སེར་ལྷོ་སྐལ་བཟང་རྒྱ་མཚོ་འམ་ནགས་ཧ་ཧ་སྐལ་བཟང་ནི་སྤྱི་ལོ ༡༩༨༢ ལོ་མདོ་ཁམས་ནགས་ཤོད་འབྲི་རུ་བྱེ་མ་གྲོང་ངམ་བཀྲིས་དར་ལུང་གྲོང་དུ་ཕ་བསོད་ནམ་རྒྱལ་མཚན་དང༌། མ་སྲི་ཆོད་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། ཆུང་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས་པ་དང༌།
༡༩༩༡ ལོར་ཞང་ཞུང་བ་ཆོས་དབང་གྲགས་པའི་གདན་ས་བཀྲ་ཤིས་རི་བོ་ཀུན་དགའ་ཆོས་གླིང་དགོན་དུ་ཆོས་ཞུགས་བྱས་ནས་དགོན་དེའི་འདོན་ཆོག་བློ་འཛིན་སོགས་བྱས། ༡༩༩༨ སེམས་མཐུན་གྱི་གྲོགས་པོ་འགའ་ཞིག་དང་ལྷན་དུ་ྋགོང་ས་མཆོག་ཞལ་མཇལ་ཆེད་འཕགས་ཡུལ་དུ་ཡོང་བ་དང༌། ལོ་དེ་ནས་བཟུང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་ལ་སོགས་པ་ལས་དབང་ལུང་མན་ངག་གྲངས་ལས་འདས་པ་ཐོབ་པའི་སྐལ་བཟང་བྱུང༌། ༡༩༩༨ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་བྱས་ནས། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་དང་དགེ་བའི་བཤེས་གཉེན་རྒན་བྱམས་པ་དགེ་ལེགས་མཆོག་དང༌། དགེ་བའི་བཤེས་གཉེན་རྒན་བློ་བཟང་འབྲུག་གྲགས་ལ་སོགས་པའི་་བཀའ་དྲིན་ལས་ནང་ཆོས་ཀྱི་གཞུང་ཆེན་ཁག་ལ་ལོ་མང་་ཐོས་བསམ་བྱས་འབྲས་སུ། ༢༠༠༧ ལོར་ཕར་ཕྱིན་རབ་འབྱམས་དང༌། ༢༠༡༡ ལོར་དབུ་མ་རབ་འབྱམས་པ་བཅས་ཀྱི་ལག་ཁྱེར་ཐོབ་པ་དང༌། དེ་ནས་དམ་ཆོས་འདུལ་བའི་གཞུང་ལ་ལོ་གསུམ་རིང་ཐོས་བསམ་བྱས། ད་སྐབས་མངོན་པ་མཛོད་ཀྱི་གཞུང་ལ་ཐོས་བསམ་བྱེད་མུས་དང༌།
༢༠༡༣་ལོ་ཟླ་ ༦ ཚེས་༨ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་གི་ཡང་སྟེང་རྒྱལ་བའི་ཕོ་བྲང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་གནང་བ་དང༌།གཞན་ལས་སློབ་དགེ་འདུན་གྲངས་ཚང་བའི་ཐོག་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པའི་བགོ་སྐལ་བྱུང༌། ༢༠༡༢ ནས་ལོ་བཞིའི་རིང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་གསུང་འབུམ་ཞུ་དག་བྱེད་སྐབས་བཀའ་བསྟན་ནས་ལུང་ཁུངས་འཚོལ་ཞིབ་དང༌། དེབ་གཞི་སྒྲིག་སྦྱོར་གྱི་ལས་ཁུར་ཞུས། ༢༠༡༤ ལོར་སེར་ལྷོ་ཁང་ཚན་གྱི་<<རིག་མཛོད་གསེར་གྱི་ལྡེ་མིག་ >>ཅེས་པའི་དུས་དེབ་རྩོམ་སྒྲིག་པ་དང་ཁང་ཚན་གྱི་སྲི་ཞུ་ཆབ་རིལ་གྱི་ལས་ཁུར་ལོ་གཅིག་ཞུས། ༢༠༡༢ ནས་<<ནགས་ལྷའི་སྒྲོན་མེ་ >>ཞེས་པའི་དུས་དེབ་ལོ་བཞིར་རྩོམ་སྒྲིག་དང༌། བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་དང༌། རིག་གཞུང་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་སོགས་གོ་སྒྲིག་ཞུས་ ༢༠༡༥ ལོར<<ྋགོང་ས་ ྋསྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་ >>ཞེས་པ་གྱ་སྟོན་སྲུང་བརྩི་ཞུ་བའི་ཆེད་དེབ་ཀྱི་རྩོམ་སྒྲིག་པ་བྱས། ༢༠༡༤ དང༌། ༢༠༡༥ ལོར་དབྱར་དུས་སུ་ཨ་རི་ཨེ་མོ་རིས་མཐོ་སློབ་དང་བོད་ཀྱི་ཚན་རིག་སྡེ་ཚན་གཉིས་ཀྱིས་ལས་འཆར་ཟླ་བ་རེ་རེའི་ཚན་རིག་ཟབ་སྦྱོང་ལ་བཅར། ད་ལྟ་སྐབས་གཉིས་པའི་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་འཛིན་སྐྱོང་བའི་ལས་ཁུར་ཞུ་བཞིན་པ་བཅས་ཡིན།