མཚམས་པ་བསྟན་འཛིན་ནམ་མཁའ།
ཕྱག་ཞེས་པ་ནི་ལས་ཚིག་ཅིག་ཡིན་པས་མ་གུས་པ་དང་མི་རུང་པ་སོགས་མེད་པའམ་གཙང་མ་བཟོ་བྱེད་ཀྱི་རྣམ་འགྱུར་ཞིག་ལ་གོ་དགོས་པ་ཡིན། དེ་འདྲ་ཡིན་པ། དཔེར་ན། གཞན་ལ་མ་གུས་པ་ཡོང་དོན་ནི་ང་རྒྱལ་དང་ཁེངས་དྲེགས་ཀྱིས་ཡོང་གིན་ཡོད་པས། སེམས་ནང་དུ་དེ་རྣམས་མེད་པ་མཚོན་བྱེད་དུ་ལག་ཐལ་མོ་སྦྱར་བ་དང་ལུས་ཀྱི་དཔྲལ་བ་ས་ངོས་སུ་གཏུགས་པའམ་གུག་གུག་བྱས་པས། ང་རྒྱལ་མེད་པའི་གུས་ལུགས་ཤིག་ཡིན་པས་ལྷ་དང་མི་དཔོན་སོགས་ཕྱག་འོས་རྣམས་ལ་གུས་བཀུར་ཞུས་པའི་ལས་ཚིག་ཅིག་ཡིན། ཕྱག་ནི་ཀུན་ལ་བྱ་ཆོག་པའི་གུས་ཞབས་ཀྱི་རྣམ་པ་ཞིག་ཡིན་པར། རྒྱལ་པོ་དང་རྒྱལ་མོ་སོགས་ལ་ཕྱག་བྱེད་པ། ཡང་ན་དེ་རྣམས་ལ་ཕྱག་ཕུལ་བ་ཟེར་སྲོལ་ཡོད་པ་ལས་ཕྱག་འཚལ་ཟེར་བ་ཉུང་ཉུང་ཡིན། དེ་ནི་དོན་དང་མི་མཐུན་པས་ཡིན་ནམ་སྙམ།
ཕྱག་དང་འཚལ་གཉིས་ཀྱི་ཚིག་སྒྲུབ་འཇུག་ས་གཙོ་བོ་ནི་ནང་ཆོས་ནས་བཤད་པའི་ཡན་ལག་བདུན་པའི་འགོ་ཡི་བྱ་ཚིག་དེ་ཡིན་པར་ངེས། དེ་འདྲ་ཡིན་དུས་འཚལ་ཞེས་པ་ནི། བོར་བ་རྙེད་ཐབས་དང་མ་ཐོབ་པ་འཐོབ་ཐབས་བྱེད་པའི་དོན་ཏེ། དེས་བོར་བ་ག་རེ་རྙེད་ཐབས་བྱེད་ཀྱི་ཡོད་ཟེར་ན་དང་པོར་མདོ་ཚིག་གི་ཕྱག་འཚལ་བའི་གོ་དོན་ནི། དཀོན་མཆོག་གསུམ་ལ་མ་དད་པ་དང་མ་གུས་པ་རྣམས་མེད་པར་ཕྱག་བྱེད་དང་། བཙལ་བྱ་དེ་གསུམ་གྱི་ཡོན་ཏན་རྣམས་རང་ཉིད་ལ་འཐོབ་པར་བྱེད་པའམ་འཐོབ་ཐབས་ལ་འབད་པ་ཞིག་ཡིན། དེ་ཡང་དཀོན་མཆོག་སྤྱི་འདུས་ཀྱི་བདག་ཉིད་གློ་བུར་སྒྲིབ་བྲལ་གྱི་སངས་རྒྱས་དེ་རང་གིས་མངོན་དུ་བྱ་དགོས་པ་ཡིན་པས། དེ་ནི་གློ་བུར་བག་ཆགས་ཀྱི་དྲི་མས་རང་གི་སངས་རྒྱས་དེ་ཉིད་བོར་བའམ་མི་མངོན་པར་བྱས་སོང་བས། དེ་རང་གིས་རྙེད་ཐབས་སམ་རང་ལ་འཐོབ་ཐབས་སུ་ཕྱག་འཚལ་བ་ཡིན་དུས། དང་པོ་ལུས་ཀྱི་བག་ཆགས་ངན་པ་རྣམས་ཕྱག་ནས་སངས་རྒྱས་ཀྱི་སྐུ་རང་ལ་འཚལ་བའི་ཆེད་དུ། ཕྱག་རྒྱ་མགོ་ཐོག་ཏུ་བྱེད་པ་ཡིན། དེས་ལས་ངན་བག་ཆགས་ཀྱིས་འཁྲུལ་བའི་ཕུང་པོ་འདི་དག་པར་བྱས་ནས། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་ཞིག་འཐོབ་ཀྱི་ཡོད་པ་ཡིན། དེ་ནས་ཕྱག་རྒྱ་མགྲིན་པར་བཀོད་པས། ལས་དང་བགས་ཆགས་ཀྱིས་ངན་གོམས་སུ་གྱུར་པའི་འཁོར་བའི་གནས་རིམ་གྱི་གཏམ་ཉོག་ཀུན་ཕྱག་སྟེ། གསུང་དབྱངས་དྲུག་ཅུའི་སྒོ་ནས་དམ་པའི་ཆོས་ཚིག་རྣམས་རང་ལ་འཚལ་གྱི་ཡོད་པ་ཡིན། དེ་བཞིན་ཕྱག་རྒྱ་སྙིང་ཁར་སྦྱར་བས། ལས་ཉོན་བག་ཆགས་ཀྱི་འཁོར་བའི་སེམས་ཁམས་འདི་ཕྱག་ནས། མྱང་འདས་སངས་རྒྱས་ཀྱི་ཐུགས་ཤིག་བསྩལ་ཏེ་སངས་རྒྱས་དང་ཉན་ཐོས་རྣམས་དང་མཉམ་འགྲོགས་བྱེད་པའི་གོ་སྐབས་འཐོབ་ཀྱི་ཡོད་པ་ཡིན།
དེ་ལྟར་ཐེག་ཆེན་བྱང་སེམས་ཀྱིས་གསུངས་པ་ནི། ང་རང་ཚོ་འཁོར་བའི་སེམས་ཅན་རྣམས་ཀྱིས་ལུས་ལ་ལུས་སུ་བཟུང་ནས་དེ་སྐྱིད་ཐབས་དང་བདེ་ཐབས་ཀྱི་འཚོ་བ་ལ་དམིགས་ཏེ། རང་གི་ལུས་འདིའི་དོན་དུ་གཞན་སེམས་ཅན་རྣམས་ཀྱི་ཚེ་སྲོག་གཅོད་པ་དང་། གཞན་གྱི་རྒྱུ་ནོར་རྐུ་བ། གཡོ་ཁྲམ་ངན་པའི་ཐོག་ནས་གཞན་གྱི་ཐོབ་གོ་ས་དང་རྒྱུ་དཔལ་འབྱོར་མིང་སྙན་གྲགས་སོགས་རང་ལ་འཐོབ་ཐབས་ཀྱི་རྫུན་གཏམ་ཤོད་པ། གཞན་ལ་འདོད་པ་མེད་བཞིན་དུ་རང་ཉིད་ཀྱི་བདེ་བའི་དོན་དུ་མི་ཚངས་སྤྱོད་པ་སོགས་རང་གལ་ཆེན་དང་གཞན་སྣང་ཆུང་བྱ་བའི་རིགས་ཀུན་ཕྱག་ནས། རང་པས་གཞན་གཅེས་པར་འཛིན་ཅིང་། སྤྱི་ལས་སྒེར་དང་། ཚེ་འདིའི་དོན་ལས་ཕྱི་མའི་དོན་རིང་བ་དང་། ཚེ་འདིའི་བདེ་སྐྱིད་ལས་གཏན་གྱི་བདེ་སྐྱིད་ཆེ་བ་སོགས་ཀྱི་མིག་རྒྱང་ངམ་དམིགས་ཡུལ་སྒྲུབ་པའི་ཆེད་དུ་གཞན་དོན་ཁོ་ནར་མཛད་པའི་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག འཛིན་མེད་ཆོས་སྐུའི་དབྱིངས་ལས་འགག་མེད་སྤྲུལ་པའི་སྐུ་ཞིག་ཏུ་འགྱུར་བའམ་རང་ལ་འཚལ་བའི་དོན་དུ། ཕྱག་རྒྱ་མགོ་ཐོག་ཏུ་འཇོག་གི་ཡོད་པ་ཡིན། དེ་བཞིན་ངག་གི་སྒོ་ནས་རྫུན་དང་། རྒྱལ་ཁབ། ཁྱིམ་ཚང་།ཁྱིམ་མཚེས་སོགས་མི་མཐུན་པར་འབྱེད་པའི་གཏམ་མམ་སྐད་ཆ་འཆལ་གཏམ་དང་དཀྲོག་གཏམ་བཟོ་བ། དེ་བཞིན་གཞན་ལ་དམའ་འབེབས་བཏང་བ་དང་སྡིགས་གཏམ་ཤོད་པ་སོགས་ངག་ཡོངས་སུ་མ་དག་པའི་ཚིག་རྩུབ་རྣམས་ཕྱག་པར་བྱེད་པའི་ཆེད་དུ། ཕྱག་རྒྱ་མགྲིན་པར་བཞག་ནས། གཞན་ལ་ཕན་པའི་གཏམ་དང་མཐུན་པའི་གཏམ། གཞན་གྱི་ལུས་སེམས་གཉིས་ལ་འདི་ཕྱི་གཉིས་ཀའི་བདེ་སྐྱིད་བསྐྲུན་ཐབས་ཁོ་ན་སྨྲ་ཐུབ་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་གསུང་གི་དངོས་གྲུབ་ཀུན་ཐོབ་ནས་རང་དེ་ལྟར་འགྱུར་བར་འཚལ་གྱི་ཡོད་པ་ཡིན།
དེ་བཞིན་ཡིད་ཀྱི་སྒོ་ནས་མ་དག་པའི་བསམ་པ། སྒེར་སེམས་ཀྱིས་གཞན་ནོར་རང་ལ་ཐོབ་འདོད་ཆེ་ཞིང་རང་ནོར་ལ་གྲོན་ཆུང་དང་བསམ་ཤེས་མེད་པ་དང་། གཞན་ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ་སོགས་མེད་པར་ལྟ་བའི་བསམ་པ་སོགས་མེད་པར་ཕྱགས་ཏེ། གཞན་ཕན། ལྷག་བསམ། ཀུན་བདེ་སོགས་གལ་ཆེན་དུ་འཛིན་པའི་བྱང་ཆུབ་སེམས་ཤིག་བསྩལ་ནས་བྱང་སེམས་རྣལ་མ་ཞིག་ཏུ་འགྱུར་བའི་ཆེད་དུ། ཕྱག་རྒྱ་སྙིང་ཁར་འཇོག་གིན་ཡོད་པ་ཡིན། དེ་ལྟར་དུ་གསང་སྔགས་ནི་ཉོན་མོངས་ཡེ་ཤེས་སུ་སྦྱོར་བའི་ཐབས་ལམ་ཡིན་པས། དེའི་ཉམས་ལེན་གྱི་ཐོག་མའམ་གཙོ་བོ་དབང་ཡིན་པ་རེད། དེ་ཡང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་གསུངས་པ་ལྟར། གསང་སྔགས་ལ་གཞི་ལམ་འབྲས་གསུམ་དབང་གིས་སྒྲུབ་དགོས་པ་ཡིན་དུས། དང་པོར་ཕྱག་རྒྱ་མགོ་ཐོག་ཏུ་བཞག་པས། སྣང་ཚུལ་ལ་ཡོད་པའི་གཟུགས་ཕུང་འདི་ཉིད་སྣང་བ་ལྟར་དུ་འཛིན་པའི་འཛིན་པ་ཀུན་ཕྱགས་ཏེ། གནས་ལུགས་ལ་རྟེན་འབྲེལ་གྱི་འཆར་ཚུལ་ལམ་སྟོང་ཉིད་ཀྱི་རང་རྩལ་ལས། རིག་པས་བརྟགས་ཤིང་དཔྱད་ན་གཉིས་འཛིན་གྱི་མཐའ་ཀུན་ལ་མི་གནས་པའི་ཆོས་སྐུའམ་སྟོང་ཉིད་ཀྱི་རང་གཟུགས་ཤིག་ཡིན། དེ་ཡིན་པ་ལ་ཡིན་པར་ཤེས་ཐབས་སམ་སྒྲུབ་ཐབས་སུ་སྐུ་ཡི་བྱིན་རླབས་དང་ནུས་པ་འཇོག་བྱེད་ཀྱི་དབང་འཚལ་གྱིན་ཡོད་པ་ཡིན།དེ་བཞིན་ངག་གི་འཛིན་པ་ཀུན་ཕྱག་བྱེད་དང་གསུང་གི་བྱིན་རླབས་རྣམས་འཚལ་བའི་དོན་དུ་ཕྱག་རྒྱ་མགྲིན་པར་བཀོད་པ་ཡིན། གང་ལྟར་ཡིད་ཀྱི་གཉིས་འཛིན་ཀུན་ཕྱག་བྱེད་དང་སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་རླབས་རྣམས་འཚལ་བའི་ཆེད་དུ་ཐུགས་ཁར་ཐལ་མོ་སྦྱར་བ་ཡིན་པ་རྣམས་ཤེས་པའི་ཐོག་ནས་ཕྱག་འཚལ་ན། ཕྱག་གི་དགོས་པ་དང་འཚལ་བའི་ཕན་འབྲས་རྣམས་འཐོབ་ཐུབ་པ་ནི་རྟེན་འབྲེལ་ཡིན་ནོ།།
ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ པའི་ཚེས་ ༢༧ ཉིན་མཚམས་པ་བསྟན་འཛིན་ནམ་མཁས་བྲིས།