇུག་མེད་པ་ལ་བྱ་ཞིང་། དུས་གཅིག་ཁོ་ནར་སྔོན་འཇུག་ཡོད་པ་རྣམས་འཕུལ་མེད་མཉམ་པར་བསྡུས། བྱ་འདས་གཉིས་ཁོ་ན་ཤིན་ཏུ་མོས་འཕུལ་བ་རྣམས་མས་འཕུལ་མཉམ་པར་བསྡུས་པར་གསུངས་པ་ནི་ནང་འགལ་ཏེ། སྔོན་འཇུག་གཅིག་དུས་མི་འདྲ་བ་གཉིས་ཁོ་ན་ལ་འཇུག་པ་བྱེ་བྲག་པའི་དོན་དུ་གསུངས་པས་སོ། །དུས་གསུམ་མཉམ་པ་ལའང་ནང་གསེས། གཅུ་གཅུ་གཅུས་ཟིན་ལྟ་བུ་གས་འཕུལ་ ༥༦ དང་། དཀྲི་དཀྲི་དཀྲིས་ཟིན་ལྟ་བུ་དས་འཕུལ་ ༣༢ དང་། བཀུ་བཀུ་བཀུས་ཟིན་ལྟ་བུ་བས་འཕུལ་ ༧༨ དང་། མཁས་མཁས་མཁས་ཟིན་ལྟ་བུ་མས་འཕུལ་ ༣༤ དང་། འཁྱུད་འཁྱུད་འཁྱུད་ཟིན་ལྟ་བུ་འས་འཕུལ་ ༡༦༦ དང་། ཁྱབ་ཁྱབ་ཁྱབ་ཟིན་ལྟ་བུ་འཕུལ་མེད་ ༢༩༠ ཡོད་ཅིང་། དུས་གསུམ་མཉམ་པ་བསྡོམས་ན་བྱ་ཚིག་ ༦༥༦ ཡོད་ལ། འདིས་བྱ་ཚིག་གི་བརྒྱ་ཆ་ ༦༠ ལྷག་ཟིན་ཡོད། བྱ་ཚིག་ཀུན་བསྡོམས་ན་ ༡༠༤༢ ཡོད་གསུངས།
གསུམ་པ་བཞི་རུ་དབྱེ་བ་འདི་ལ་ནང་གསེས་དབྱེ་ཚུལ་གསུམ་ཡོད་པ་ལས། དང་པོ་རྫོགས་ཆེན་མཁན་པོ་བརྩོན་འགྲུས་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། ཁྱབ་མཉམ་པ། ཐོར་བུ་བ་བཅས་བཞེད་ཅིང་། ཁོང་ནི་བཞི་རུ་དབྱེ་བའི་དང་པོའི་སྲོལ་འབྱེད་དུ་གྲགས་སོ། །དེ་ཡང་དང་པོ་སྤྱིར་བཏང་བ་ནི། ༡༽སྔོན་འཇུག་མ་ནིང་གཉིས་ཀྱིས་མ་འོངས་པ་དང་། ༢༽སྔོན་འཇུག་མོ་གཉིས་ཀྱིས་ད་ལྟ་བ་དང་། ༣༽སྔོན་འཇུག་ཕོ་ཁོ་ནས་འདས་པ་དང་། ༤༽ད་ལྟ་བ་ལ་ས་ཡང་འཇུག་དང་། ༥༽འདས་པ་ལ་ས་ཡང་འཇུག་གཏན་ནས་མི་འཐོབ་པའོ། །གཉིས་པ་བྱེ་བྲག་པ་ནི། ༡༽མགོ་ཅན་གྱིས་ཁྱབ་པ། ༢༽འདས་ལ་བས་འཕུལ་ཞིང་ཡང་འཇུག་ཡོད་པ། ༣༽མ་འོངས་པ་ལ་བས་འཕུལ་ཞིང་ཡང་འཇུག་མེད་པ། ༤༽ད་ལྟ་བ་ལ་འཕུལ་དང་ཡང་འཇུག་གཉིས་ཀ་མེད་པ། ༥༽སྐུལ་ཚིག་ལ་འཕུལ་མེད་ཀྱང་ཡང་འཇུག་ཡོད་པའོ། །གསུམ་པ་ཁྱབ་མཉམ་པ་ནི། དུས་གསུམ་ག་ལ་སྔོན་འཇུག་གཅིག་གྱུར་འཐོབ་ཅིང་། རྗེས་འཇུག་ལ་འགྱུར་བ་ཡོད་ཀྱང་སྲིད་པའོ། །འདིའི་དཔེར་བརྗོད་དུ་ཤིན་ཏུ་མོ་དང་མ་ནིང་བཅས་ཀྱིས་འཕུལ་བ་ཁོ་ན་བཞག་འདུག་མོད། བྱ་བྱེད་ཐ་དད་པའི་བྱ་ཚིག་སྔོན་འཇུག་ལ་འགྱུར་བ་མེད་པ་གཞན་རྣམས་ཀྱང་འདིའི་ཁོངས་སུ་འདུའོ་སྙམ། བཞི་པ་ཐོར་བུ་བ་ནི། སྤྱིར་བཏང་བ་དང་བྱེ་བྲག་པ་དང་ཁྱབ་མཉམ་པ་བཅས་གང་གིའང་ནང་དུ་མི་འདུ་བ་མཐའ་དག་གོ ། དབྱེ་བ་འདི་དག་ནི་བྱ་བྱེད་ཐ་དད་པའི་དུས་གསུམ་གྱི་དབང་དུ་བྱས་ཤིང་། བྱ་བྱེད་ཐ་མི་དད་པ་རྣམས་ཟུར་དུ་བཏོན་ཏེ་བཤད་འདུག་གོ །
གཉིས་པ་མདོ་སྨད་པ་དགེ་འདུན་སྦྱིན་པ་༡༩༣༦། ༡༠། ༢༥ལ་འཁྲུངསནི། སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། གཟུགས་མི་འགྱུར་བ་བཅས་བཞེད་ཅིང་། དང་པོ་སྤྱིར་བཏང་བ་ནི། དུས་གསུམ་ལ་སྔོན་འཇུག་མི་འདྲ་བ་གཉིས་སམ་གསུམ་གང་རུང་འཐོབ་པ་ལ་བྱའོ། །གཉིས་པ་བྱེ་བྲག་པ་ནི། ༡༽ད་ལྟ་བ་ལ་སྔོན་འཇུག་དང་ཡང་འཇུག་གང་ཡང་མེད་ཅིང་། ༢༽འདས་པ་ལ་ཕོས་འཕུལ་ཞིང་ཡང་འཇུག་ཡོད་ལ། ༣༽མ་འོངས་པ་ལ་བས་འབུལ་ཡོད་ཀྱང་ཡང་འཇུག་མེད། ༤༽སྐུལ་ཚིག་ལ་འཕུལ་མེད་ཀྱང་ཡང་འཇུག་ཡོད་པའོ། །གསུམ་པ་ཐོར་བུ་བ་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། གཟུགས་མི་འགྱུར་བ་བཅས་གང་ཡང་མིན་པ་ཐམས་ཅད་དོ། །བཞི་པ་གཟུགས་མི་འགྱུར་བ་ནི། དུས་གསུམ་གའི་སྔོན་རྗེས་ཡང་འཇུག་གསུམ་དང་མིང་གཞི་བཅས་གང་ཡང་མི་འགྱུར་བ་ཐམས་ཅད་དོ། །
གསུམ་པ་དགེ་བཤེས་སྐལ་བཟང་ཨེ་ལགས་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། ཁྱབ་མཉམ་པ་བཅས་བཞེད་ཅིང་། དང་པོ་སྤྱིར་བཏང་བ་ནི། ༡༽བྱ་ཚིག་མ་ནིང་གིས་དང་། ༢༽བྱེད་ཚིག་ལ་སྤྱིར་མོ་ཡིས་དང་། ༣༽པ་སྡེ་ལས་གཞན་པའི་འདས་ཚིག་ལ་ཕོ་ཡིས་འཕུལ་བ་དང་། ༤༽དུས་གསུམ་གྱི་སྒྲ་གདངས་ཐ་དད་པ་དང་། ༥༽མགོ་ཅན་མེད་པར་ངེས་པ་དང་། ༦༽བརྗོད་བདེ་བའི་དབང་གིས་བྱེད་ཚིག་མ་ནིང་ཡང་སྲིད་པ་སྟེ། ཚོགས་ཤུལ་བླ་མ་སོགས་དང་མཐུན་པའོ། །འདི་ལ་དུས་གསུམ་སྤྱི་དངོས་དང་། པ་སྡེ་ནས་ཐོན་པའི་དུས་གསུམ་སྤྱིར་བཏང་བ་དང་། བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་བའི་སྤྱིར་བཏང་བ་བཅས་གསུམ་ཡོད་ཅིང་། མིང་གཞི་འགྱུར་ཚུལ་གྱི་ཆ་ནས་བཞི་འགྱུར། སུམ་འགྱུར། ཉིས་འགྱུར། འགྱུར་མེད་བཅས་ཀྱི་སྤྱིར་བཏང་བ་བཞི་ཡོད། གཉིས་པ་བྱེ་བྲག་པ་ནི། ༡༽མ་འོངས་པ་དང་འདས་པ་ཕོས་འཕུལ་བ། ༢༽ད་ལྟ་བ་མ་ནིང་གཉིས་དང་མོ་དང་འཕུལ་མེད་བཅས་བཞི་པོ་གང་རུང་དང་། ༣༽མགོ་ཅན་ལ་བལྟོས་པའི་འཕུལ་ཡིག་མང་བ་དང་། ༤༽འདས་པ་དང་སྐུལ་ཚིག་གཉིས་པོ་ཕལ་ཆེ་བ་ལ་ཡང་འཇུག་འཐོབ་པའོ། །འདི་ལའང་སྔོན་འཇུག་འཐོབ་ཚུལ་གྱི་དབང་ལས་ནང་གསེས་བྱེད་པ་མ་ནིང་འཕུལ་བའི་བྱེ་བྲག་པ་དང་། བྱེད་པ་མོ་ཡིས་འཕུལ་བའི་བྱེ་བྲག་པ་དང་། བྱེད་པ་འཕུལ་མེད་ཀྱི་བྱེ་བྲག་པ་བཅས་གསུམ་ཡོད་དོ། །གསུམ་པ་ཐོར་བུ་བ་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། ཁྱབ་མཉམ་བཅས་གང་དང་ཡང་མི་མཐུན་པའི་བྱ་ཚིག་ཐམས་ཅད་དོ། །འདི་ལའང་ནང་གསེས་བྱ་བྱེད་མོས་འཕུལ་ཞིང་འདས་སྐུལ་ལ་འཕུལ་མེད་པ་དང་། བྱེད་ཚིག་མོས་འཕུལ་ཞིང་གཞན་ལ་འཕུལ་མེད་པ་དང་། དུས་གསུམ་ག་ལ་འཕུལ་མེད་པ་དང་། འཕུལ་ཡིག་ཡོད་ཀྱང་སྤྱི་བྱེ་བྲག་ཁྱབ་མཉམ་གང་དང་ཡང་མི་མཐུན་པ་བཅས་བཞིའོ། །བཞི་པ་ཁྱབ་མཉམ་པ་ནི། སྔོན་འཇུག་གཅིག་ཉིད་དུས་གསུམ་གར་མཉམ་པར་འཇུག་པའོ། །འདི་དང་གཟུགས་མི་འགྱུར་གྱི་བྱ་ཚིག་དང་ཁྱད་པར་ཡོད་དེ། བཟོ་བྱ། བཟོ་བྱེད། བཟོས། བཟོས་ཤིག་ལྟ་བུ་ཁྱབ་མཉམ་ཡིན་ཀྱང་གཟུགས་མི་འགྱུར་བ་མ་ཡིན་ལ། སྨོས་བྱ། སྨོས་བྱེད། སྨོས། སྨོས་ཤིག་ལྟ་ནི་གཟུགས་མི་འགྱུར་ཡིན་ཀྱང་ཁྱབ་མཉམ་མ་ཡིན་པས་སོ། །དེས་ན་ཁྱབ་མཉམ་ཡིན་མིན་ནི་སྔོན་འཇུག་ཁོ་ན་འགྱུར་མིན་ལ་ལྟ་དགོས་ཤིང་། གཟུགས་འགྱུར་མིན་ནི་སྔོན་རྗེས་མིང་གཞི་ཡང་འཇུག་དང་བཅས་པ་ཀུན་ལ་ལྟ་དགོས་པ་ཡིན་ནོ། །
བཞི་པ་ལྔ་རུ་དབྱེ་བ་འདི་ལ་ནང་གསེས་དབྱེ་ཚུལ་བཞི་ཡོད་པ་ལས། དང་པོ་གོང་དུ་བཞི་རུ་དབྱེ་མཁན་དུ་བགྲངས་པའི་རྫོགས་ཆེན་མཁན་པོ་བརྩོན་འགྲུས་ཏེ། ཁོང་གིས་བྱ་བྱེད་ཐ་མི་དད་པའི་དབང་དུ་བྱས་ནས་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། ཁྱབ་མཉམ་པ། ཐོར་བུ་བ་བཅས་བཞི་དང་། བྱ་བྱེད་ཐ་མི་དད་པའི་དུས་གསུམ་གྱི་རྣམ་གཞག་ལོགས་སུ་བཏོན་ཏེ་གསུངས་པས་ལྔར་དབྱེ་བའི་ཁོངས་སུའང་བགྲངས་པ་ཡིན།
གཉིས་པ་དྷ་སྟེང་བོད་ཁྱིམ་གྱི་བོད་དགེ་བྲག་སྣེ་མིང་ཆུང་ནི། བྱེ་བྲག་པ་དང་། སྤྱིར་བཏང་བ། ཐོར་བུ་བ། ཁྱབ་མཉམ་པ། སྣ་ཚོགས་པ་བཅས་བཞེད་ཅིང་། དང་པོ་བྱེ་བྲག་པ་ནི། ༡༽འདས་པ་དང་མ་འོངས་པ་ཕོ་ཡིས་འཕུལ་ཞིང་། ༢༽ད་ལྟ་བ་ལ་སྔོན་འཇུག་མེད་པས་ཁྱབ་བོ། །གཉིས་པ་སྤྱིར་བཏང་བ་ནི། ༡༽མ་འོངས་པ་མ་ནིང་དང་། ༢༽ད་ལྟ་བ་མོའམ་མ་ནིང་། ༣༽འདས་པ་ཕོ་ཡིས་འཕུལ་བའམ་སྔོན་འཇུག་མེད་པ་བཅས་ཀྱིས་ཁྱབ་བོ། །གསུམ་པ་ཐོར་བུ་བ་ནི། ༡༽འདས་པ་དང་མ་འོངས་པ་ཕོ་དང་། ༢༽ད་ལྟ་བ་མོས་འཕུལ་བས་ཁྱབ་བོ། །བཞི་པ་ཁྱབ་མཉམ་པ་ནི། དུས་གསུམ་ག་དང་སྐུལ་ཚིག་བཅས་བཞི་གའི་སྔོན་འཇུག་དང་མིང་གཞི་ལ་འགྱུར་བ་མེད་པས་ཁྱབ་བོ། །ལྔ་པ་སྣ་ཚོགས་པ་ནི། ངེས་མེད་སྣ་ཚོགས་ཀྱི་སྡེའོ། །འདི་ལ་ནང་གསེས་དབྱེ་བ་སྔོན་འཇུག་གཏན་ནས་མེད་མཁན་དང་། དུས་གསུམ་ལ་སྔོན་འཇུག་འགྱུར་བ་མེད་ཀྱང་སྐུལ་ཚིག་ལ་སྔོན་འཇུག་མེད་པ་དང་། ད་ལྟ་བ་ཁོ་ན་ལས་གཞན་ལ་སྔོན་འཇུག་མེད་པ་དང་། མ་འོངས་པ་དང་ད་ལྟ་བ་མོ་ཡིས་འཕུལ་ཡང་གཞན་ལ་སྔོན་འཇུག་མེད་པ་བཅས་བཞི་ཡོད་དོ། །
གསུམ་པ་འགོས་པདྨ་རྒྱལ་མཚན་ནི། སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། ཁྱབ་མཉམ་པ། ཆ་འདྲ་བ་བཅས་བཞེད། དང་པོ་སྤྱིར་བཏང་བ་ནི། ༡༽མ་འོངས་པའི་སྔོན་འཇུག་ལ་མ་ནིང་གཉིས་པོ་གང་རུང་ངེས་པ་དང་། ༢༽ད་ལྟ་བ་ལ་མོ་གཙོ་བོ་དང་མ་ནིང་གཉིས་ཉུང་བ་དང་། ༣༽འདས་པ་ལ་པ་སྡེ་མ་གཏོགས་པར་ཕོ་ངེས་པ་དང་། ༤༽སྐུལ་ཚིག་ལ་སྔོན་འཇུག་ཕལ་ཆེར་མེད་པའོ། །གཉིས་པ་བྱེ་བྲག་པ་ནི། ༡༽མ་འོངས་པའི་སྔོན་འཇུག་ལ་ཕོ་ངེས་ཤིང་ཡང་འཇུག་མེད་པ་དང་། ༢༽ད་ལྟ་བ་ལ་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་མེད་པར་ངེས་པ་དང་། ༣༽འདས་པ་ལ་ཕོ་ངེས་ཤིང་ཕལ་ཆེ་བར་ཡང་འཇུག་ཡོད་པ་དང་། ༤༽སྐུལ་ཚིག་ལ་སྔོན་འཇུག་མེད་ཅིང་ཕལ་ཆེ་བ་ལ་ཡང་འཇུག་ཡོད་པ་དང་། ༥༽འཇུག་ཡུལ་མིང་གཞི་ལ་འགྱུར་བ་མེད་པས་ཁྱབ་པ་དང་། ༦༽འཇུག་ཡུལ་ལ་མགོ་འདོགས་རྐྱང་པ་ཅི་རིགས་པ་ཡོད་པའོ། །གསུམ་པ་ཐོར་བུ་བ་ནི། ༡༽མ་འོངས་པའི་སྔོན་འཇུག་ཕོ་ངེས་པ་དང་། ༢༽ད་ལྟ་བ་ལ་མོ་གཙོ་བོ་དང་མ་ནིང་གཉིས་ཉུང་བ་དང་། ༣༽འདས་པ་ལ་ཕོ་ངེས་པ་དང་། ༤༽སྐུལ་ཚིག་ཕལ་ཆེ་བ་ལ་སྔོན་འཇུག་མེད་པའོ། །བཞི་པ་ཁྱབ་མཉམ་པ་ནི། ༡༽དུས་གསུམ་གྱི་སྔོན་འཇུག་དང་མིང་གཞི་གཅིག་པ་དང་། ༢༽སྐུལ་ཚིག་འགའ་རེ་ལ་སྔོན་འཇུག་མེད་ཀྱང་སྲིད་པའོ། །ལྔ་པ་ཆ་འདྲ་བ་ནི། སྤྱི་དང་བྱེ་བྲག་ཐོར་བུ་ཁྱབ་མཉམ་བཅས་དངོས་མིན་ཡང་། དེ་དག་སོ་སོའི་ཕྱོགས་སུ་ཉེ་བས་ན་ཆ་འདྲ་ཞེས་བྱ་ཞིང་། འདི་ལ་ནང་གསེས་བཞི་སྟེ། ༡༽ཁྱབ་མཉམ་ཆ་འདྲ་ནི་མ་འོངས་པ་དང་ད་ལྟ་བ་སྔོན་འཇུག་མོ་དང་། འདས་པ་དང་སྐུལ་ཚིག་ལ་སྔོན་འཇུག་མེད་ལ། དུས་གསུམ་གར་འཕུལ་མེད་པ་རྣམས་ཀྱང་ཁྱབ་མཉམ་ཆ་འདྲའོ། །༢༽སྤྱི་ཆ་འདྲ་ནི་མ་འོངས་པ་མ་ནིང་གཉིས་པོ་གང་རུང་ངེས་ཤིང་། ད་ལྟ་བ་ཕལ་ཆེ་བ་མོ་དང་རེ་གཉིས་ལ་མ་ནིང་གཉིས་པོ་གང་རུང་དང་། འདས་པ་ལ་ཕོ་ལས་གཞན་པའི་སྔོན་འཇུག་གང་རུང་གིས་ངེས་པ་དང་། སྐུལ་ཚིག་ལ་སྔོན་འཇུག་ཡོད་མེད་ཅི་རིགས་སོ། །༣༽ཐོར་བུ་ཆ་འདྲ་ནི་ད་ལྟ་བ་ལ་སྔོན་འཇུག་མོ་ངེས་ཤིང་། འདས་མ་སྐུལ་གསུམ་ལ་སྔོན་འཇུག་མེད་པས་ཁྱབ་བོ། །འགའ་ཞིག་གིས་འདི་ནི་ཁྱབ་མཉམ་ཆ་འདྲར་འདོད་གསུངས། ༤༽བྱེ་བྲག་ཆ་འདྲ་ནི་མ་འོངས་པ་དང་འདས་པ་གཉིས་སྔོན་འཇུག་གཅིག་པར་ངེས་ཤིང་། ད་ལྟ་བ་དང་སྐུལ་ཚིག་ལ་སྔོན་འཇུག་མེད་པར་ངེས། འདས་སྐུལ་གྱི་སྔོན་འཇུག་ཀྱང་ཕོ་མ་ཡིན་པར་ངེས་ཏེ། བྱེ་བྲག་པ་དང་ཁྱད་པར་འབྱེད་དགོས་པའི་ཕྱིར་རོ། །དཔེར་བརྗོད་དུ་ཤིན་ཏུ་མོའི་འཕུལ་ཅན་མ་གཏོགས་མི་འདུག་པས། འདི་ལྟ་བུའི་མ་ནིང་དང་མོ་ཡི་འཕུལ་ཅན་ཡོད་ན་འདིའི་ཁོངས་སུ་བསྡུ་དགོས་པ་འདྲ།
བཞི་པ་དགེ་བཤེས་སྐལ་བཟང་ཨེ་ལགས་ནི། གོང་དུ་བཀོད་པ་ལྟར་དུས་གསུམ་གྱི་བྱ་ཚིག་མཐའ་དག་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། ཁྱབ་མཉམ་པ་བཅས་སུ་འདུ་བར་བཞེད་པས་བཞི་རུ་དབྱེ་བའི་ནང་དུ་བགྲངས་ཡོད་ཀྱང་། ཁོང་གིས་དུས་གསུམ་མགོ་རྙོག་ཅན་ཞེས་ལོགས་སུ་བཀར་ཏེ་བཤད་པ་མཛད་པས་ན་གོང་གི་བཞིའི་ཐོག་ཏུ་མགོ་རྙོག་ཅན་ཞེས་པ་བསྣན་ཏེ་ལྔ་རུ་དབྱེ་བའི་ཁོངས་སུ་བགྲངས་སོ། །མགོ་རྙོག་ཅན་ཞེས་པ་ནི་བྱ་ཚིག་གཅིག་ཉིད་ཀྱི་དག་ཆ་འབྲི་ཚུལ་ལ་མཁས་པའི་བཞེད་སྲོལ་དུ་མ་ཡོད་པ་ལ་བྱ་བས། འདིའི་བྱ་ཚིག་གང་ཡིན་ཐམས་ཅད་གོང་གི་བཞི་པོ་གང་རུང་དུ་འདུ་བ་ཡིན་མོད། ལོགས་སུ་སྡེ་ཚན་བྱས་པའི་དགོས་པ་ནི་འདི་དག་གི་དག་ཆའི་རྣམ་གྲངས་གོ་བར་བྱ་བའི་ཆེད་དོ། །འགོས་པདྨ་རྒྱལ་མཚན་གྱིས་ཀྱང་སྤྱི་ཆ་འདྲ་དང་བྱེ་བྲག་ཆ་འདྲའི་དཔེར་བརྗོད་ཁག་མཁས་པ་རྣམས་ཀྱི་རྩོད་གཞིའི་རིགས་ཡིན་པར་གསུངས།
ལྔ་པ་བརྒྱད་དུ་དབྱེ་བ་ནི། འགོས་པདྨ་རྒྱལ་མཚན་རྗེས་འབྲང་དང་བཅས་པས་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ། ཁྱབ་མཉམ་པ་བཅས་བཞི་དང་། དེ་དག་སོ་སོར་ཆ་འདྲ་རེ་བཅས་བརྒྱད་དུ་ཡོད་ཅིང་། དེ་དག་ཀྱང་། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་དེ་ཉིད་ཀྱིས་བསྟན་པར་བཞེད།
རྟགས་འཇུག་རྩ་བས་བསྟན་ཚུལ།
དུས་གསུམ་གྱི་རྣམ་གཞག་འདི་དག་ནི་རྟགས་འཇུག་རྩ་བའི་སྐབས་ཀྱི་སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་སྟོན་པའི་སྐབས་ཀྱི་རྩ་ཚིག །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་སྐབས་ནས་འཕྲོས་པ་ཡིན་ལ། གོང་དུ་བཀོད་པ་ལྟར་དུས་གསུམ་གྱི་དབྱེ་སྒོ་ལ་འདོད་ཚུལ་སྣ་ཚོགས་པ་ཞིག་ཡོད་པའི་དབང་གིས། མཁས་པ་རྣམས་ཀྱིས་ཀྱང་རང་གིས་བྱས་པའི་དབྱེ་སྒོ་ཁག་རང་བཟོ་མ་ཡིན་པར། བོད་ཀྱི་ཡི་གེའི་བྱེད་པོ་ཐོན་མི་སམྦྷོ་ཊའི་དགོངས་པར་འབྱོར་ཐབས་སུ་རྟགས་འཇུག་རྩ་བས་དངོས་ཤུགས་ཅི་རིགས་ནས་བསྟན་པར་འགྲེལ་བས། དེ་དག་གི་འགྲེལ་ཚུལ་རྣམས་མཁས་པ་རང་རང་གི་འཁྲུངས་ལོའི་དུས་རིམ་ལྟར་དགོད་པ་ལ། དང་པོ། ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱིས་དུས་གསུམ་སྤྱིར་བཏང་བ་རྟགས་འཇུག་གིས་དངོས་སུ་བསྟན་པར་བཞེད་ཅིང་། བྱེ་བྲག་དང་ཐོར་བུ་དངོས་ཤུགས་གང་ལ་བསྟན་མིན་དང་། སྤྱིར་བཏང་བའང་རྩ་ཚིག་གང་གིས་བསྟན་ཚུལ་གསུངས་པ་ནི་ཁོ་བོས་མ་མཇལ་ལོ། །གཉིས་པ། ཚེ་ཏན་ཞབས་དྲུང་གིས་ནི་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་སྐབས་སུ་དུས་གསུམ་སྤྱིར་བཏང་བ་དང་བྱེ་བྲག་པ་གཉིས་དངོས་སུ་བསྟན་ནས། ཐོར་བུ་བ་ཤུགས་ལ་བསྟན་པར་བཞེད། གསུམ་པ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། ཐོར་བུ་བ་བཅས་ཀྱི་རྣམ་གཞག་གསུངས་ཀྱང་། དེ་དག་རྟགས་འཇུག་རྩ་བས་ཇི་ལྟར་བསྟན་ཚུལ་མ་གསུངས། བཞི་པ། མི་ཉག་བུ་ཕྲུག་གིས་ནི། ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པའི་སྐབས་སྔོན་འཇུག་བ་ག་ད་འ་བཅས་འཇུག་པའི་དུས་གསུམ་བྱེ་བྲག་པ་དངོས་སུ་བསྟན་ནས། ཤུགས་ལ་འཐོར་བ་སྡུད་པའི་དུས་གསུམ་སྤྱིར་བཏང་བ་བསྟན་པ་དང་། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་སྐབས་སུ་དུས་གསུམ་མཉམ་པ་བསྟན་པར་བཞེད། ལྔ་པ། རྫོགས་ཆེན་མཁན་པོ་བརྩོན་འགྲུས་ཀྱིས་རྟགས་འཇུག་རྩ་བས་བསྟན་ཚུལ་མ་གསུངས་ཀྱང་། དཀའ་གསལ་དྲངས་པ་ལས་དུས་གསུམ་བྱེ་བྲག་པ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་དངོས་བསྟན་དང་། ཁྱབ་མཉམ་ནི། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་སྐབས་མས་འཕུལ་གྱི་ཁྱབ་མཉམ་དངོས་སུ་བསྟན་ནས། ག་དས་འཕུལ་བའི་ཁྱབ་མཉམ་ཤུགས་ལ་བསྟན་པར་གསུངས་ཀྱང་། འ་དང་བས་འཕུལ་བའི་ཁྱབ་མཉམ་མ་གསུངས་མོད། ཡོད་པར་བཞེད་དགོས་སོ་སྙམ། །དྲུག་པ། པན་གཞུང་ནོར་བུ་བསམ་གྲུབ་ཀྱིས་དུས་གསུམ་སྤྱི་བྱེ་བྲག་སོགས་རྩ་བས་བསྟན་ཚུལ་མ་གསུངས་ཀྱང་། དཀའ་གསལ་གྱི་འདས་ལ་བས་འཕུལ་ཡང་འཇུག་ཡོད། །ཅེས་སོགས་ཀྱི་ཚིགས་བཅད་གཅིག་དང་ཕྱེད་དེས་དུས་གསུམ་བྱེ་བྲག་བསྟན་པར་གསུངས་པས། རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པས་དུས་གསུམ་བྱེ་བྲག་པ་བསྟན་པར་བཞེད་པ་འདྲ། བདུན་པ། འགོས་པདྨ་རྒྱལ་མཚན་གྱིས་དུས་གསུམ་སྤྱིར་བཏང་བ་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་། ཞེས་དང་། མ་ནིང་གཉིས་ཀ ། ཞེས་དང་། མོ་བདག །ཅེས་པའི་ཚིག་གསུམ་གྱིས་དངོས་སུ་བསྟན། བྱེ་བྲག་པ་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པས་དངོས་སུ་བསྟན། ཐོར་བུ་བ་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་བདག །ཅེས་པས་དངོས་སུ་བསྟན། ཁྱབ་མཉམ་གྱི་ཤུགས་བསྟན་འགྲོ་ཚུལ་བཞིན་དུ་འདིིའི་སྐབས་སུ་ཡང་ད་ལྟ་བ་མོས་འཕུལ་བའི་ཐོར་བུ་བ་དངོས་སུ་བསྟན་ནས་མ་ནིང་གཉིས་ཀྱིས་འཕུལ་བའི་ཐོར་བུ་བ་ཤུགས་ལ་བསྟན་པར་བཞེད་དགོས་སོ། །ཁྱབ་མཉམ་པ་ནི་རྟགས་འཇུག་རྩ་བའི། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པས་ཤིན་ཏུ་མོས་འཕུལ་བའི་ཁྱབ་མཉམ་དངོས་སུ་བསྟན་ནས། སྔོན་འཇུག་གཞན་གྱིས་འཕུལ་བའི་ཁྱབ་མཉམ་རྣམས་ཤུགས་ལ་བསྟན། ཁྱབ་མཉམ་ཆ་འདྲ་ནི་རྟགས་འཇུག་རྩ་བའི། ད་མ་འོངས་ཕྱིར། །ཞེས་པའི་སྐབས་ད་ལྟ་བ་དང་མ་འོངས་པ་གཉིས་ཀ་སྔོན་འཇུག་མས་འཕུལ་བའི་ཁྱབ་མཉམ་ཆ་འདྲ་དངོས་སུ་བསྟན་ཅིང་། དེའི་ཤུགས་ལ་འདས་མ་ད་གསུམ་ལ་སྔོན་འཇུག་མེད་པའི་ཁྱབ་མཉམ་ཆ་འདྲ་བསྟན་ཏོ། །
སྤྱི་ཆ་འདྲ་ནི་རྟགས་འཇུག་རྩ་བའི། མ་ནིང་གཉིས་ཀ ། ཞེས་དང་། མོ་ནི་བདག །ཅེས་པས་དངོས་སུ་བསྟན་པ་ནི་མ་འོངས་པ་མ་ནིང་དང་ད་ལྟ་བ་མོས་འཕུལ་བའི་སྤྱི་ཆ་འདྲ་ཡིན་ལ། རྟགས་འཇུག་རྩ་བའི། མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པས་དངོས་སུ་བསྟན་པ་ནི་མ་འོངས་པ་དང་ད་ལྟ་བ་གཉིས་ཀ་མ་ནིང་གིས་འཕུལ་བའི་སྤྱི་ཆ་འདྲའོ། །དེ་དག་གིས་སྤྱི་ཆ་འདྲའི་འདས་པའི་འཕུལ་བྱེད་ལ་ཕོ་ཡིག་ཡིན་པའི་ཁྱབ་པ་ཤུགས་ལ་བསྟན། ཐོར་བུ་ཆ་འདྲ་ནི་རྟགས་འཇུག་རྩ་བའི། མོ་ནི་བདག་ད། །ཞེས་པས་ད་ལྟ་བ་མོ་ཡིས་འཕུལ་བ་དངོས་སུ་བསྟན་ནས་འདས་པ་དང་མ་འོངས་པ་ལ་འཕུལ་མེད་པ་ཤུགས་ལ་བསྟན། བྱེ་བྲག་ཆ་འདྲ་ནི་རྟགས་འཇུག་རྩ་བས་ཤུགས་ལ་བསྟན་ཏོ། །བརྒྱད་པ། མདོ་སྨད་པ་དགེ་འདུན་སྦྱིན་པས་བསྟན་ཚུལ་གསལ་བར་མ་མཛད། དགུ་པ། མི་ཉག་བུ་ཕྲུག་གིས་དུས་གསུམ་བྱེ་བྲག་པ་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པས་དངོས་སུ་བསྟན་ཅིང་། དུས་གསུམ་མཉམ་པ་ནི་རྟགས་འཇུག་རྩ་བའི། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པས་དངོས་སུ་བསྟན་ལ། དུས་གསུམ་སྤྱིར་བཏང་བ་ནི་གོང་གི་དུས་གསུམ་བྱེ་བྲག་པ་བསྟན་པའི་ཤུགས་ལ་བསྟན་པར་བཞེད། བཅུ་པ། བྲག་སྣེ་མིང་ཆུང་གིས་དུས་གསུམ་བྱེ་བྲག་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་སྐབས་དང་། སྤྱིར་བཏང་བ་ནི་རྟགས་འཇུག་རྩ་བའི། མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པའི་སྐབས་དང་། ཐོར་བུ་བ་ནི་རྟགས་འཇུག་རྩ་བའི། མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པའི་སྐབས་དང་། ཁྱབ་མཉམ་པ་ནི་རྟགས་འཇུག་རྩ་བའི། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་སྐབས་བསྟན་པར་བཞེད་ཅིང་། དེ་དག་ཀྱང་དངོས་བསྟན་གྱི་དབང་དུ་བྱས་པ་འདྲ།
སྒྲ་བཤད།
དུས་གསུམ་སྤྱིར་བཏང་བ། སྔོན་འཇུག་ལྔ་ལས་གསུམ་འཇུག་པས་ན་སྤྱིར་བཏང་བ་ཞེས་བྱ་བར་གསུངས། མི་ཉག་བུ་ཕྲུག་ལྟར་ན་ནི་དུས་གསུམ་བྱེ་བྲག་པ་དང་མཉམ་པ་ལྟར་མ་ཡིན་པར་སྔོན་འཇུག་སྤྱིར་བཏང་སྟེ་ངེས་པ་མེད་པའི་འཇུག་ཚུལ་ཙམ་ཞིག་ཡིན་པའི་ཕྱིར་ན་སྤྱིར་བཏང་བ་ཞེས་བྱའོ། །མནན་བྱ། གནོན་བྱེད། མནན། ནོན་ཅིག །ལྟ་བུ་དུས་གསུམ་མཉམ་པའི་ཁོངས་སུ་བསྡུས་པས། སྒྲ་བཤད་ཙམ་ལ་ཁྱབ་པ་མི་འཆའ་བ་འདྲ།
དུས་གསུམ་བྱེ་བྲག་པ། མི་ཉག་བུ་ཕྲུག་ལྟར་ན་ནི་སྔོན་འཇུག་གཅིག་གིས་དུས་གསུམ་ལས་གཉིས་ཉིད་ལ་བྱེ་བྲག་ཏུ་འཇུག་ཚུལ་སྟོན་པས་ན་བྱེ་བྲག་པ་ཞེས་བྱའོ། །གཉིས་ལ་འཇུག་པའང་གཞན་ལྟར་བྱ་འདས་གཉིས་ཁོ་ན་ལ་བྱ་བ་མ་ཡིན་ཏེ། འཁུར་བྱ་འཁུར་བྱེད་ལྟ་བུ་བྱ་བྱེད་གཉིས་ཙམ་ལ་འཇུག་པའང་བྱེ་བྲག་པ་ཡིན་པས་སོ། །རང་གིས་ནི་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་ཤུགས་བསྟན་ལ་སྔོན་འཇུག་གང་ཞིག་འདས་པ་དང་མ་འོངས་པ་གཉིས་ཁོ་ན་ལ་མཉམ་པར་འཇུག་པ་གང་ཡིན་མཐའ་དག་བྱེ་བྲག་པར་བསྡུ་འོས་པར་མཐོང་སྟེ་རྟགས་འཇུག་རྩ་བའི། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་ཤུགས་བསྟན་ལ་གས་འཕུལ་དང་། དས་འཕུལ་དང་། བས་འཕུལ་དང་། འས་འཕུལ་ཁྱབ་མཉམ་བཅས་ཀྱང་བསྟན་པར་འདོད་དགོས་པ་ལྟར་རོ། །དུས་གསུམ་བྱེ་བྲག་ཅེས་པ་སྔོན་འཇུག་བ་ཡིག་བྱེ་བྲག་ཏུ་འཇུག་པའི་དུས་གསུམ་ལ་བྱེད་པར་ཡོངས་སུ་གྲགས་ཀྱང་། སྔོན་འཇུག་གཅིག་བྱེ་བྲག་ཏུ་འཇུག་པའི་དུས་གསུམ་སྟེ། མཉན་བྱ། ཉན་བྱེད། མཉན། ཉོན་ཅིག་དང་། གདམ་བྱ། འདོམས་བྱེད། གདམས། འདོམས་ཤིག་དང་། མནོ་བྱ། ནོད་བྱེད། མནོས། ནོད་ཅིག་དང་། ལྟ་བུའང་དུས་གསུམ་བྱེ་བྲག་ཡིན་པ་དང་། དེ་ཡང་རྩ་བ་ལས་ཕོ་ཡིག་བྱེ་བྲག་ཏུ་འཇུག་པའི་རྒྱུ་མཚན་སྟོན་པ་ན། དེ་ནི་དུས་འདས་པ་དང་། དངོས་པོ་གཞན་ལ་འཇུག་པའི་ཕྱིར། ཞེས་འབྱུང་བས། དེའི་ཤུགས་ལ་ཤིན་ཏུ་མོ་མ་ཡིག་ལྟ་བུའང་དུས་གསུམ་བྱེ་བྲག་པར་འཇུག་པ་ཡོད་དམ་བརྟག །རྫོགས་ཆེན་མཁན་པོ་བརྩོན་འགྲུས་ཀྱིས་དུས་གསུམ་བྱེ་བྲག་པ་ལ་མགོ་ཅན་གྱིས་ཁྱབ་པར་བཞེད།
དུས་གསུམ་ཐོར་བུ་བ། ཐོར་བུ་བ་ཞེས་བརྗོད་དོན་ནི། སྤྱི་བྱེ་བྲག་གཉིས་དང་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་བས་དེ་ལྟར་བཤད་དོ། །དགེ་བཤེས་སྐལ་བཟང་ཨེ་ལགས་ཀྱིས་ཀྱང་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ། ཁྱབ་མཉམ་གསུམ་དུ་མི་འདུ་བའི་བྱ་ཚིག་ཁ་ཐོར་བའི་སྡེ་ཡིན་པས་ན་ཐོར་བུ་བ་ཞེས་བྱ་བར་གསུངས། མི་ཉག་བུ་ཕྲུག་གིས་སྤྱིར་བཏང་བ་དང་། བྱེ་བྲག་པ། མཉམ་པ་བཅས་གསུམ་དུ་བརྡ་མཛད་པ་ལས་ཁ་ཐོར་དུ་ཡོད་པའི་བྱ་ཚིག་རྣམས་སྤྱིར་བཏང་བའི་ཁོངས་སུ་བསྡུས། བྲག་སྣེ་མིང་ཆུང་གིས་ངེས་མེད་སྣ་ཚོགས་ཀྱི་བྱ་ཚིག་རྣམས་དུས་གསུམ་སྣ་ཚོགས་ཀྱི་ཁོངས་སུ་བསྡུ་བ་མཛད།
དུས་གསུམ་ཁྱབ་མཉམ་པ། མི་ཉག་བུ་ཕྲུག་ལྟར་ན་སྔོན་འཇུག་གཅིག་པུ་དེ་ཉིད་དུས་གསུམ་གར་མཉམ་པར་སྦྱར་དུ་རུང་བའི་ཆ་ནས་མཉམ་པ་ཞེས་བྱ་ཞིང་། དུས་གསུམ་ག་འཕུལ་མེད་པར་མཉམ་པ་རྣམས་ཀྱང་མཉམ་པའི་ཁོངས་སུ་བསྡུའོ། །འོན་ཀྱང་། དགེ་བཤེས་སྐལ་བཟང་ཨེ་ལགས་ལྟར་ན། ཁྱབ་མཉམ་ཞེས་པ་སྔོན་འཇུག་གཅིག་ཉིད་དུས་གསུམ་གར་མཉམ་པར་འཇུག་པ་འདྲ་ན་ཡང་། འཕུལ་མེད་ཀྱི་བྱ་ཚིག་རྣམས་ནི་ཐོར་བུ་བའི་ཁོངས་སུ་བསྡུའོ། །
དུས་གསུམ་ཆ་འདྲ། སྤྱི་དང་བྱེ་བྲག་ཐོར་བུ་ཁྱབ་མཉམ་བཅས་དངོས་མིན་ཡང་། དེ་དག་སོ་སོའི་ཕྱོགས་སུ་ཉེ་བས་ན་ཆ་འདྲ་ཞེས་བྱའོ། །
མཇུག་བྱང་།
ཁོ་བོ་ལ་མཚོན་ན་བརྡ་སྤྲོད་ཀྱི་གཞུང་ལ་ཐོས་རྒྱ་ཆུང་བས་འདི་ལ་དཔྱད་བརྗོད་སྤེལ་བ་སོགས་ཀྱི་སྤོབས་པ་ཤིན་ཏུ་ཞན་མོད། གཙོ་བོ་རང་ཉིད་གནས་འདི་ལ་གོམས་པ་ཅུང་ཟད་ཡོང་བའི་ཆེད་དུ་ཕྱི་ལོ་༢༠༢༢ ལོའི་དཔེ་ཀློག་སྐབས་དུས་གསུམ་སྐོར་ཟིན་བྲིས་ཤིག་བགྱིས། ཕྱི་ལོ་༢༠༢༦ ལོར་ནགས་ལྷ་རྩོམ་སྒྲིག་འགན་འཛིན་མཆོག་ནས་བརྩམས་ཆོས་ཤིག་དགོས་པའི་བསྐུལ་མ་བྱུང་བའི་ངོ་མ་ལྡོག་ཙམ་དུ་སྔར་གྱི་ཟིན་བྲིས་ལ་བསྐྱར་བཅོས་ཅུང་ཟད་བགྱིས་པའོ། །