ཡང་དེ་ཉིད་ལས། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་དང། ཡང་དེ་ཉིད་ལས། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་བཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་དང་། ཡང་དེ་ཉིད་ལས། དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ་ཁྱོད་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་སྟེ། གཉིད་ལོག་པ་དང་བག་མེད་དུ་གྱུར་ཀྱང་བསོད་ནམས་ཀྱི་རྒྱུན་ཆད་པ་མེད་པ་ནམ་མཁའ་ལྟར་འབྱུང་བ་བསྟན་པའི་ཕྱིར། དགེ་བཤེས་གླང་ཐང་པས་བློ་སྦྱོང་ཚིགས་བརྒྱད་མར། མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་ནད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །ཅེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བླ་མ་མཆོད་པར། མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་དང་། པཎ་ཆེན་ཤཱཀྱ་ཤྲཱིས་སྐྱིད་སྡུག་ལམ་འཁྱེར་ལས། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་འཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་སོགས་གསུངས། རྡོ་རྗེའི་བཀའ་ལུང་འདི་དག་ལ་བརྟེན་ནས་ཆོས་པ་ཞིག་གི་ངོས་ནས་བཤད་ན། ཕམ་ཁ་དང་གྱོང་གུད་ནི་རྒྱལ་ཁ་དང་གོ་སྐབས་ཡིན་པ་ངེས་ཡོང་། ཆོས་ཁས་སུ་འཆེས་ནས་དོན་དུ་རང་རྒྱལ་གཞན་གནོད་སེམས་སུ་ཉར་ནས་ལས་ལ་འཇུག་པ་ནི། ཁ་ཙམ་མ་གཏོགས་སེམས་གཏིང་ནས་ལས་འབྲས་ལ་ཡིད་ཆེས་དེ་ཙམ་མེད་པའི་རྟགས་ཡིན། དེས་ན་སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོངས། །ཞེས་པ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁ་ལ་ལྡུག་ནུས་པའི་གདམས་ངག་ཁྱད་པར་ཅན་འདི་དག་གི་ཚིག་ཟབ་མོ་ཞལ་ལས་འདོན་ཞིང་། དོན་ཟབ་མོ་ཐུགས་ལ་གོམས་པར་བྱས་ཏེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ཅི་སྐྱེ་འབད་པར་འཚལ། ཞེས་སྐལ་ལྡན་ལས་འཕྲོ་ཅན་གྱི་སྐྱེས་བུ་དག་གི་སྙན་གྱི་དབང་པོར་བྱང་ཆུབ་ཀྱི་ལམ་དུ་བསྐུལ་བའི་ཆོས་དུང་དཀར་པོའི་རང་སྒྲ་འདིས་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་ཤིང་དགེ་བར་གྱུར་ཅིག་ཅེས་པའོ། །འདི་ནི་རང་གིས་བྲིས་པའི་དེབ་ལས་དྲངས།
དེ་བཞིན་དུ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་བླ་མ་སྤྱན་རས་གཟིགས་མཆོག་གིས། ཟབ་མོའི་དོན་ལ་དམིགས་བསལ་གྱི་ཐུགས་ཉམས་སུ་བསྟར་བའི་གསུང་བྱིན་ཅན་དག་ནི་བརྒྱུད་འགོད་ཞུས་ན་འདི་ལྟ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། སྐྱེས་བུ་ས་མིན་ཆུ་མ་ཡིན། །
མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་ས་མིན་ཞེས་པ་ནས་རྣམ་ཤེས་མ་ཡིན་ཞེས་པའི་བར་གྱིས་ཁམས་དང་ཕུང་པོ་རེ་རེ་བ་རང་བཞིན་གྱིས་གྲུབ་པའི་སྐྱེས་བུའམ་གང་ཟག་ཡིན་པ་བཀག་པ་དང་། ཀུན་མིན་ཞེས་པས་ཁམས་ཀྱི་ཚོགས་པ་དེ་ཡིན་པ་བཀག །དེ་ལས་གཞན་ཞེས་པས་ཁམས་དང་ཕུང་པོ་ལས་ངོ་བོ་ཐ་དད་པའི་དེ་ཡོད་པ་བཀག །འོ་ན་གང་ཟག་ཁས་མི་ལེན་ནམ་ཞེ་ན། མ་ཡིན་ཏེ་སྐྱེས་བུ་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་གི་དབང་དུ་བྱས་ན། གདགས་གཞི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པ་ཙམ་ཞིག་ཡིན་ནོ་ཞེས། སྐྱེས་བུ་ཁམས་དྲུག་ཅེས་པས་བསྟན། འོ་ན་སྟོང་ཚུལ་དེ་གདགས་གཞི་ཕུང་པོ་ལ་ལྟོས་མེད་ཀྱི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་ཚུལ་ལའང་ཡོད་པ་མ་ཡིན་ནམ་ཞེ་ན། མི་འདྲ་སྟེ། ཡང་དག་མ་ཡིན་ཞེས་པའི་ཚིག་རྐང་དེས་རང་ངོས་ནས་གྲུབ་པ་མིན་པ་བསྟན་པའི་ཕྱིར། རྐང་པ་ཕྱི་མ་གཉིས་ཀྱིས་གདགས་གཞི་ཁམས་རེ་རེ་བ་ཡང་། ཆ་ཤས་དུ་མ་འདུས་པ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པས་རང་ངོས་ནས་མ་གྲུབ་པ་བསྟན། གདགས་གཞི་ཕུང་པོ་ལ་མ་ལྟོས་པར་གང་ཟག་རང་དབང་བས་སྟོང་པ་ཙམ་ཞིག །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་རྟོགས་ཚུལ་ལ་ཡང་ཡོད་ཀྱང་། དེ་འདྲ་བའི་སྟོང་པ་ལ་ངེས་པ་ཐོབ་ནའང་གདགས་གཞི་ཕུང་ཁམས་སྐྱེ་མཆེད་རྣམས། རང་ངོས་ནས་གྲུབ་པར་འཛིན་པའི་ཞེན་པ་ཁ་མ་བྲི་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ཙམ་རྟོགས་པ་ཡིན་གྱི །རང་བཞིན་གྱིས་མེད་པར་རྟོགས་པའི་ལྟ་བ་རྙེད་པ་མིན་པས་འདི་གཉིས་མ་ནོར་བ་གལ་ཆེའོ་སྙམ།
དེ་ཡང་དབུ་མ་ཪིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་གསུངས། དེ་ཡང་རྗེ་བླ་མས། དབུ་མའི་ལེགས་བཤད་རྣམས་སུ། གང་ཟག་བདེན་མེད་མ་རྟོགས་ན་ཕུང་པོ་བདེན་མེད་མི་རྟོགས་པར་གསུངས་པ་དང་། གང་ཟག་བདེན་མེད་རྟོགས་ན་ཕུང་པོའང་བདེན་མེད་ཤུགས་ཀྱིས་རྟོགས་ཞེས་གསུངས་པ་སོགས་ནི། ཉམས་མྱོང་ཚད་མའི་གསུང་ཡིན་པའི་ཡིད་ཆེས་དང་མོས་གུས་འཕེལ། ཡང་དེ་ཉིད་ལས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཅེས་སོགས་ཀྱིས་ཆོས་རྣམས་དོན་དམ་པར་མིང་ཙམ་ཡང་མེད་པར་བསྟན་པ་དང་། འོ་ན་ཡོད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། གཟུགས་སོགས་ཆོས་རྣམས་མིང་དང་རྟོག་པས་བཞག་པ་ཙམ་ཡིན་པས་ཐ་སྙད་ཙམ་དུ་ཡོད་པ་ཡིན་ནོ། །ཞེས་དང་། རྩ་ཤེས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའང་ཡོད་པ་མ་ཡིན་ནོ། །ཞེས་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་ལ། དེ་ལྟར་རྟོགས་པའི་ཤེས་རབ་ནི་སྐྱོན་ཟད་ཅིང་ཡོན་ཏན་སྐྱེད་པར་བྱེད་པས་དབུ་མའི་ལམ་ཡིན་ནོ། །དེས་ན་རྟེན་འབྱུང་མ་ཡིན་པའི་ཆོས་གང་ཡང་མེད་ལ། རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་གང་ཡང་མེད་དོ། །རྟེན་འབྲེལ་དང་རང་བཞིན་གྱིས་སྟོང་པ་གཉིས་གཞི་གཅིག་གི་སྟེང་དུ་མི་འགལ་བར་གྲུབ་པ་ཡིན་ནོ། །ཞེས་པའོ། །རྩ་ཤེས་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པས་ཚིག་འདི་ཉིད་སོ་སོ་རང་ཉིད་ལ་ཁ་བསྒྱུར་ཏེ་འདོན་དགོས་པ། དཔེར་ན། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །བདག་ཅེས་བྱ་བ་ཕུང་ལྡན་མིན། །བདག་ཅེས་བྱ་བ་གང་ཞིག་ཡིན། །ཞེས་རྣམ་ལྔ་དང་། དེ་བཞིན་རྣམ་བདུན་གྱི་རིགས་པར་བསྟན་པའི་ཚིག་དོན་དག་རང་ལ་སྦྱར་ནས་ཡང་ནས་ཡང་དུ་དཔྱད་འཇོག་གི་གོམས་པ་བསྟེན་དགོས་པར་གསུངས། འདིའང་རང་གིས་བྲིས་པའི་དེབ་ལས་དྲངས། གང་ལྟར་རྒྱུན་དུ་ཆོས་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེ། སྟོང་ཉིད་རྟོགས་པའི་ལྟ་བ་བཅས་ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་པའི་བྱིན་རླབས་ཅན་གྱི་གཞུང་ཚིག་འདི་དག་གི་ཚིག་དོན་དང་མཐུན་པའི་ཉམས་ལེན་གནང་གལ་ཆེ་བ་ཡིན་ནོ། །