རྗེས་དྲན་སེམས་ཀྱི་འཆར་སྒོ།

ལས་སྨོན་སྐལ་པ་བཟང་པོའི་ལྡིང་ཁང་དུ། །

ཐོས་བསམ་སྒོམ་པའི་སྤྲིན་རིམ་ལ་ཆགས་པ། །

ལུང་རིགས་སྤྲིན་གྱི་མེ་ཏོག་རྟག་བཞད་པའི། །

ཆོས་གྲོགས་དབྱར་གྱི་དཔལ་མོ་གཙུག་གིས་མཆོད། །

 

གཞུང་རྒྱ་སྨྲ་བའི་མགྲིན་གླུ་སྙན་སྒྲོག་བཞིན། །

མདོ་སྔགས་རིགས་པའི་ནགས་ཀླུང་ལ་རྒྱུ་བ། །

འཛམ་གླིང་ཞི་བདེར་འབོད་པའི་ཕོ་ཉ་ཁྱུ། །

ཐུབ་བསྟན་ལང་ཚོ་གསར་པའི་རྒྱན་ཞིག་ཡིན། །

 

རྡོ་རྗེ་གདན་དུ་འདུལ་བསྟན་འཛིན་པའི་སྡེ། 

སྔོན་མེད་ལས་གཞི་གསེར་གྱི་མཆོད་སྡོང་ཆེ། །

དབུ་འབྱེད་སྣང་བས་ས་ཆེན་ཁྱབ་བྱེད་པ། །

ཐུབ་དབང་དགྱེས་པའི་མཆོད་སྤྲིན་རྒྱ་མཚོ་ཡིན། །

 

ཡེ་ཤེས་དག་སྣང་གཟིགས་པ་ཆེན་པོའི་ཀློང་། །

ཐུབ་ཆེན་གསེར་གྱི་ཉི་མའི་དཀྱིལ་འཁོར་འཛུམ། །

དགྱེས་བརྩེས་ཅཱོཀ་ལེར་གནང་བའི་ངོ་མཚར་གཏམ། །

ཚངས་དབྱངས་སྙན་པ་རྣ་བའི་བདུད་རྩི་ཡིན། །

 

གསང་གསུམ་མཛད་པ་འབྱམས་སུ་བཀླས་པ་རྣམས། །

སྐྱེ་བོ་ཕལ་གྱིས་སྤྱོད་པའི་གནས་མིན་ཡང་། །

ཡང་དག་གཟིགས་པའི་སྣང་བ་འདི་འདྲ་ཞེས། །

དབུཊ་དབྱུང་ཐོག་མའི་སྐལ་བཟང་འདི་ཀོ་རྨད། །

 

ཐུབ་ཆེན་གངས་ཀྱི་རི་བོ་ལས་འོང་པ། །

སྣ་ཚོགས་སྡེ་པ་སོ་སོའི་ཆུ་ཕྲན་རྣམས། །

ངེས་དོན་རྒྱ་མཚོ་གཅིག་ཏུ་འབབ་བྱེད་པ། །

ཡང་དག་བགྲོ་གླེང་དང་པོ་འབྲས་སྤུངས་འཚོགས། །

 

ཤེས་བྱ་རིག་པའི་གསེར་གྱི་འཁྲི་ཤིང་རྩེར། །

མཛེས་ལྡན་འོད་ལྔའི་ལང་ཚོ་རབ་རྒྱས་པ། །

སྣ་ཚོགས་འབྲས་བུའི་ཁུར་གྱིས་མཛེས་པ་ཡི། །

ཡལ་འདབ་བརྒྱ་པ་སིང་ག་གླིང་ན་གྲོལ། །

 

གཞི་གསུམ་གསེར་གྱི་ས་གཞི་མཛེས་པའི་སྟེང་། །

བསླབ་གསུམ་ཉམས་བཞེས་ཚལ་གྱིས་གང་བ་ཡི། །

མདོ་སྔགས་རིག་པའི་ཚལ་ཆེན་ལ་དགའ་བའི། །

ལུང་རིགས་གཤོག་ཟུང་ཡངས་པོ་ཐེ་ལན་བརྐྱངས། །

 

སིང་ག་གླིང་དང་ཐེ་ལེན་ཡུལ་གྲུ་ཀུན། །

རི་ལུང་ཐང་གསུང་རྟེན་གསུམ་གྱིས་མཛེས་པ། །

གནས་ས་རི་ཁྲོད་བྱིན་ཆེན་ཆགས་པའི་ཡུལ། །

འགྲུལ་བཞུད་སྐལ་བཟང་འདི་ཀོ་ཨེ་མ་རྨད། །

 

སྔོན་བྱོན་སྟོན་ཆེན་མཆོག་གི་ཞབས་རྗེས་དང་། །

ཉིད་ཀྱི་དབུ་སྐྲ་འབྲེག་བྱེད་རལ་གྲི་དང་། །

རིང་བསྲེལ་རྣམ་བཞིས་གཏམས་པའི་མཆོད་རྟེན་སོཊ། །

རྟེན་གསུམ་ཚར་དུ་དངར་བའི་བྱིན་ཆེན་ཐོབ། །

 

དམར་སེར་ལི་ཁྲིའི་མཚོ་ཆེན་འཕྱུར་འདྲ་བ། །

པཱ་ལིའི་ཆོས་རྒྱུད་འཛིན་པའི་གནས་བརྟན་སྡེ། །

ཞི་དུལ་འདུལ་བའི་ཕྱག་ལེན་རབ་གཙང་བ། །

འདུལ་བསྟན་དྲི་མེད་སྐྱོང་བའི་རྣམ་ཐར་མཛེས། །

 

དུས་རབས་ཉེར་གཅིག་ནད་མུག་འཁྲུག་རྩོད་སོགས། །

ཞི་བྱེད་སྨན་ཆེན་ཞི་བསིལ་དམ་པའི་ཆོས། །

འདུལ་བསྟན་འདི་ཉིད་ཡིན་ཞེས་མཁས་ཀུན་གྱིས། །

དཔྱད་གསུམ་དག་པའི་གཏན་ཚིགས་ཡང་ཡང་བཀོད། །

 

དེ་ཕྱིར་ཐུབ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི། །

ལམ་སྟོན་རིན་ཆེན་གསེར་ལས་ལྷག་པའི་དཔེ། །

གོང་ས་མཆོག་གི་བཀའ་ལུང་སྤྱི་གཙུག་གི། །

མཛེས་རྒྱན་ཁོ་ན་ཡིན་ཞེས་མཁས་རྣམས་བསྟོད། །

 

ཐེག་པ་ཆེ་ཆུང་མཐུན་པའི་ལམ་ཡངས་སུ།  །

ཞུགས་ནས་འགྲོ་ཀུན་ཞི་བདེའི་རྒྱ་མཚོ་ཆེར། །

རྫོགས་ལྡན་གསར་པའི་དགའ་སྟོན་ལ་རོལ་ཕྱིར། །

ཐུབ་བསྟན་འཛིན་སྐྱོང་སྤེལ་གསུམ་གལ་ཆེན་གསུངས་། །

 

དེ་ལྟར་མཇུག་གི་བཀྲ་ཤིས་དགེ་བའི་དཔལ། །

པོ་ཏཱ་ལ་ཡི་གཟི་བྱིན་འཕོས་འདྲ་བ། །

དྷོ་ལ་དྷ་རིའི་ཕང་པར་རབ་མཛེས་པ། །

རྒྱལ་བའི་ཕོ་བྲང་ཡིད་འོང་དགའ་ཚལ་དུ། །

 

བརྩེ་ཆེན་ཐུགས་རྗེའི་གཟིགས་པ་མི་ལྷོད་པར། །

གསུང་གིས་དབུཊ་དབྱུངས་སྩལ་བའི་སྐལ་བཟང་འདི། །

སྟོང་གསུམ་ནོར་ཀྱི་བླུས་ཀྱང་ཁུག་པ་མིན། །

ཨེ་མ་སྔོན་བསགས་བསོད་ནམས་ཆེ་འོ་སྙམ། །

 

ཐོག་མའི་དབུ་འབྱེད་ཐ་མའི་མཇུག་སྡོམ་བར། །

ལས་གཞི་འདི་ཡི་འགོ་མཇུག་བར་གསུམ་གྱི། །

ཕྱི་ནང་གསང་གསུམ་མཛད་འཕྲིན་ཡོད་དོ་ཅོག །

མགོན་པོ་མཆོག་གི་ཐུགས་རྗེའི་རོལ་གར་ཡིན། །

 

ཤེས་རིག་ནོར་བུའི་ཚོགས་ཀྱིས་གང་བ་ཡི། །

ཆོས་གྲོགས་ཀླུ་དབང་གཙུག་ན་རིན་ཆེན་བདག །

བཤད་སྒྲུབ་དཔལ་གྱི་ལོངས་སྤྱོད་རབ་རྒྱས་ཀྱང་། །

འདོད་ཆེན་སྒྲ་ཀུན་བཞིལ་བའི་རྣམ་ཐར་མཛེས། །

 

མདོར་ན་ས་གསུམ་རྣམ་པར་དཀར་བའི་དགེ། །

དགེ་ཚོགས་གངས་རིའི་མདངས་འཛིན་ཇི་སྙེད་ཀུན། །

ཀུན་ཀྱང་བསྟན་པ་རིན་ཆེན་འཛིན་པའི་མགོན། །

མགོན་པོའི་བཞེད་དགོངས་ཡང་དག་འགྲུབ་ཕྱིར་བསྔོ། །

 

བགྲོ་གླེང་ཞུགས་པའི་སྙིང་པོ་མདོར་བསྡུས་པ། །

གོ་བདེར་ཚིགས་བཅད་ཉི་ཤུའི་བདག་ཉིད་འདི། །

རྗེས་དྲན་སེམས་ཀྱི་འཆར་སྒོ་མི་ནུབ་ཆེད། །

ནགས་ཤོད་སྐལ་རྒྱན་བྱ་བས་ཤར་མར་སྤེལ། །

 

ཞེས་པ་ཚིག་བཅད་ཉི་ཤུའི་བདག་ཉིད་འདི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་དབར་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དང་འབྲེལ་བའི་དབུ་འབྱེད་མཛད་སྒོར་རྡོ་རྗེ་གདན་དུ་འཚོགས་པ་དང་དེ་རྗེས་གདན་ས་ཆེན་པོ་འབྲས་སྤུངས་དང་། སིང་ག་གླིང་། ཐེ་ལེན་བཅས་རྒྱལ་ཁབ་གསུམ་ནང་བགྲོ་གླེང་མཉམ་ཞུགས་བྱས་པའི་མཐོང་ཐོས་མྱོང་གསུམ་སྐོར་ཅུང་ཙམ་བཀོད་པ་འདི་ནགས་ཤོད་སྐལ་རྒྱན་པས ༢༠༢༣.༩.༢ ཉིན་སྦྱར་བའོ། །

Related Articles