སྐྱོ་བའི་དངན་པ།

ནགས་ཀྱི་ཤིང་ལོ་ནས།

ཁ་སྔོན་ཡིད་འོང་འདབ་མ་དམར་ཞིག་སྨུག །
མཐོང་ཙམ་ཉིད་ལ་སེམས་འདི་སྦྲང་མ་གྱུར།།
ཚོར་བའི་གཤོག་ཟུང་བརྐྱངས་པའི་སྣེ་མོ་ནས།།
ཟིར་ཟིར་དབྱངས་ཀྱིས་ཁྱོད་ལ་སྙན་ངག་གྱེར།།

དེ་རིང་མཐོང་དུས་འདབ་མ་རྙིད་པ་འདིས།།
ཡིད་ཀྱི་བུང་བ་སྐྱོ་བའི་དངན་པ་ཤོར།།
ཚོར་བའི་གཤོག་ཟུང་ས་རུ་ལྷུང་དང་ལྷན།།
ཟིར་ཟིར་སྐད་ཀྱི་སྙན་ངག་རླུང་གིས་ཁྱེར།།

ལུས་ཀྱི་སྡོང་པོ་ཚ་བས་འབར་རམ་ཅི།།
སེམས་ཀྱི་རྩ་བ་རླན་དང་བྲལ་སོང་ངམ།།
སྲོག་གི་སྐུད་པ་ཕྲ་མོ་ཆད་དམ་ཅི།།
གློ་བུར་ཁྱེད་ཀྱི་མཛེས་སྡུག་སུ་ཡིས་བཅོམ།།

མཛེས་པའི་དུས་དེར་ཁྱོད་ཀྱི་འདབ་མར་ཆགས།།
བརྩེ་བའི་ཟོལ་གྱིས་ཆུ་ཡིས་ཡང་ཡང་གཏོར།།
སྐེམ་པའི་དུས་འདིར་ཁྱོད་ལས་བདག་གི་ཡིད།།
སུན་པའི་སྣང་བ་སྐྱེ་འདི་ཅི་ཞིག་ཡིན།།

མི་རྟག་འགྱུར་བའི་གཤིས་ཀྱི་གནས་ལུགས་དེས།།
ཡོད་ཚད་རྫུན་གྱིས་བཅོས་པའི་འཇིག་རྟེན་ན།།
ཡོད་ཙམ་ཞིག་ལ་མེད་པའི་སྐྱེ་འཇིགས་འདི།།
རྟེན་འབྱུང་སྒྱུ་མའི་མིང་གི་བཏགས་འདི་བདེན།།

༢༠༡༧–༢–༢༣

Related Articles