གཞན་ཡང་ཆོས་པ་དག་འཆི་ཁར་ཐེག་ཆེན་གསོ་སྦྱོང་ལྟ་བུ་བླངས་ནས། འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་བར་ལམ་རིམ་ཡོངས་རྫོགས་ཡོན་ཏན་གཞི་གྱུར་མའི་ཚིག་རིས་ལྟར་ཤར་སྒོམ་ཞིག་བྱས། དེ་ནས་ངེས་འབྱུང་དང་། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས། སྟོང་པ་ཉིད་ཀྱི་ལྟ་བ་བཅས་གང་རུང་གསལ་འདེབས་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། ང་ཚོར་ཆོས་པ་ཚོ་ཐུགས་དམ་ཞུགས་པའང་དགེ་སེམས་ཁྱད་པར་དེ་དག་གསལ་བཏབ་པ་ལས་འཆི་སེམས་ཕྲ་མོའི་སྐབས་སུ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལམ་རླུང་སེམས་ཕྲ་མོ་མངོན་དུ་གྱུར་ནས་སེམས་དེ་ཉིད་དགེ་སེམས་དེ་དག་གི་ངོ་བོར་གྱུར་ནས་ཤི་ཁར་དགེ་སེམས་ཀྱིས་བསོད་ནམས་དང་མི་གཡོ་བའི་ལས་མངོན་དུ་བྱས་པ་ཕན་ཐོགས་ཆེ་བར་གསུངས།
གཉིས་པ། གྲོངས་ཚར་ནས་རོ་ལས་བྱ་སྟངས།
༡༽ སྤྱོད་ལམ་ནི། འཆི་ཁར་གཞོགས་གཡས་པ་འོག་ཏུ་བཅུག །ལག་པ་གཡས་པས་འགྲམ་པ་བརྟེན། མཐེའུ་ཆུང་གིས་སྣ་བུག་གཡས་བཀག་ལ་རླུང་གཡོན་ནས་རྒྱུ་བར་བྱའོ། །འདི་རྒྱུ་མཚན་ཞིག་ཡོད་ས་རེད། ༢༽ གྲོངས་ཚར་ནས་གོས་བརྗེ་བ་དང་དེ་ཡང་གོས་དཀར་གཙང་ཡོད་ན་ལེགས་པར་བརྩི། དགེ་འདུན་ཕོ་མོ་ལ་ཆོས་གོས་གསོལ་དགོས། ༣༽ ངེས་པར་ཕུང་པོའི་གདོང་པ་བཀབ་པར་བྱ་དགོས། དེའི་རྒྱུ་མཚན་ནི་ཤུལ་ལུས་ཀྱི་ནང་མི་རྣམས་ཤི་བོ་དྲན་ལམ་དུ་གསལ་ནས་སྡུག་བསྔལ་མི་ཡོང་བའི་ཆེད་དུ་ཡིན། ༤༽ ཤི་མ་ཐག་ཏུ་ཕུང་པོར་ཡོལ་བ་རྒྱག་སྲོལ་ཡོད། དེའི་རྒྱུ་མཚན་ནི། རྩིས་ལས་ཐོན་པ་ལྟར་མཐོང་མི་རུང་བ་དག་གིས་མི་མཐོང་བའི་ཆེད་དང་། གཉིས་ནི་ཕུང་པོ་ཡོད་སར་ཞི་མི་སོགས་འགོག་པའི་ཆེད་ཡིན། ཞི་མི་ནི་སེམས་ཅན་གཞན་ལ་མེད་པའི་གློག་ཤུགས་ཆེན་པོ་ཡོད་པས་ཕུང་པོའི་སར་ཕྱིན་ན་ཕུང་པོ་འགུལ་སྤྱོད་གཏོང་གི་ཡོད་པ་ཚན་རིག་པས་བཤད་པ་ལྟར་ཡིན་ངེས།
༥༽ འདས་པོའི་སྔས་མགོའི་ཕྱོགས་སམ་ཉེ་འཁོར་དུ་སྐུ་གསུང་ཐུགས་རྟེན་བཀྲམ་ནས་མཆོད་མེ་འབུལ་དགོས། རྒྱུན་དུ་རྟེན་བཀྲམ་ཚུལ་ནི། སྐུ་རྟེན་དབུས་དང་། གསུང་རྟེན་གཡས། ཐུགས་རྟེན་གཡོན་དུ་བཀྲམ་དགོས། སྐུ་རྟེན་ནི་སྐུ་འདྲ་དང་སྐུ་པར་ཡིན། གསུང་རྟེན་ནི་དཔེ་ཆ། ཐུགས་རྟེན་ནི་མཆོད་རྟེན་རྡོར་དྲིལ་བཅས་ཡིན། སྐུ་རྟེན་བསྒྲིགས་པའི་རིམ་པ་ནི། ༡བླ་མ། ༢ ཡི་དམ། ༣ སངས་རྒྱས། ༤ བྱང་སེམས། ༥ དཔའ་བོ། ༦ མཁའ་འགྲོ། ༧ ཆོས་སྐྱོང་སྲུང་མ་བཅས་ཡིན། ༦༽ ཕུང་པོའི་ཉེ་སྐོར་སྔར་སྲོལ་ལྟར་འདས་པོའི་ཕོར་པའི་ནང་ཁ་ལག་བླུགས་ནས་འཇོག་དགོས། འདས་པོ་ཤི་བའི་སེམས་ཁྲལ་མི་ཡོང་བའི་ཆེད་དུ་ཡིན་པ་ཤོད་སྲོལ་ཡོད། ༧༽ གོང་དུ་བཤད་པ་ལྟར་ཕུང་པོ་ཉིན་གསུམ་རིང་ནང་དུ་ཉར་བའམ་གང་དུ་ཉར་ཡང་ཆོག་གང་ལྟར་མེ་སྲེག་དང་བྱ་གཏོར་བྱ་མི་རུང་། ༨༽ ཞེ་དགུ་མ་ཡོལ་བར་དུ་གསུར་བསྔོའི་ཆོ་ག་དང་འབྲེལ་ཉིན་རེར་བྱུང་ན་དུས་གསུམ་དང་མ་བྱུང་ན་ཐེངས་རེ་གསུར་གཏང་དགོས། གསུར་རྩམ་ཤིན་ཏུ་གཙང་མའི་ནང་དུ་དཀར་གསུམ་མངར་གསུམ་དང་། དེ་ནས་བྱུང་ན་སྨན་རྩིས་ཁང་ནས་བཟོས་པའི་སྨན་ཕྱེ། བདུད་རྩི་རིལ་བུ་བཅས་བསྲེ་དགོས། གསུར་མེ་དུ་བ་དང་བྲལ་བའི་མེ་དམར་རྐྱང་དགོས། གསུར་དུད་ཀྱི་ཐོག་ཏུ་གཙང་ཆུས་ཆག་ཆག་བྱེད་དགོས། བར་དོ་བ་ནི་དྲི་ཟ་ཡིན་ལ་དེ་ལ་ཟས་ཀྱི་དོད་དུ་གསུར་དུད་བཏང་བས་བཀྲེས་སྐོམ་སེལ་བ་ཡིན། མ་ཚད་རྒྱུན་དུ་གསུར་བསྔོའི་ཆོ་གའམ་ཡང་ན་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་བསྔོ་སྨོན་དང་འབྲེལ་གསུར་གཏང་ཐུབ་ན་གཟུགས་མེད་མང་པོ་ཞིག་ལ་བཀྲེས་སྐོམ་སེལ་བས་སྦྱིན་པའི་ཕན་ཡོན་ཆེན་པོ་ཡོད། དེའི་སྐོར་སྔོན་བྱུང་སྐྱེས་བུ་དམ་པའི་གསུང་རྒྱུན་ངོ་མཚར་ཅན་མང་པོ་ཡོད།
༩༽ དབྱངས་ཅན་དགའ་བློས། དམྱལ་བར་སྐྱེ་ན་བཤང་ལམ་ནས་འཕོ་ལ། ཡི་དྭགས་སུ་སྐྱེ་ན་ཁ་དང་། དུད་འགྲོར་སྐྱེ་ན་དྲི་ཆུའི་ལམ་དང་། མིར་སྐྱེ་ན་མིག་དང་། འདོད་ལྷར་སྐྱེ་ན་ལྟེ་བ། གནོད་སྦྱིན་དུ་སྐྱེ་ན་སྣ། འདོད་པའི་ལྷ་དང་མིའམ་ཅིར་སྐྱེ་ན་རྣ་བ། གཟུགས་ཁམས་སུ་སྐྱེ་ན་སྨིན་མཚམས་ཀྱི་དབུས། གཟུགས་མེད་དུ་སྐྱེ་ན་སྤྱི་བོ་ནས་འཕོ་བར་རྒྱུད་བརྟག་པ་བརྒྱད་པ་སོགས་ལས་བཤད། ཅེས་གསུངས།
ཡང་དེ་ཉིད་ཀྱིས། ཡང་མཛོད་ལས། རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །ཞེས་དང་། འགྲེལ་པར། ངན་སོང་དུ་སྐྱེ་ན་རྐང་པ་དང་། མིར་སྐྱེ་ན་ལྟེ་བ་དང་། ལྷར་སྐྱེ་བ་དང་། དགྲ་བཅོམ་པ་འཆི་ན་སྙིང་གར་རྣམ་ཤེས་འགག་གོ །ཞེས་པ་ནི་གནས་དེ་དག་ལས་ལུས་དབང་འགག་པའི་སྟོབས་ཀྱིས་ཡིད་ཤེས་འགག་ཅེས་པའི་དོན་ལས་རྣམ་ཤེས་ཕྱི་རོལ་དུ་འཕོ་བའི་དོན་མ་ཡིན་གསུངས། དེས་ན་ཕུང་པོ་ལ་དང་པོར་རེག་པའི་སྐབས་སུ་ངན་སོང་ལ་སྐྱེ་བའི་གནས་དེ་དག་དང་། ཕུང་པོ་སྨད་ལ་རེག་པའམ་ལག་པ་འཆང་མི་རུང་བའི་ཤོད་སྲོལ་ཡོད།
༡༠༽ སྤྱིར་གཤིན་པོའི་རྩིས་གཞི་ནི། འདས་པོའི་དུས་ཀྱི་གནམ་ལོ། ཟླ་བ། ཞག །དར་རྒུད། ཆུ་ཚོད། གཟའ་སྐར། ལོག་མེན། བབ་སྨེ། སྤར་ཁ། བླ་སྲོག་སོགས་ཀྱི་གཟའ་སྐར། སྲོག་ལུས་དབང་རླུང་གི་རྡེའུ་སོགས་འགྲེམས་ནས་གཤིན་རྩིས་ལྟར་ཞིབ་པར་གཟིགས་དགོས། ཡིན་ནའང་རྩིས་གཞུང་ནས་གསལ་བ་ལེགས་པའི་ཕྱོགས་མ་གཏོགས་ལྷས་གནོད་འདྲེས་གནོད་ཅེས་གསལ་ཚད་ཤུལ་ལུས་ནང་མི་ལ་མ་གསུངས་ན་ཡག་པོ་ཡོད། ལྷག་པར་དུ་གཤིན་པོ་ངན་སོང་དུ་འགྲོ་རབས་གཏན་ནས་ཤོད་མི་རིགས། དེས་རྣམ་རྟོག་དང་སེམས་ཁྲལ་སློང་བྱེད་ཙམ་ལས་གཞན་གང་ཡང་མེད། དཔེར་ན་རྒྱལ་དབང་ལྔ་པའི་རང་རྣམ་ལས། ཁོང་དང་པོ་འཁྲུངས་དུས་གཟའ་སྐར་འཕྲོད་སྦྱོར་སོགས་བཟང་རབས། དེ་རྩིས་གཞུང་ལ་སྦྱར་ནས་དགེ་མཚན་སོགས་མང་དུ་གསུངས་ནས། དེའི་ཚེས་བཟང་དུས་བཟང་ཉིན་སྐྱེས་པའི་རྒྱུ་མཚན་གྱིས་གང་ཟག་ཁྱད་པར་ཅན་བསྒྲུབ་མི་ཐུབ་ཅིང་། གལ་ཏེ་ཐུབ་ན་དེའི་ཉིན་སྐྱེས་པའི་ཁྱི་ཡང་སྐྱེས་བུ་དམ་པ་སོགས་འགྱུར་བའི་གནོད་བྱེད་བཏང་ནས་དེའི་རིགས་དེ་ཙམ་གལ་ཆེན་མ་ཡིན་པའི་ཚུལ་གསུངས་ཡོད།
༡༡༽རྩིས་གཞུང་ལས་གསལ་བ་ལྟར་གཟའ་སྐར་ལ་དཔག་པའི་བཅོས་ཀའི་རིམ་པ་སོགས་མང་པོ་ཡོད་ཆོག་པས་དེ་དག་རྩིས་མཁན་གྱིས་ངག་བཞིན་བྱོས། ༡༢༽རྩིས་བསྐོར་མཁན་ནི་ངེས་པར་བླ་མ་དང་གྲྭ་པ་མི་དགོས་པར་རྩིས་ལ་མཁས་པ་གང་ཡོད་པ་དེས་བསྐོར་ན་འགྲིག་པ་ཡིན། རྩིས་གཞི་གཅིག་པ་ཡིན་ན་རྩིས་པ་བརྒྱའི་མདུན་དུ་སོང་ཡང་རྩིས་འབྲས་གཅིག་པ་ཡིན་ངེས། ༡༣༽ ཕུང་པོ་ཕྱིར་འདོན་སྐབས། རྩིས་གཞུང་ལས་གསལ་བ་ལྟར་ཕྱཱ་དང་། གཡང་མ་ཤོར་བའི་ཆེད་ཕྱཱ་འགུག་དང་གཡང་འགུག་དང་། གད་ཕྱིས་ཀྱི་ཚུལ་སོགས་ལེགས་པར་བྱ་དགོས། སྲིད་པ་ཧོ་ཞེས་པ་དབྱུག་པའི་སྟེང་དུ་བཏགས་ནས་ཕུང་པོ་ཕྱིར་འདྲེན་གྱི་སྔོན་ནས་ཐོན་ཏེ་ཕྱོགས་བཞིར་སྟོན་དགོས།
༡༤༽ ཕྱི་རྒྱལ་ཁག་ཏུ་ཕུང་པོ་མེར་སྲེག་གཏོང་གི་ཡོད། དེའི་སྐབས་སུ་རྒྱས་བསྡུས་གང་འཐུས་དང་བསྟུན་ཏེ་ཕུང་སྲེག་གི་ཆོ་ག་དང་འབྲེལ་ནས་མེར་སྲེག་བཏང་ན་ཡག་པོ་ཡོད། བོད་དུ་ཕལ་ཆེ་བ་བྱ་གཏོར་རེད། འདི་ནི་ལུགས་སྲོལ་ཡག་པོ་ཞིག་ཡིན། སྟོན་པའི་སྐྱེས་རབས་ལས་སྟག་མ་ལྟོགས་པ་ལ་ལུས་ཤ་ཁྲག་གི་སྦྱིན་པ་བཏང་བས་ཚོགས་རླབས་པོ་བསགས་པ་བཞིན། བྱ་རྒོད་ལྟོགས་པ་ལ་དེ་མཚུངས་ལོས་ཡིན། ཀུན་སློང་རྣམ་དག་ཡོད་མེད་ཁྱད་པར་ཙམ་ལས་སྦྱིན་གཏོང་དགེ་སྦྱོར་གྱི་ཕྱོགས་མཚུངས་པ་ཡིན། དམིགས་བསལ་འགོ་ནད་ཚབས་ཆེན་ཡོད་པ་དེ་འདྲ་ཡིན་ན་བྱ་གཏོར་མ་བྱས་པར་ས་འོག་ཏུ་སྦས་ན་བཟང་། ༡༥༽ བྱ་གཏོར་བྱེད་མཁན་ཚོས་གཤིན་པོའི་རུས་པ་ཅུང་ཟད་བླངས་ནས་དེ་རུས་ཆོག་དང་འབྲེལ་ཏེ་མེར་བསྲེགས་ནས་དེའི་ཐལ་བས་སཙྪ་བདུན་ཚར་ཁ་ཤས་འདེབས་ཐུབ་ན་ཡག་པོ་ཡོད། ༡༦༽ རྒྱ་གར་སོགས་སུ་ཕུང་པོ་སྦྱིན་སྲེག་ཆོ་ག་དང་དང་འབྲེལ་ནས་མེ་སྲེག་གཏོང་གི་ཡོད་པས། ཕུང་པོ་སྒོ་མ་ཕུད་གོང་ནས་ཕུང་པོར་དྲི་བཟང་དང་སྤོས་ཆུས་གཙང་འཁྲུ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ལྷ་ལ་འབུལ་རྒྱུའི་སྦྱིན་སྲེག་གི་རྫས་ལ་གཙང་མ་དགོས་པས་རེད། ༡༧༽སྐྱེས་བུ་དམ་པ་དག་གི་གདུང་ཐལ་ཆུ་གནས་ཀྱི་སྲོག་ཆགས་མང་པོར་ཕན་པར་བསམ་ནས་ཆུ་དང་རྒྱ་མཚོར་གཡུག་སྲོལ་ཡོད། གང་ཟག་རང་ག་བ་དག་གི་ཕུང་ཐལ་རི་འགོ་ས་གཙང་དག་ལ་གཡུག་སྲོལ་ཡོད།
གསུམ་པ། འདས་པོའི་ཤི་ཆོས་དང་གསོན་པོའི་ཞབས་རིམ་ཇི་ལྟར་བསྒྲུབ་དགོས་མིན་ནི།
༡༽ ཚེ་འདའ་ཁར་བྱིན་རྟེན་ཅན་གྱི་ཆུ་ཁར་སྦྱིན་པ་དང་། གསང་སྔགས་ཀྱི་དཀྱིལ་འཁོར་གྱི་རྡུལ་ཚོན་སོགས་ལུས་ཐོག་ལ་གཏོར་བ་སོགས་བྱེད་སྲོལ་ཡོད། གཤིན་པོའི་ཆེད་དང་པོ་སྦྱང་བ་དང་། གཉིས་པ་འཕོ་བ་གནང་ན་ཡག་པོ་ཡོད། འཕོ་བ་ཞེས་པ་ནི་གཤིན་པོའི་རྣམ་ཤེས་དག་ཞིང་དུ་འཕེན་བའི་ཆོ་ག་ཞིག་ལ་ཟེར་བ་ཡིན། དབུགས་ཆད་ཁ་མ་སོགས་མ་ཤི་བའི་སྔོན་དུ་འཕོ་བ་བྱ་མི་རིགས་ལ། ཐུགས་དམ་ལ་བཞུགས་པ་དག་ཐུགས་དམ་མ་གྲོལ་བར་དུ་འཕོ་བ་བྱ་མི་རིགས་པ་ཡིན། གལ་ཏེ་དེ་དག་གི་སྐབས་སུ་འཕོ་བ་བྱས་ན་མི་བསད་པའི་ཉེས་པ་ཡོད་པར་བཤད། ༢༽དེ་ནས་ཤེད་དང་པོ་དང་གཉིས་པ་སོགས་བཟློག་པའི་ཆེད། ཤེད་སྤོང་འདུར་བརྒྱག་པའམ་ཡང་ན་དྲུག་ཅུ་མ་དང་ཆ་གསུམ། བསྐང་གསོ་དང་འབྲེལ་ཆོས་སྐུ་མ་སོགས་འདོན་ན་འགྲིག །
རྩིས་གཞུང་ལྟར་ན་ཤེད་དང་པོ་ནི་གཤིན་པོའི་སེམས་ཆགས་ཡུལ་ལ་གནས། གཉིས་པ་ནི། ཉེ་འཁོར་གྱི་ཁྱིམ་མཚེས་དང་ཉེ་རིང་སོགས་ལ་གནས། གསུམ་པ་ནི། ཐག་རིང་ལ་གནས་པས་འདི་ལ་ཉེན་ཁ་མེད་པར་བཤད་ཡོད། ༣༽ བདུན་ཚིགས་སྲུང་སྟངས་མི་འདྲ་བ་ཡོད་ནའང་ཞགས་བདུན་གྱི་བདུན་ཚེགས་བདུན་ཏེ་ཞེ་དགུ་སྲུང་ཐུབ་ན་ཡག་པོ་ཡོད། ༤༽རྩིས་གཞུང་ལས་གསལ་བ་ལྟར་བྱུང་ན་སྐྱེ་རྟགས་སྐུ་འདྲ་བྱོན་ལེགས་པོ་དེ་འདྲ་གཅིག་ཙམ་དང་། མ་བྱུང་ན་དགོན་པར་ལྷ་བཞེངས་བྱེད་ཞལ་འདེབས་ཕུལ་ན་ཡག་པོ་ཡོད། ༥༽ སྐབས་འདིར་ནན་ཏན་གྱི་ཚུལ་དུ་ཞུ་རྒྱུ་ལ། ཁོ་རེ་འབྲོག་པ་ཚོ་ཉོན་ཨ། འདས་པོའི་ཤི་ཆོས་ཆེད་དུ་ཕྱུགས་ཟོག་བཤས་པ་ལ་བཙོང་ནས་དེའི་རིན་བབ་དངུལ་གྱིས་མཆོད་འབུལ་གཏན་ནས་མ་བྱེད་ལོ། འདི་ནི་ཤི་བོའི་ཆེད་དུ་ཆོས་བྱེད་པ་མ་ཡིན་པར་སྡིག་པ་བྱེད་པ་ཡིན་པས། ཤི་བོ་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོང་ངེས་ཡིན། ཤི་ཆོས་ཀྱི་ཆེད་དུ་རང་ལ་གང་ཡོད་དང་འཚམས་པར་ཆོས་ཀྱི་ལུགས་དང་མཐུན་པའི་སྒོ་ནས་ཚོད་རན་པོ་ཞིག་བྱས་ན་དེ་གས་འགྲིགས་པ་ཡིན། དེ་བཞིན་ཨ་མཆོད་ཀྱི་ཞལ་ལག་ཆེད་དུ་སེམས་ཅན་གསར་དུ་བསད་ནས་དམར་ཟས་ཀྱི་ཞལ་ལག་འབུལ་མི་རུང་། འདི་ནི་ཨ་ཁུ་འབྲོག་པ་ཚོ་ལ་བཤད་པའི་ནང་གཏམ་ཡིན། ༦༽ འདས་པོའི་ཆེད་དུ་འགྲོ་སོང་དང་མཆོད་འབུལ་ཇི་ཙམ་ཞིག་བཏང་ཡང་སྐད་གྲགས་དང་གཞན་གྱིས་ཆེ་བསྟོད་སོགས་ཀྱི་རེ་བས་མ་བཅིངས་པ་ཞིག་དགོས་གལ་ཆེ། དེས་དགེ་སྦྱོར་གྱི་ཕན་ཡོན་ཆུང་དུ་གཏོང་གི་ཡོད།
༧༽ཡང་འགའ་ཞིག་གིས་མི་གྲོངས་ཚར་ནས་གྲོགས་པོ་དང་སྤུན་ཉེ་སོགས་ཀྱིས་དེའི་ཆེད་དུ་མཆོད་འབུལ་བྱས་ན་མི་ཕན་ཞེས་ཟེར། དེ་ནི་དེ་ལྟར་མ་ཡིན་པར་ཕན་ཡོན་ཏན་ཏན་ཡོད་པ་ཡིན། གང་ལགས་ཤེ་ན། གང་མཆོད་འབུལ་བྱ་རྒྱུའི་དངུལ་དངོས་གང་ཡིན་དོ་བདག་སོ་སོས་བློས་བཏང་ནས་འདས་པོ་ལ་སྤྲད་པ་ལྟ་བུ་ཡིན། དེས་ན་དངུལ་དངོས་དེ་དག་གི་བདག་པོ་གཤིན་པོ་དེ་ཉིད་ཆགས་ཀྱི་ཡོད་པས་དེ་དག་མཆོད་འབུལ་བྱས་པའི་ཕན་ཡོན་ཡང་གཤིན་པོ་དེ་ལ་ལོས་ཐོབ་སྟེ་ཐོབ་པ་ཡིན་ནོ། །དཔེར་ན། ཁྱོད་ཀྱིས་གྲོགས་པོ་ཞིག་ལ་ཆུ་ཚོད་ཅིག་སྤྲད་ཡོད་ན། ཆུ་ཚོད་སྤྲད་པའི་དུས་དེ་ནས་བཟུང་ཆུ་ཚོད་དེའི་བདག་པོ་གྲོགས་པོ་དེ་ཡིན་གྱི་ཁྱོད་རང་མིན་པ་བཞིན་ནོ། །
གསོན་པོའི་ཞབས་རིམ་ཆེད་མདོ་བཞི་དང་། ཤེར་མདོ་སོགས་རྩིས་གཞུང་ལས་གསལ་བ་ལྟར་གང་ཐུབ་བསྒྲུབ་ན་ཡག་པོ་ཡོད། གནས་སྐབས་ཞུ་མཚམས་འདིར་འཇོག་ཆོག་པར་ཞུ། རྗེས་སོར་དུས་ཚོད་ལ་བསྟུན་ཏེ་སྣོན་འཕྲི་ཅི་དགོས་ཐམས་ཅད་ཞུ་རྩིས་ཡོད།
བཀྲ་ཤིས་བདེ་ལེགས།
༢༠༡༩། ༡༡། ༡༧ ཉིན་སྦྱར་བས་ཀུན་ལ་ཕན་པར་ཤོག་ཅིག །