༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག
ཆོས་ལྡན་བཟང་པོ།
རྒྱ་གར་འཕགས་པའི་ཡུལ་ན།།
དབྱངས་གསལ་དཔེ་བླངས་མཛད་དེ།།
ཚ་གྲང་དཀའ་བ་མང་པོ།།
སྙིང་གི་རུས་ལ་བཟུང་སྟེ།།
བསིལ་ལྡན་ཁ་བའི་ཞིང་ན།།
བསྟན་པའི་དར་སྒོ་ཕྱེ་བས།།
ཆོས་ཀྱི་ཉི་མ་ཤར་ཞིང་།།
མདོ་སྔགས་ལུགས་ཟུང་འབྲེལ་བའི།།
ཟབ་ཆེན་ཤེས་བྱའི་ཆོས་ཉིད།།
ས་དར་རྡོ་དར་བྱུང་ཞིང་།།
ཆོས་རྒྱལ་ཉི་ཟླ་ལྟ་བུའི།།
དཔོན་སློབ་འཁོར་དང་བཅས་པས།།
རིག་འབྱུང་བསམས་ཡས་དགོན་པ།།
བཞེངས་ནས་དབུ་རྩེ་བསླངས་སོང་།།
རྒོལ་ངན་ཧ་ཤང་ལྟ་བུའི།།
ལམ་དོན་འཁྲུལ་བ་ཅན་ལ།།
འཆད་རྩོད་དགག་བཞག་སྤྱད་དེ།།
ཡང་དག་སྟོན་པའི་ལམ་གསུང་།།
ལེགས་པར་བསྟན་ལ་ཕབ་སྟེ།།
འདུལ་ཁྲིམས་བཙུན་པའི་སྡོམ་པ།།
ཐོག་མའི་དབུ་རྩེ་བསླངས་ཏེ།།
གཞན་ལས་ཁྱད་དུ་འཕགས་པའི།།
བསྟན་པའི་རྗེས་འཇུག་འགྲོ་བའི།།
ལེགས་བརྟག་དཔྱད་པ་གནང་ནས།།
མི་སྐྱ་རབ་བྱུང་མཛད་ཅིང་།།
བཀའ་བསྟན་རབ་འབྱམས་སྤུངས་ཚོགས།།
རང་སྐད་ཐོག་ལ་ཕབ་སྟེ།།
རིན་ཆེན་བང་མཛོད་སྒོ་མོ།།
འབྱེད་པའི་གསར་བཏོད་གནང་ཡོད།།
སྔོན་རྒྱུད་དམངས་སྒྲུང་རིག་པ།།
གདོད་སྐྱེས་ལྷན་བྱུང་སྒྱུ་རྩལ།།
མི་ཉམས་གོང་འཕེལ་འོང་བས།།
ཕྱི་རབས་མིག་རྒྱན་འདྲེན་མཁན།།
མེས་དབོན་སྲོང་བཙན་རྒྱལ་པོས།།
ཐུགས་རིག་ཤེས་རྒྱ་ཡངས་པའི།།
མི་རིགས་གཞན་དང་འདྲ་བའི།།
ཕན་ཚུན་བསམ་པ་མཚོན་བྱེད།།
ནང་ཁུལ་བཅའ་ཁྲིམས་བཟོ་བྱེད།།
དར་བའི་ལོ་རྒྱུས་གསོག་སའི།།
སྐད་ཀྱི་བརྡ་སྤྲོད་ཐུབ་པའི།།
སྔོན་མེད་ཡི་གེ་བཟོ་རྒྱུའི།།
དགོངས་པ་འཆར་གཞི་འཁྲུངས་ནས།།
ཐུགས་རིག་འགྲན་ཟླ་བྲལ་བའི།།
ནང་བློན་ཐོན་མི་ཁོང་ལ།།
ལམ་བགྲོད་རྒྱགས་ཕྱེ་བསྐུར་ཏེ།།
གནས་ཡུལ་འཕགས་པའི་ཞིང་དུ།།
རོགས་པ་མི་བཅུ་མཉམ་དུ།།
བཏང་ནས་ཐུ་མི་ཁོང་གིས།།
བློ་རིག་རྣམ་པར་བཀྲ་བས།།
དཀའ་སྡུག་ཕྲག་ཏུ་བླངས་ཤིང་།།
ཉིན་མཚན་དབྱེར་མེད་ཀུན་ཏུ།།
བརྩོན་པའི་ངལ་བས་བསུས་པས།།
མི་ལོ་བདུན་ཙམ་རྗེས་ནས།།
ལེགས་སྦྱར་ལྷ་ཡི་སྐད་ལ།།
ཚེགས་མེད་མཁྱེན་པར་གྱུར་ཏེ།།
རང་སྐད་བརྡ་ལ་མཁོ་བའི།།
བླ་སྲོག་ཡི་གེའི་ཚེ་སྲོག།
བསྐྲུན་པའི་མ་ལག་དྲངས་ཏེ།།
ཕོ་བྲང་མ་རུ་མཁར་ན།།
བཟོས་པའི་ལོ་རྒྱུས་ཡོད་དོ།།
སྔ་རབས་ལོ་རྒྱུས་བྱུང་བ།།
ཕྱི་དར་གཞུང་ལ་སྤེལ་ཞིང་།།
མ་འོངས་ངེད་ཅག་རིག་གཞུང་།།
རིན་ཐང་ཀུན་ལས་བཀྲ་བས།།
ཐུགས་ཀྱི་དགོངས་པར་གཞིགས་ཤིང་།།
རླབས་ཆེན་བྱས་རྗེས་མཇལ་ཚེ།།
དེང་རབས་ཚན་རྩལ་བསམས་ཤིང་།།
བརྡ་འཕྲིན་བཀོལ་སྤྱོད་ཐུབ་པའི།།
ཡ་མཚན་དངོས་རིགས་མོད་པོ།།
གསར་བཏོད་མཛད་པ་ཡོད་ཀྱང་།།
སུམ་གཉིས་ས་གཞིར་བསྒྱུར་ཞིང་།།
དཔའ་མཛངས་བློ་གྲོས་ལྡན་པའི།།
གསར་གཏོད་ཁྱེད་ཉིད་འདྲ་བ།།
འགྲན་པའི་དོ་ཟླར་མི་རྙེད།།
མི་རིགས་གཅིག་ཏུ་སྒྲིལ་བྱེད།།
བཅའ་ཁྲིམས་བརྟན་སྲུང་འཛིན་བྱེད།།
དཔུང་དམག་བློ་ཇུས་རྒྱས་བྱེད།།
རྒྱལ་བློན་བཀའ་གྲོས་སྡུར་བྱེད།།
ཁྱེད་ཀྱི་བློ་ཡི་རྩལ་ལས།།
ཐོན་པའི་ཡིག་གཟུགས་དེ་ཡིས།།
བསྟན་པའི་ལེགས་བཤད་ཡིན་གྱི།།
བྱུང་བའི་བསོད་ནམས་མ་ཡིན།།
བརྡ་སྤྲོད་རིག་པའི་ལམ་ཆེན།།
བཏོད་དེ་ཡུན་རིང་སོང་ཡང་།།
བདག་འདྲའི་བློ་མིག་ལྡོངས་བའི།།
དཔྱོད་པའི་བརྩོན་འགྲུས་བྲལ་ཏེ།།
མ་ལྡེང་མི་འགྲིག་ཟེར་བཞིན།།
འཆལ་བཤད་ལུང་པ་གང་གིས།།
བཀའ་དྲིན་གཞལ་ཐབས་བྲལ་བའི།།
མཁས་མཆོག་ཀུན་གཟིགས་ཁྱེད་ལ།།
སྨད་པའི་ངོ་ཚ་བསམས་ན།།
མནོ་མེད་དུད་འགྲོ་ལས་ཀྱང་།།
དམན་པའི་བློ་ལས་མི་ལྡན།།
ཚོར་མེད་ཕུང་པོ་ལས་ཀྱང་།།
སྡུག་པའི་གཞི་ལས་མི་འདུག།
སྲོལ་བཟང་ལེགས་བཤད་སྦྲང་ཆར།།
སྙིང་བཅུད་སྦྲང་རྩིའི་རོ་བཅུད།།
རྐང་དྲུག་བུ་ཚས་མི་འཐུང་།།
སེམས་པ་སྐྱོ་བས་གདུང་བྱུང་།།
སྔོན་མེད་གསར་སྐྲུན་རིན་ཐང་།།
ཕ་ལམ་གསེར་དང་འདྲ་ཡང་།།
རྣམ་དཔྱོད་གཞན་ལུགས་ཁོ་ནར།།
ཆགས་པས་སྣང་བར་སྐྱོ་བ།།
ཡ་རབས་གོམས་གཤིས་མཛེས་པ།།
རྒན་རབས་བཀུར་སྟིའི་གུས་ཞབས།།
རྗེས་ལུས་རྨོངས་དད་ཟེར་ནས།།
ཕྱི་ལུགས་ཁྲ་ཁྲ་ཟིང་ཟིང་།།
མོས་ལ་འདོར་བས་སྐྱོ་བ།།
ཕ་སྐད་གསེར་ཟངས་རྡོ་རྗེ།།
མཆིང་བུའི་རྡོ་རུ་བཟུང་སྟེ།།
གཞན་སྐད་ར་གན་འོད་ལ།།
ཞེན་པས་སྣང་བ་སྐྱོ་བ།།
གངས་ཅན་རིག་གནས་ཀྱི་བྱེད་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་སྲོང་བཙན་སྒམ་པོ་མཆོག་དང་མཛངས་མི་བདུན་གྱི་གཉིས་པར་གྲགས་པའི་ཐོན་མི་སམ་བྷོ་ཊ་རྣམ་གཉིས་ཀྱི་མཛད་རྗེས་མདོར་བསྡུས་ཙམ་ཞིག་ས་རཱ་མཐོ་སློབ་ནས ༢༠༡༣ ཟླ ༨ ཚེས ༢༥ ཉིན་སྤེལ།