སེར་ལྷོ་དགེ་བཤེས་ངག་དབང་ཐོགས་མེད།
རང་ཉིད་མི་འཇིགས་རྒྱལ་སར་དབང་བསྒྱུར་ནས། །
འགྲོ་ཀུན་རང་ཉིད་རྙེད་པའི་རྒྱལ་ས་རུ། །
འཁྲིད་མཛད་མཉམ་མེད་ཤཱཀྱ་སེངྒེ་ལ། །
མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །
གསུང་རབ་ཡངས་པའི་པདྨའི་ཚལ་ཆེན་པོ། །
རྒྱས་མཛད་བླ་མ་རྟ་བདུན་དབང་པོ་ཡིས། །
སྐལ་བཟང་བུང་བའི་འདོད་དོན་ལྷུན་གྲུབ་མཛད། །
བཀའ་དྲིན་བསམ་ཞིང་གུས་པས་ཕྱག་འཚལ་ལོ། །
མཁྱེན་བརྩེའི་ནུས་པ་མཐར་ཕྱིན་རྫོགས་སངས་རྒྱས། །
སྲིད་ཞིའི་གདུང་སེལ་ལུང་རྟོགས་དམ་པའི་ཆོས། །
རིག་གྲོལ་བརྒྱད་ལྡན་འཕགས་པའི་དགེ་འདུན་ལ། །
སྐྱབས་སུ་འགྲོ་ཚུལ་ཅུང་ཙམ་འབྲི་བར་བྱ། །
སྐྱབས་འགྲོ་བྱེད་པ་ལ་ཐོག་མར་འདི་ལྟར་བསམ་སྟེ། དེ་ཡང་ང་རང་ཚོ་སྔོན་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་སེམས་ཀྱི་དབང་དུ་སོང་། སེམས་ཉོན་མོངས་པའི་དབང་དུ་གྱུར། ཉོན་མོངས་ཀྱི་དབང་གིས་ལས་བསགས་ནས་སྡུག་བསྔལ་གསུམ་ཅི་རིགས་པ་འགལ་མེའི་འཁོར་ལོ་ལྟར་བར་མཚམས་མེད་པ་མྱོང་དགོས་བྱུང་འདུག་པས། ད་ནས་བཟུང་སྟེ་ཉོན་མོངས་སེམས་དང་བཅས་པ་རང་གིས་དབང་དུ་བསྡུས་ནས། རང་ཡང་བླ་མ་དང་ཆོས་ཀྱི་དབང་དུ་བཏང་ནས། རང་སེམས་ཉོན་མོངས་ལས་ཚུར་འཆོས་པའི་ཆོས་རྣམ་དག་ཅིག་བསྒྲུབས་ནས། རང་གི་སེམས་རྒྱུད་ཉོན་མོངས་དང་གཏན་བྲལ་བྱེད་སྙམ་དུ་ཡིད་དམ་བྱ་དགོས་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། ཞེས་གསུངས་པ་ལྟར། ང་རང་ཚོས་ཐོག་མ་མེད་པ་ནས་བདེ་བ་སྒྲུབ་ཚོད་དང་། སྡུག་བསྔལ་སེལ་བའི་ཐབས་ལ་འབད་བརྩོན་བྱེད་ཚོད་ལ་བསམ་ན། སྡུག་བསྔལ་གཏན་ནས་མེད་པའི་བདེ་སྐྱིད་ཅིག་ཡོང་དགོས་ཚོད་ལ། དེ་འོང་རྒྱུའི་ཚབ་དུ་གཏན་གྱི་བདེ་བ་ཕར་བཞག །འཕྲལ་གྱི་ཟག་བཅས་བདེ་བ་ཡང་དགྲ་ལྟར་བཅོམ་ནས་སྡུག་བསྔལ་གྱི་སྟེང་དུ་རྒྱུག་འགྲོ་བ་ནི། ང་ཚོ་བདེ་སྡུག་གི་རྒྱུ་དགེ་སྡིག་བླང་དོར་ལ་རྨོངས་པའི་གཏི་མུག་མ་རིག་པས་བསྒྲིབས་ཤིང་། དེའི་སྟེང་དུ་ཚེ་འདིའི་སྣང་ཤས་ལ་ཞེན་ཅིང་ཆགས་པའི་འདོད་ཆགས་ཀྱིས་དམ་དུ་བཅིངས་པའི་དབང་གིས། བླང་དོར་ལག་ལེན་ཐམས་ཅད་ནོར་འཁྲུལ་ཅན་ཕྱིན་ཅི་ལོག་པ་ཤ་སྟག་བྱེད་པའི་དུས་རྒྱུན་གྱི་བློ་ངན་འདི་ལ་ཐུག་འདུག་པས་ན། ད་རེས་ནང་གི་རྐྱེན་ཆོས་སྒྲུབ་པའི་ལོང་ཁོམ་ཡོད་པའི་དལ་འབྱོར་གྱི་རྟེན་ཐོབ། དབང་པོ་ཚང་། ཕྱིའི་རྐྱེན་སངས་རྒྱས་ཀྱི་བསྟན་པ་དང་དེ་ཚུལ་བཞིན་སྟོན་པའི་བླ་མ་དང་མཇལ། འདི་འདྲའི་འཛོམས་དཀའ་བའི་མཐུན་རྐྱེན་འཛོམས་པའི་སྐབས་འདིར། བསམ་པ་དང་སྤྱོད་པའི་སྒོ་ནས་དུད་འགྲོ་ལས་ཁྱད་ཐོན་པ་སྐྱེ་བ་གཏན་གྱི་འདུན་མ་ཞིག་མ་བསྒྲུབས་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པའི་མི་ལུས་སྟོང་ཟད་རེད་སྙམ་དུ་སྙིང་ལ་རུས་པ་བཅུག་ནས་ཆོས་རྣམ་དག་སྒྲུབ་པར་ཡིད་དམ་བཅའ།
རྟེན་བཟང་འདི་ཡང་རིང་དུ་མི་གནས་པར་ངེས་པར་ཤི་འགྲོ་བ་དང་། ཤི་བ་དེ་ཡང་ནམ་འོང་ཆ་མེད་ཡིན་པ། ཤི་བའི་མཇུག་ཏུ་མེད་དུ་མི་འགྲོ་བར་སྐྱེ་བ་ལེན་དགོས། སྐྱེ་ས་དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་ནི་མེད། དེ་གང་དུ་སྐྱེ་བ་དེ་ཡང་རང་ལ་གདམ་ཁ་མེད་པར་ལས་བཟང་ངན་གྱི་རྗེས་སུ་འགྲོ་བས། ཚེ་འདིར་སྔར་བསགས་ཀྱི་ལས་ངན་རྣམས་གཉེན་པོ་སྟོབས་བཞིའི་སྒོ་ནས་གཤགས་སྡོམ་མ་ཐུབ། ཕྱི་མར་བདེ་འགྲོར་སྐྱེ་ངེས་ཀྱི་ཆོས་རྣམ་དག་ཅིག་མ་འགྲུབ་ན། ངན་སོང་དུ་སྐྱེ་བ་ཐག་ཆོད་དེ། ངན་འགྲོར་སྐྱེ་བའི་རྒྱུ་ཚོགས་ཚང་ཞིང་། བདེ་འགྲོའི་རྒྱུ་མ་ཚང་བའི་ཕྱིར་སྙམ་དུ་སྤྱིར་འཁོར་བ་སྤྱི་དང་ཡང་སྒོས་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་དཀོན་མཆོག་གསུམ་ལ་སྡུག་བསྔལ་དེ་དག་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་ནས་སྐྱབས་སུ་འགྲོ་དགོས་ན་སྐྱབས་སུ་འགྲོ་ཚུལ་ཇི་ལྟར་སྙམ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་དྲི་བའི་ཚུལ་གྱིས་གསུངས་ལ། ལན་དུ་སློབ་དཔོན་དཔའ་བོས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་རང་ལ་སེམས་ཤིག་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་དང། དེས་བསྟན་པའི་ཆོས། དེ་སྒྲུབ་པའི་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་དགོས་པར་གསུངས་སོ། །
འདི་ལ་དྲུག །སྐྱབས་འགྲོ་དང་དཀོན་མཆོག་གི་སྒྲ་དོན་དང་། རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་དང་སྐྱབས་འགྲོའི་ངོ་བོ། ཡུལ་གང་ལ་སྐྱབས་སུ་འགྲོ་བ། ཇི་ཙམ་གྱིས་སྐྱབས་སུ་སོང་བ། སྐྱབས་སུ་སོང་བའི་ཕན་ཡོན། སྐྱབས་འགྲོའི་བསླབ་བྱ་དང་དྲུག་ལས།
དང་པོ། སྐྱབས་འགྲོ་དང་དཀོན་མཆོག་གི་སྒྲ་དོན།
སྐྱབས་སུ་མཆི་སྐྱབས་སུ་འགྲོ་ཞེས་པའི་སྐྱབས་ཞེས་པ་ནི་གཞི་དང་རྟེན་གྱི་དོན་ཡིན་ལ། འགྲོ་ཞེས་པ་དང་མཆི་ཞེས་པ་ནི་རང་གི་བློ་སྐྱབས་དེ་ལ་འགྲོ་བ་འམ་སོང་བ་ཞུགས་པ་སོགས་ཀྱི་དོན་ཡིན་པས། མདོར་ན་དཀོན་མཆོག་གསུམ་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པའི་གཞི་རྟེན་དུ་བཟུང་ནས་བློ་སྙིང་བྲང་གསུམ་དཀོན་མཆོག་ལ་འགེལ་བའི་དོན་ཡིན་ཏེ། སློབ་དཔོན་ཤེས་རབ་གོ་ཆའི་འཕགས་སྟོད་ཀྱི་འགྲེལ་བ་ལས། སྐྱབས་ཞེས་བྱ་བ་ནི་རྟེན་ཞེས་བྱ་བའི་དོན་ནོ། །དེ་ཡང་གང་ལ་བརྟེན་ན་ཉེས་པར་སྤྱོད་པ་རྣམས་ཟད་པར་འགྱུར་བ་འོ། །ཞེས་དང་། ཡང་དེ་ཉིད་ལས། མཆི་ཞེས་བྱ་བ་ནི་མཆི་ཞིང་ཞུགས་པ་ཞེས་བྱ་བའི་དོན་ཏེ། ཞེས་གསུངས་པའི་ཕྱིར། དཀོན་མཆོག་གི་སྒྲ་དོན་ནི། དཀོན་མཆོག་གསུམ་ཆོས་ཅན། ཁྱོད་ལ་དཀོན་མཆོག་རིན་པོ་ཆེ་ཞེས་བརྗོད་དེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་རྣམ་པ་དྲུག་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། ཆོས་མཐུན་དྲུག་ཡོད་དེ། འཇིག་རྟེན་དུ་འབྱུང་བ་དཀོན། དྲི་མ་མེད། མངོན་ཤེས་ལ་སོགས་པའི་མཐུ་དང་ལྡན། བསམ་པ་དགེ་བའི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཡོན་ཏན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཆགས་སྡང་གི་གཞན་དབང་དུ་མི་འགྱུར་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་སོ། །
གཉིས་པ། རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་དང་སྐྱབས་འགྲོའི་ངོ་བོ།
དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །རང་ཉིད་ལྷག་པར་འཇིགས་པ་དང༌། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། གསུངས་པ་ལྟར། འཇིག་རྟེན་པ་རྣམས་ཀྱིས་འཇིགས་ན་སྐྱབས་དྲན། ཕོངས་ན་གཉེན་དྲན་ཞེས་པ་ལྟར། སྐྱབས་སུ་འགྲོ་བ་ནི་རང་ཉིད་མི་འདོད་པའི་སྡུག་བསྔལ་གང་ཡང་རུང་བ་ཞིག་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་ལྡན་གྱི་མགོན་དཔུང་འཚོལ་བ་ཡིན་པས། རང་ཉིད་སྡུག་བསྔལ་དེ་ལ་འཇིགས་ཤིང་སྐྲག་པའི་བློ་དང་། དེ་ལས་སྐྱོབ་པའི་ནུས་པ་སྐྱབས་དེ་ལ་ཡོད་པར་ཡིད་ཆེས་མེད་ན་དེ་ལ་སྐྱབས་སུ་མི་འགྲོ་བས། ཡུལ་དེ་ལ་སྐྱབས་སུ་འགྲོ་བ་ལ་ངེས་པར་རང་ཉིད་སྡུག་བསྔལ་གང་ལས་ཐར་བར་འདོད་པའི་སྡུག་བསྔལ་དེ་ལ་འཇིགས་པ་དང་། སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་སྐྱབས་ཡུལ་དེ་ལ་ཡོད་པར་ཡིད་ཆེས་པའི་ཡིད་ཆེས་གཉིས་ནི་སྐྱབས་འགྲོའི་རྒྱུའི་གཙོ་བོ་ཡིན་ནོ། །དེས་ན་སྐྱབས་འགྲོའི་ངོ་བོ་ནི། རྒྱུ་གཉིས་པོ་དེ་ལ་བརྟེན་ནས་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་བློ་ལིངས་ཀྱིས་སྒྱུར་ཞིང་དམ་བཅའ་ལ་ཁས་ལེན་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་དེ་ཡིན་ཏེ། སྤྱོད་འཇུག་ལས། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་དུ་བཟང་ལ་བདག་ཉིད་འབུལ། ཞེས་རང་ཉིད་ངན་འགྲོར་དངོས་སུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་སྐྱེས་པའི་ཚེ་དེ་ལས་སྐྱོབ་པའི་སྐྱབས་མེད་ཅིང་བཟློག་ཐབས་མེད་པའི་རྒྱུ་མཚན་དེ་ལྟ་བས་ན། སྲིད་ཞིའི་འཇིགས་པ་དང་བདུད་བཞི་ཕྲ་རགས་ཐམས་ཅད་ལས་རྒྱལ་བ་འགྲོ་བའི་ཚོགས་ཉེ་རིང་མེད་པ་ཀུན་གྱི་སེམས་བརྟན་པའི་གནས་སུ་གྱུར་པའི་མགོན་སྐྱབས་གཅིག་ཏུ་གྱུར་པ། ཕན་བཏགས་མ་བཏགས་པའི་འགྲོ་བ་སྐྱབས་མེད་མགོན་མེད་རྣམས་གནོད་པ་ཐམས་ཅད་ལས་སྐྱོབ་པའི་དོན་དུ་བརྩོན་འགྲུས་བརྩམས་པ་མཐར་ཕྱིན་པ། རང་ཉིད་འཇིགས་པ་ལས་གྲོལ་ཞིང་གཞན་འཇིགས་པ་ལས་སྒྲོལ་བའི་ནུས་མཐུ་ཐོགས་པ་མེད་པ་མངའ་བས་སྟོབས་ཆེན་པོ། མ་བཅོལ་ཡང་གཞན་གྱི་འཇིགས་པ་དང་སྡུག་བསྔལ་མ་ལུས་པ་ཀུན་སེལ་བར་མཛད་པའི་སྐྱབས་བླ་ན་མེད་པ་སངས་རྒྱས་དཀོན་མཆོག་ལ་ཕྱི་བཤོལ་མེད་པར་དེ་རིང་ཉིད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །ཞེས་སངས་རྒྱས་དཀོན་མཆོག་དང་། རྒྱལ་བ་སངས་རྒྱས་དེ་ཡི་ཐུགས་སུ་ཆུད་ཅིང་མངོན་དུ་བྱས་པའི་དམ་པའི་ཆོས་གང་གདུལ་བྱས་རང་རྒྱུད་བསྟེན་ནས་ཉམས་སུ་བླངས་ན་གདུལ་བྱ་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་པའི་གཉེན་པོར་བྱེད་ཅིང་འཁོར་བའི་སྐྱེ་རྒ་ན་འཆིས་གཙོས་པའི་འཇིགས་པ་མཐའ་དག་སེལ་བར་བྱེད་པའི་ཆོས་དཀོན་མཆོག་དང་། འཇིག་རྟེན་ལས་འདས་པའི་འཕགས་པའི་གོ་འཕངས་མངོན་དུ་མཛད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཏེ་དགེ་འདུན་དཀོན་མཆོག་ལ་ཡང་། སྔར་སྨོས་པ་དེ་བཞིན་དུ་དུས་དེ་རིང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཡོ་རྒྱུ་དང་ཐེ་ཚོམ་མེད་པར་ཡིད་ཆེས་ཀྱི་དད་པ་ཡང་དག་པས་སྐྱབས་སུ་མཆིའོ། ཞེས་མདོར་ན་ལམ་རིམ་ཆེན་མོ་ལས། སྐྱབས་སུ་འོས་པའི་རྒྱུ་མཚན་ནི་བཞི་ལས། དང་པོ་ནི། རང་ཉིད་ཤིན་ཏུ་དུལ་བའི་བདག་ཉིད་འཇིགས་པ་མེད་པའི་གོ་འཕང་ཐོབ་པའི་ཕྱིར་ཏེ། དེ་མ་ཐོབ་ན་འགྱེལ་བ་འགྱེལ་བ་ལ་བརྟེན་པ་ལྟར། གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་དགོས་པ་མི་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་མི་སྐྱོབ་པའི་ཕྱིར་རོ། །བཞི་པ་ནི། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མི་མཉེས་ཀྱི། སྒྲུབ་པའི་མཆོད་པས་མཉེས་པའི་ཕྱིར་ཏེ། དེ་མེད་ན་སྔར་ཕན་བཏགས་པ་ལ་བལྟ་བས། ཐམས་ཅད་ཀྱི་སྐྱབས་མི་བྱེད་པའི་ཕྱིར་རོ། །མདོར་ན་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ༌ན་ལ་ཡོད་ཀྱི། དབང་ཕྱུག་སོགས་ལ་མེད་པས། དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང༌། དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །ཞེས་པ་ལྟར་གྱི་ངེས་ཤེས་དང་ཡིད་ཆེས་ཤིན་ཏུ་གལ་ཆེ།
གསུམ་པ། ཡུལ་གང་ལ་སྐྱབས་སུ་འགྲོ་བ།
མདོ་སྡེ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་མི་གྲོལ་གྱིས། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་གསུངས་པ་ལྟར། ཐར་པ་འདོད་པའི་སྐྱེས་བུ་རྣམས་ཀྱི་སྐྱབས་ནི། སྐྱབས་སྟོན་པ་པོ་སངས་རྒྱས་དཀོན་མཆོག །སྐྱབས་དངོས་ཆོས་དཀོན་མཆོག །སྐྱབས་སྒྲུབ་པའི་གྲོགས་དགེ་འདུན་དཀོན་མཆོག་གསུམ་ཡིན་ཏེ། དཔེར་ན། སྙན་གྲགས་ཤིན་ཏུ་ཆེ་བའི་མཐོ་སློབ་ཅིག་ནས་མཐོ་སློབ་དེའི་ལག་འཁྱེར་ཚད་ལྡན་ཞིག་ཐོབ་པ་ལ། གལ་ཆེ་བ་གསུམ། དང་པོ་རང་ཉིད་ཀྱིས་ལག་འཁྱེར་དེ་ཐོབ་པ་ལ། ཤེས་ཚད་དེའི་ཚད་ལོང་བ་བཟོ་དགོས། དེ་ལྟར་ཡོང་བའི་ཆ་རྐྱེན་སློབ་ཁྲིད་གནང་མཁན་དགེ་རྒན་ཤེས་ལྡན་ཞིག་གལ་ཆེ། དེ་ཙམ་གྱིས་མི་ཆོག་པར་མིག་དཔེ་བལྟ་སའི་ཤེས་བརྩོན་སློབ་གྲོགས་མང་པོ་ཡོད་དགོས་པ་གལ་ཆེ། དེ་ཙམ་གྱིས་མི་ཆོག་པར་རང་གི་ངོས་ནས་གལ་ཆེ་བ་སྦྱང་བྱའི་སློབ་དེབ་དེ་ལ་འབད་བརྩོན་ལྷོད་མེད་ཀྱི་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་བ་ཡིན། དེ་གསུམ་ཚང་ན་རང་གི་འདོད་དོན་འགྲུབ་ཐུབ་པ་བཞིན། དཔེ་གཞན་ཡང་། ནད་པ་ཞིག་ནད་ལས་གྲོལ་བ་ལ། གལ་ཆེ་བ་གསུམ་ཚང་དགོས་ཏེ། ནད་ངོ་ཆོད་མཁན་གྱི་ལྷ་རྗེ་མཁས་པ་ཞིག་དང་། ནད་དེ་ལས་གྲོལ་ནུས་གྱི་སྨན་ནུས་ལྡན་ཞིག །ནད་པ་ལ་སྨན་དུས་ཐོག་ཏུ་སྤྲོད་མཁན་གྱི་ནད་གཡོག་གསུམ་གལ་ཆེ། དེ་གསུམ་ཚང་ན་ནད་ལས་གྲོལ་ནུས་པ་བཞིན་ཡིན་ཏེ། སྤྱོད་འཇུག་ལས། ཐ་མལ་ནད་ཀྱིས་འཇིགས་ན་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ན། །དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །གཡང་ས་ཐ་མལ་ཆུང་དུ་ལའང༌། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། རང་ཉིད་སྡུག་བསྔལ་གསུམ་གྱིས་ཉམ་ཐག་པའི་ནད་པ་ཡིན་པ་དང་། དུག་གསུམ་གྱི་གཅོང་ནད་འདི་ལས་ཐར་བར་བྱེད་པའི་ཐབས་སྟོན་མཁན་གྱི་སྨན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནང་བའི་སྨན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་པ་ངོ་འཕྲོད་ཡིད་ཆེས་ནས། རང་ཉིད་དུག་གསུམ་གྱི་གཅོང་ནད་ལས་ཐར་བའི་ཕྱིར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་དགོས་ཏེ། རྗེ་རིན་པོ་ཆེས། སྐྱེ་དགུ་འཇིགས་རུང་འཁོར་བའི་གཡང་ས་རུ། །གྲོགས་མེད་གཅིག་པུ་ཀུན་ཏུ་རྒྱུ་བ་ན། །དཀོན་མཆོག་གསུམ་དང་འདྲ་བའི་སྐྱབས་གནས་མེད། །དེ་ཕྱིར་བསམ་པ་ཐག་པས་སྐྱབས་སུ་སོང་། །ཞེས་ཁམས་གསུམ་གང་རུང་ནས་ཤི་འཕོ་སྟེ་ཁམས་གསུམ་ས་དགུ་གང་རུང་དུ་སྐྱེས་པས་ན་སྐྱེ་དགུ་ཞེས་པ་འམ། ཡང་ན་ལས་ཉོན་གྱི་སྐྱེས་པ་ཡོད་དོ་ཅོག་སྟེ་སྐྱེ་རྒུ་ཞེས་པ་འོ། །ལས་ཉོན་གྱིས་རང་དབང་མེད་པར་ཤི་ནས་ཉམ་ཐག་པའི་འཁོར་བའི་གཡང་ས་འཇིགས་སུ་རུང་བར་ཚེ་འདིའི་ལུས་དང་ལོངས་སྤྱོད་གཉེན་སོགས་ཀྱི་གྲོགས་མེད་པར་རང་ཉིད་གཅིག་པུར་ཀུན་ཏུ་རྒྱུ་བ་ན། སླུ་མེད་དཀོན་མཆོག་གསུམ་དང་འདྲ་བའི་སྐྱབས་གནས་མེད་པས་ན་སྙིང་ནས་བསམ་པ་ཐག་པས་སྐྱབས་སུ་སོང་ཞེས་གསུངས་སོ། །
བཞི་པ། ཇི་ཙམ་གྱིས་སྐྱབས་སུ་འགྲོ་བ།
དཀོན་མཆོག་གསུམ་སོ་སོའི་ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་གྱི་ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ། སངས་རྒྱས་དཀོན་མཆོག་སྐྱབས་སྟོན་པ་པོ། ཆོས་དཀོན་མཆོག་སྐྱབས་དངོས། དགེ་འདུན་དཀོན་མཆོག་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་ཁས་བླངས་པའི་སྒོ་ནས་སྐྱབས་སུ་འགྲོ་བ། དཀོན་མཆོག་གསུམ་ལས་གཞན་མུ་སྟེགས་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འགྲོ་བ་གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་འགྲོ་བ་འོ། །དེ་ལྟར་སྐྱབས་སུ་སོང་བས་དཀོན་མཆོག་གསུམ་གྱིས་ཇི་ལྟར་སྐྱོབ་ཚུལ་ནི། སངས་རྒྱས་ཀྱིས་སྡུག་བསྔལ་ལས་གྲོལ་བའི་ཐབས་བསྟན། ཆོས་ཀྱིས་སྡུག་བསྔལ་ལས་དངོས་སུ་གྲོལ་བར་བྱེད། དགེ་འདུན་གྱིས་སྡུག་བསྔལ་ལས་གྲོལ་བའི་གྲོགས་བྱེད་པ་ཡིན། སྔོན་ལྷའི་བུ་ཤིན་ཏུ་བརྟན་པ་ཞེས་བྱ་བ་འཆི་ལྟས་ཕོག །ཤི་ནས་ངན་འགྲོར་ལྟུང་བའི་མཚན་མ་བྱུང་བས། ཤིན་ཏུ་འཇིགས་ཏེ་ལྷའི་དབང་པོ་བརྒྱ་བྱིན་ལ་ཞུས་ནས་སྐྱབས་འཚོལ་བའི་ཚེ། བརྒྱ་བྱིན་གྱིས་དེ་ལས་སྐྱོབ་པའི་ཐབས་སྟོན་པ་ལ་ཞུ་གྲོགས་བྱེད། སྟོན་པས་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སེམས་གཞན་དུ་མ་གཡེངས་པར་བཟླ་བར་བྱ་འོ་ཞེས་གསུངས། དེ་ནས་བརྒྱ་བྱིན་གྱིས་སྟོན་པའི་བཀའ་ལྟར་རྣམ་རྒྱལ་མའི་གཟུངས་ལྷའི་བུ་ཤིན་ཏུ་བརྟན་པ་ལ་གཏད། ཤིན་ཏུ་བརྟན་པས་ཉིན་ཞག་དྲུག་གི་བར་སེམས་གཞན་དུ་མ་གཡེངས་པར་གཟུངས་སྔགས་བཟླས་པ་ལ་བརྩོན་པས། སྔར་གྱི་འཇིགས་པ་དེ་དག་ལས་ཐར་ནས། ཨ་ལ་ལ་སྟོན་པ། ཨ་ལ་ལ་ཆོས། ཨ་ལ་ལ་དགེ་འདུན། ཞེས་སོགས་དང་སྦྱར་ན། སྟོན་པ་སྐྱབས་སྟོན་པ་པོ་སངས་རྒྱས་དཀོན་མཆོག །རྣམ་རྒྱལ་མའི་གཟུངས་སྐྱབས་དངོས་ཆོས་དཀོན་མཆོག་གི་དོད་དང་། ལྷའི་དབང་པོ་བརྒྱ་བྱིན་སྐྱབས་སྒྲུབ་པའི་གྲོགས་དགེ་འདུན་དཀོན་མཆོག་གི་དོད་ལྟ་བུ་ཡིན། མདོར་ན་རང་ཉིད་སྡུག་བསྔལ་ལས་ཐར་བ་ནི། སྟོན་པ་མ་ནོར་བ་ཞིག་གིས་གསུངས་པའི་ཆོས་མ་ནོར་ཞིག་ལ་ཐོས་བསམ་རྣལ་མ་ཞིག་བྱས་ནས་ཐར་དགོས་ཏེ། ཚོམས་ལས། སྲིད་པའི་ཟུག་ངུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ཞེས་དང་། དེ་བཞིན་དུ་མདོ་ལས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་ཁྱོད་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། ཡིད་ཁྱེད་ཤེས་ཀྱི་བསམ་པས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་བློ་བཀལ་ན་བསླུ་བ་མི་སྲིད་དེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། ཡང་མདོ་ལས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་གསུངས་ལ། དེ་བཞིན་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བས་ངན་འགྲོའི་འཇིགས་པ་ལས་བསྒྲལ་ནས་མཐོ་རིས་སུ་སྐྱེ་བར་གསུངས་པ་གང་ཞིག།སངས་རྒྱས་ཀྱིས་རྫུན་མི་གསུངས་པ་རིགས་པས་གྲུབ་པའི་ཕྱིར།
ལྔ་པ། སྐྱབས་སུ་སོང་བའི་ཕན་ཡོན།
ནང་པ་སངས་རྒྱས་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་བདེ་བླག་ཏུ་གསོག་པ། མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ། ངན་སོང་དུ་མི་ལྟུང་བ། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པ། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་མཐའ་ཡས་སོ། །ཤེས་བྱེད་ལུང་ཅུང་ཟད་བཀོད་ན། ཇི་སྐད་དུ་ཡང་ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང་། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིགས་སོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་སྐྱབས་ཡུལ་སངས་རྒྱས་ཀྱི་སྐུ་མཐོང་བ་སོགས་ཀྱིས་ལོང་བས་མིག་རྙེད་པ་དང་། འོན་པས་སྒྲ་ཐོས་པ་སོགས་མི་དང་མི་མིན་གྱི་འཚེ་བ་ཐམས་ཅད་ལས་སྐྱོབ་པ་དང་། གསུང་རྗེས་དྲན་གྱི་ཆོས་འཕྲུལ་དང་སྐུ་རྫུན་འཕྲུལ་གྱི་ཆོས་འཕྲུལ་འོད་ཟེར་བཏང་བ་སོགས་ཀྱིས་དམྱལ་བའི་སྡུག་བསྔལ་ལས་ཐར་བ་སོགས་ངན་སོང་ལས་སྐྱོབ་པ་དང་། སྐྱབས་འགྲོ་དང་ལས་འབྲས་ལ་བཀོད་ནས་ངན་སོང་དང་མངོན་མཐོའི་ཐབས་མིན་པ་ལས་སྐྱོབ་པ་དང་། བདེན་བཞིའི་ཆོས་བསྟན་པས་འཇིག་ལྟ་ལས་སྐྱོབ་པ་དང་། ཟབ་རྒྱས་ཀྱི་ཆོས་བསྟན་ནས་ཐེག་ཆེན་ལ་བཀོད་དེ། ཐེག་དམན་ལས་སྐྱོབ་པ་སོགས་ཀྱི་ཕན་ཡོན་སོགས་རྒྱུའི་སྐྱབས་ཀྱིས་ཇི་ལྟར་སྐྱོབ་ཚུལ་བསྟན་པའོ། །ཡང་སྐྱབས་འགྲོས་དུས་མིན་འཆི་རྐྱེན་ལས་ལྡོག་པའི་ཕན་ཡོན་དང་ལྡན་ཏེ། ངག་དབང་གྲགས་པའི་འཆི་བ་བླུ་བའི་མན་ངག་ལས། འཆི་བདག་བླུ་བར་འབད་པ་ནི། །དད་པ་ཡིས་ནི་བྱེད་པར་ནུས། །ཞེས་དང་། དེ་བཞིན་གསུམ་ལ་སྐྱབས་འགྲོ་བ། །བསླབ་པ་ལྔ་འམ་བརྒྱད་བསྲུང་ན། །འཆི་བདག་ཐག་ནི་སྲིང་བར་འགྱུར། །ཞེས་འཆི་བ་བླུ་བའི་མན་ངག་མཆོག་སྐྱབས་འགྲོ་དང་ཚུལ་ཁྲིམས་ཡིན་པར་གསུངས་ལ། ཐ་ན་སྐྱབས་འགྲོའི་ཚིག་ཙམ་བཟླས་པས་ཀྱང་མི་མ་ཡིན་གྱི་གནོད་པས་མི་ཚུགས་ཏེ། མི་ཞིག་དགེ་སློང་རྒན་ཞུགས་གཅིག་ལ་ཆོས་ཞུས་ཙ་ན། དགེ་སློང་དེས་ཆོས་མི་ཤེས་པའི་སྡུག་བསྔལ་ཏེ། ཀྱེ་མ་མི་ཤེས་པ་སྡུག་བསྔལ་ལོ་ཟེར་བར། མི་དེས་རྒྱུ་མི་ཤེས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་གསུངས་གདའ་བས། སྡུག་བསྔལ་སྤོང་བར་འདོད་ན་དེའི་རྒྱུ་མ་རིག་པ་སྤང་དགོས་པར་གོ་ནས་དྲིན་ལན་དུ་རས་བཟང་པོ་གཅིག་ཕུལ་བ། རྐུན་པོས་མཐོང་ནས་རྐུར་ཕྱིན་ཏེ་དགེ་སློང་ཁྱོད་སྒོ་ཕྱེ་ཞིག །དེ་རིང་སྦྱིན་བདག་གིས་ཕུལ་བས་རས་དེ་ང་ལ་དགོས་ལབ་པར་དགེ་སློང་གིས་སྒོ་ཕྱེ་ན་ཁྱོད་ནང་དུ་འོང་དོགས་པས་མི་ཡོང་། དེ་བས་སྒོའི་གཡག་ཤིང་གི་བུག་ག་ནས་ལག་པ་གཉིས་ཐོངས་དང་ངས་སྦྱིན་ཟེར་བས། རྐུན་པོས་ལག་པ་བརྐྱངས་པ་དང་ལག་པ་ཐག་པས་བཀྱིགས་ནས་དགེ་སློང་ཕྱིར་དོན་ཏེ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཚིག་རེ་རེའི་སྐབས་སུ་དབྱུག་པ་རེ་བརྒྱབ་ནས་བཏང་བས། རྐུན་པོ་ཡ་མཚར་ཏེ། དཀོན་མཆོག་གསུམ་ལས་མེད་པས་ཆོག་ཅིང་དེ་བས་མང་ན་ང་འཆི་ལ་ཐུག་པར་འདུག་ཅེས་ཟམ་པའི་འོག་ཏུ་སྐྱབས་འགྲོའི་ཚིག་ལད་མོ་བྱས་པར། མི་མ་ཡིན་མང་པོ་ཟམ་པ་དེའི་སྣེ་ནས་འགྲོ་མ་ནུས་སྐད་དང་། མུ་སྟེགས་རླུང་ཞགས་གྲུབ་པ་བྱ་དང་རི་དྭགས་སོགས་ཞགས་པས་བཏབ་ཚད་ཟིན་པ་གཅིག་གིས། ནང་པའི་དགེ་བསྙེན་ཕྱུགས་རྫི་ཞིག་ལ་བཏབ་པས་མ་ཟིན་པར། དགེ་བསྙེན་ཁྱོད་ལ་ཡོན་ཏན་ཅི་ཡོད་དྲིས་པར་སྐྱབས་འགྲོ་ཚིག་གསུམ་འདོན་པ་ལས་གཞན་མེད་ཟེར་སྐད་བྱུང་བ་བཞིན་ནོ། །དགྲ་བཅོམ་གང་པོའི་སྤུན་མཆེད་རྒྱ་མཚོར་གྲུ་གཟིངས་རླུང་གིས་གཏོར་སྐབས་གང་པོ་ལ་སྐྱབས་སུ་སོང་བས་སྐམ་སར་ཐར་བ་དང་། རྗེ་བཙུན་མི་ལས་ཁྱི་ར་བ་མགོན་པོ་རྡོ་རྗེ་དང་། ཁྱི་མོ་གློག་སྐྱ་འཕར་མ་དང་། ཤ་བ་གསུམ་ཀ་མ་བུ་བཞིན་དུ་ཕན་ཚུན་མི་འཚེ་བར་བསྐྱབས་པ་སོགས་ཀྱིས་སྐྱབས་ཀྱི་ནུས་པ་ལ་ངེས་པ་ཅི་འདྲོང་བྱ་དགོས། བླ་མ་དཀོན་མཆོག་ལ་སྐྱབས་སུ་སོང་ན་དེས་ཇི་ལྟར་སྐྱོབ་སྙམ་ན། དཔུང་བཟང་གི་རྒྱུད་ལས། སྐྱེ་བུ་འགའ་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་གྱུར། །ཞེས་དང་། ནི་གུ་ཆོས་དྲུག་ལས། བྱིན་རླབས་བླ་མའི་འཕོ་བ་གཅེས། །ཞེས་གསུངས་པ་ལྟར། ཉམས་ལེན་གཞན་མེད་ཀྱང་འཆི་ཁར་བླ་མ་དྲན་ནས་དད་པའི་ངང་འཆི་རྒྱུ་བྱུང་ན། དད་པ་དེའི་སྟོབས་ཀྱིས་སྐྱེ་གནས་བཟང་པོར་འཕོ་ཐུབ་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། དད་པ་སྔོན་འགྲོའི་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་དཀོན་མཆོག་ལ་དད་པའི་སྐྱབས་འགྲོ། དད་པ་བདེ་བའི་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་བདེ་འགྲོར་འཁྲིད་བྱེད་གསུངས་པ་དང་།
དྲུག་པ། སྐྱབས་སུ་སོང་ནས་བསླབ་པར་བྱ་བ།
སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱའོ། །དང་པོ་སོ་སོའི་བསླབ་བྱ་ལའང་དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱ་གཉིས་ལས། དགག་པའི་བསླབ་བྱ་གསུམ་ནི། མྱ་འདས་ཀྱི་མདོ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པ་ལྟར། ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །བསྒྲུབ་པའི་བསླབ་བྱ་གསུམ་ནི། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །ཅེས་གསུངས་པ་ལྟར་རྒྱུ་ས་ཤིང་རྡོ་སོགས་གང་ལས་བྱུང་བའི་སྐུ་བརྙན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། དམ་པའི་ཆོས་གསུང་རབ་ཀྱི་ཤོག་གྱར་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་དང་། དགེ་འདུན་དྲན་པར་བྱེད་པས་རབ་བྱུང་གི་རྟགས་དང་ཆ་ལུགས་ཡན་ཆད་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་དང་བཅས་གུས་པར་བྱ་དགོས་ཏེ། ལམ་རིམ་ཆེན་མོ་ལས། སྟོན་པ་རིན་པོ་ཆེ་དང་རྣལ་འབྱོར་པ་ཆེན་པོ་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པ་ཡང་མི་འགོམ་པར་སྤྲུགས་ནས་ས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་ཅི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཐུན་མོང་གི་བསླབ་བྱ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ནས་ཡང་ཡང་སྐྱབས་སུ་འགྲོ་བ། དཀོན་མཆོག་ལ་མཆོད་ཅིང་ཅི་བཟའ་ཅི་འཐུང་གི་ཕུད་ཀྱི་མཆོད་པ། བྱ་བ་གང་བྱེད་དང་དགོས་པ་ཅི་འདྲ་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་སོགས་ཡིན། མདོར་ན་དཀོན་མཆོག་གསུམ་ལ་རང་གི་སྲོག་ལས་ཀྱང་གཅེས་པར་བཟུང་བའི་སྒོ་ནས་རྒྱུན་ལྡན་དུ་དྲན་པ་དང་། ཕྱག་དང་མཆོད་པ་ལ་སོགས་པ་གུས་པར་བྱ་ཞིང་། མ་དད་པའི་སེམས་སྐད་ཅིག་ཙམ་ཡང་མི་འབྱུང་བ་ལ་བསླབ་པར་བྱ་སྟེ། དེ་ལྟར་བྱས་པས་བདེ་ལེགས་ཐམས་ཅད་ཀྱི་གཞི་ཚུགས་པར་འགྱུར་བའི་ཕྱིར་རོ། །
འཇིག་རྟེན་པས། ཡུལ་ཡར་ལུང་དུ་བསྡད་ན་ལྷ་ཡར་ལྷ་ཤམ་པོ་གསོ་དགོས་ཞེས་པ་ལྟར། རང་ཉིད་ནང་པར་ཁས་འཆེས་ན། ནང་པའི་འཇུག་སྒོ་སྐྱབས་འགྲོ་ལ་གཅེས་སྤྲས་དང་སྐྱབས་འགྲོའི་དགག་སྒྲུབ་ཀྱི་བསླབ་བྱ་ལ་ཚུལ་བཞིན་སློབ་དགོས་ཏེ། མ་བསླབས་ན་གཞུང་ནས་བཤད་པ་ལྟར་གྱི་སྐྱབས་འགྲོའི་ཕན་ཡོན་རྣམས་མི་འབྱུང་བའི་ཕྱིར་རོ།། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་བཤད་པ་འདིས། །བསྟན་པའི་སྙིང་པོ་ཡུན་དུ་གནས་པ་དང་། །བསྟན་པའི་རྒྱལ་མཚན་བླ་མའི་སྐུ་ཚེ་བརྟན། །བསྟན་པའི་སྦྱིན་བདག་མངའ་མཐོང་དར་བར་ཤོག །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༡ ལ་བྲིས།