ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ཟུར་པ་ནགས་ཤོད་སྐལ་རྒྱན། དགེ་བཤེས་སྐལ་བཟང་རྒྱལ་མཚན་ནམ་ནགས་ཤོད་སྐལ་རྒྱན་ནི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ནགས་ཤོད་འབྲི་རུ་རྗེའུ་ཆུང་གྲོང་དུ་ཕ་དགའ་བ་དང༌།
མ་འཛུམ་མོ་གཉིས་ཀྱི་རིགས་རྒྱུད་དུ་སྐྱེས། བྱིས་པའི་རྩེ་རྒོད་ཀློང་ནས་རྩམ་ཟན་བོད་པའི་མངར་སྐྱུར་འཚོ་བས་ལང་ཚོའི་མྱུ་གུ་རིམ་བཞིན་བརྟས། བཤོལ་དུ་མེད་པའི་ལས་དབང་ཞིག་གིས་རང་ལོ་བཅུ་དྲུག་སྟེང་དགེ་བའི་བཤེས་གཉེན་སྐལ་བཟང་བསླབ་གསུམ་ཞལ་སྔ་ནས་གཙུག་ཕུད་བཞེས། བཅུ་བདུན་སྐབས་ཁྱུང་སྤྲུལ་སྐལ་བཟང་བསྟན་འཛིན་ལགས་ཀྱི་ཞལ་སྔ་ནས་རབ་ཏུ་བྱུང༌། ཆོས་མིང་སྐལ་བཟང་རྒྱལ་མཚན་ཞེས་བསྩལ། ཞང་ཞུང་པ་ཆོས་དབང་གྲགས་པའི་གདན་ས་འབྲི་རུ་དགོན་དུ་སྒྲིག་ཞུགས་བྱས། སློབ་དཔོན་དགེ་ལེགས་རྒྱལ་མཚན་དང༌། བསྟན་འཛིན་འཕྲིན་ལས་གཉིས་ཀྱི་ཞལ་སྔ་ནས་གསང་བདེ་འཇིགས་གསུམ། ཀུན་རིག་བསྐང་གསོ་སོགས་དགོན་དེའི་འདོན་ཆོག་སྦྱང་བརྩོན་གྱིས་རྒྱུགས་འབུལ་ཞུས།
༡༩༩༣/༩/༡༡ ཉིན་འཕགས་ཡུལ་དུ་ཐོན་ཏེ་དཀའ་ཚེགས་དུ་མའི་ལམ་འཕྲང་བརྒྱུད་ལོ་གཅིག་གི་རྗེས་སྟེ ༡༩༩༤ལོར་ྋགོང་ས་མཆོག་གི་གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ་སྟེ། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲ་ཚང་དུ་སྒྲིག་ཞུགས་བྱས། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་དང༌། མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་མཆོག །རྒན་བསྟན་འཛིན་ཡོན་ཏན་མཆོག་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས། རིགས་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བྱས་ ༢༠༠༤ ལོར་ཕར་ཕྱིན་སློབ་མཐར་སོན་པའི་རབ་འབྱམས་པའི་ཕྱག་ཁྱེར་དང༌། ༢༠༠༨ ལོར་དབུ་མ་མཐར་སོན་གྱི་རབ་འབྱམས་པའི་ཕྱག་ཁྱེར་བླངས། ལོ་ངོ་དེ་དག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ལ་སོགས་པའི་དྲུང་ནས་དབང་ལུང་མན་ངག་སོགས་ཟབ་ཆོས་མཐའ་ཡས་པའི་སྐལ་བཟང་ཐོབ། སློབ་གཉེར་གྱི་ཞོར་དུ་དཔེ་ཁྲིད་དང་། དེ་བཞིན་སུམ་རྟགས་སོགས་ཀྱི་འཆད་ཁྲིད། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཉིན་གསུམ་རིང་གྲྭ་ཚང་གཉིས་ཀྱི་མཁས་དབང་ཉི་ཤུ་ཙམ་འདུས་པའི་བརྡ་སྤྲོད་བགྲོ་གླེང་ཐོག་རྩོམ་ཤོག་སྒྲོག་སྦྱང་དང་དྲི་བ་དྲིས་ལན། ལྷོ་མཐའི་ཁ་བ་དང༌། ཅང་ཤེས་རྨིག་སྒྲ། ནགས་ལྷའི་སྒྲོན་མེ། སེར་ལྷོའི་རིག་མཛོད་གསེར་གྱི་ལྡེ་མིག །ཨེ་ཝྂ་རང་སྒྲ། འབྲི་ཆུའི་རྦ་རླབས་སོགས་སུ་དཔྱད་རྩོམ་དང༌། འབོལ་རྩོམ། སྙན་རྩོམ། བསྟོད་ཚོགས་སོགས་རྩོམ་ཡིག་མང་དུ་སྤེལ། ༢༠༡༢ ལོར་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས། ༢༠༡༣ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་འཛིན་གྲྭ་ཡོངས་ཀྱི་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ལྷ་རམས་འཛིན་གྲྭར་ཞུགས། ཞོར་དུ་ ༢༠༡༢ནས་སྐབས་གཉིས་པའི་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་།
ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་འཛིན་སྐྱོང་བའི་ལས་ཁུར་ཞུས་ཏེ། <<ནགས་ལྷའི་སྒྲོན་མེ།>> ཞེས་པའི་དུས་དེབ་ལོ་བཞིར་རྩོམ་སྒྲིག་དང༌། བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་དང་། རིག་གཞུང་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་སོགས་གོ་སྒྲིག་ཞུས། ༢༠༡༥ ལོར་ << ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན།>> སོགས་རྩོམ་སྒྲིག་གནང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་ཐུན་མིན་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད་རིག་པའི་སྐོར། རྒྱལ་རབས་ཆོས་འབྱུང་། ལྷག་པར་དུ་གཞུང་ཆེན་བཀའ་པོད་ལྔའི་ཚིག་གི་འགྲོས། ལུང་གི་ཁུངས། རིགས་པའི་སྒྲུབ་བྱེད། རང་ལུགས་ཀྱི་ཟིན་མཚམས། དོན་གྱི་གོ་བ། གཞུང་གི་ཁོག་སོགས་ཚིག་དོན་རྒྱ་མཚོ་ལྟ་བུ་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བཀའ་རམས་ལོ་རིམ་གཉིས་དང༌། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལེགས་སོན་དང་། ལྷག་པར་ལྷ་རམས་ལོ་རིམ་གཉིས་པར་རྒྱལ་སྤྱིའི་སློབ་ཆེན་སྤྱིའི་ལམ་སྲོལ་དང་མཐུན་པར་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་དང་། ཉེར་བཞི། ཉེར་དྲུག །བཅས་བརྗོད་བྱ་གཙོ་བོར་བཟུང་ནས་ཟབ་མོ་དབུ་མའི་གཞུང་ལ་ཉམས་ཞིབ་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་རྩོམ་རྒྱུགས་ལམ་ནས་ཡོངས་སུ་ལེགས་གྲུབ་བྱས་སྟེ་ལྷ་རམས་པ་ངག་གི་དབང་ཕྱུག་ཅེས་པའི་མཚན་གནས་ཐོབ། ༢༠༡༦/ ༡༢ /༢༢ ཉིན་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་བཅུ་པའི་མཛད་སྒོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་བཀའ་རམས་ཀྱི་ཕྱག་ཁྱེར་དང་། སློབ་དཔོན་གྱི་ཕྱག་ཁྱེར་ཐོབ། ༢༠༡༧ /༡༡ / ༢༧ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་དང་། མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་གཞུང་ཆེན་ཁག་ལ་ལྷ་རམས་དགེ་བཤེས་ཀྱི་གྲྭ་སྐོར་དམ་འཇོག་གིས་མཚོན་དགེ་བཤེས་ཀྱི་བྱེད་སྒོ་ལེགས་གྲུབ་དང་། ༢༠༡༨/་༡/༡༠ ནས་ཉིན་དྲུག་རིང་གནས་མཆོག་རྡོ་རྗེ་གདན་དུ་ལྷ་ལྡན་སྨོན་ལམ་འཕར་མ་དང་འཇང་དགུན་ཆོས་ཆེན་མོའི་སྐབས། ལྷ་རམས་དགེ་བཤེས་ཀྱི་གྲྭ་སྐོར་དམ་འཇོག་གི་སྐལ་བཟང་ཐོབ། དེ་རྗེས་གདན་ས་སོ་སོར་སྨོན་ལམ་ཆེན་མོའི་སྐབས་སེ་འབྲས་དགེ་གསུམ་དུ་གྲྭ་སྐོར་དམ་འཇོག་གི་སྐལ་བཟང་མངོན་དུ་བསུས་ནས་ལྷ་རམས་དགེ་བཤེས་ཀྱི་བྱེད་སྒོ་ཡོངས་རྫོགས་ལེགས་གྲུབ་དང་།
༢༠༡༩ / ༡༢ / ༢༢ ཉིན་འཇམ་མགོན་རྒྱལ་བའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་བླ་མ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དང་ཆབས་གཅིག་༸གོང་ས་སྐྱབས་མགོན་མཆོག་དབུ་བཞུགས་ཀྱིས་རི་བོ་དགེ་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དགའ་སྟོན་མཛད་སྒོ་ཐེངས་བཅུ་གཅིག་པའི་ཐོག་ལྷ་རམས་དགེ་བཤེས་ཀྱི་ཕྱག་ཁྱེར་ལེན་པའི་སྐལ་བཟང་ཐོབ།
༢༠༡༨/ ༣ /༢༧ ཉིན་གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་བྱས་ནས་ལོ་གཅིག་རིང་གསང་སྔགས་གཞུང་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་བྱས་ནས་ཆོས་ཐོག་གྲུབ་མཚམས་གསང་སྔགས་གཞུང་ལ་བྲིས་རྒྱུགས་དང་འབྲེལ། ༢༠༡༨/ ༡༢ /༡༥ ཉིན། ཆོས་ཐོག་དང་འཆད་ཉན་ཟིན་པའི་ཕྱག་ཁྱེར། ཞེས་པའི་ཕྱག་ཁྱེར་ཐོབ། ༢༠༡༩ /༦ / ༡༦ ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ལས་ཁུར་དངོས་སུ་ཞུས་ནས་<<ནགས་ལྷ་རྩོམ་སྒྲིག་ཁང་ལོ་བཅུ་འཁོར་བའི་རྗེས་དྲན་གངས་ཅན་རིག་པའི་གཏེར་མཛོད་>>ཅེས་པའི་ཆེད་དེབ་རྩོམ་སྒྲིག་དང་འདོན་སྤེལ་བྱས།
༢༠༡༩/ ༨ /༢༨ ནས་ཉིན་གསུམ་རིང་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་དོན་ལྟར་སེར་བྱེས་གྲྭ་ཚང་གི་བཀའ་བཞིན་ཆེད་བཅར་གྱིས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་རྩོམ་ཤོག་སྒྲོག་སྦྱང་དང་འབྲེལ་ཉིན་གསུམ་རིང་བགྲོ་གླེང་གི་ཆ་ཤས་བླངས།
༢༠༡༩/༡༠/༡༢ ཉིན་ནགས་ལྷ་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོ་ཟབ་རྒྱས་དང་། མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་བདུན་པ་དཀྱུས་གཅིག་ཏུ་གོ་སྒྲིག་ཞུས། ༢༠༡༩ /༡༡ / ༥ ཉིན་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་རྩོད་རྒྱུགས་བྱས་ནས། དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་ཕྱག་ཁྱེར། ཞེས་པའི་ཕྱག་ཁྱེར་ཐོབ། ༢༠༡༩ལོའི་ནགས་ལྷའི་སྒྲོན་མེ་འདོན་ཐེངས་བཅུ་གཅིག་པ་རྩོམ་སྒྲིག་གིས་འདོན་སྤེལ་དང་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་གྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །