ནགས་ཀྱི་ཤིང་ལོ་ནས།
མཐོ་རི་བོའི་རྩེ་མོ་སྤྲིན་གྱིས་རུམ།།
བར་སྤང་ལྗོངས་རྟ་ནོར་ལུག་གིས་རྒྱན།།
མདའ་རྒྱལ་མོ་དངུལ་ཆུ་དལ་གྱིས་འབབ།།
ཡུལ་འབྲི་རུའི་རྒྱབ་རི་ནགས་ལྷ་རེད།།
ཕྱག་གཡས་གཡོན་ལག་སྐོར་ཕྲེང་བས་རྒྱན།།
ཞལ་མུལ་མུལ་མ་ཎི་སྐྱབས་འགྲོ་ཟློ།།
ཡིད་དད་པ་དཀོན་མཆོག་གསུམ་ལ་ཆེ།།
སྡེ་འབྲི་རུའི་རྒན་རབས་ཆོས་ལ་དགའ།།
ལོ་ཆུང་ཆུང་སློབ་ཁུག་རྒྱབ་ཏུ་ཁུར།།
ལག་ཆུང་ཆུང་དཔེ་དེབ་སྙུ་གུ་བཟུང་།།
སྐད་ཆུང་ཆུང་དབྱངས་གསལ་སོ་བཞི་སྙན།།
ཡུལ་འབྲི་རུའི་གཅེས་ཕྲུག་སློབ་ལ་བརྩོན།།
ལུས་ཁོག་སྟོད་གྲུ་བཞི་ལམ་མེ་ལམ།།
དཔུང་གཡས་གཡོན་ཤ་རྒོད་རིལ་ལེ་ལེ།།
རྡོ་ཕ་བོང་འགྱོག་ལ་བྲེལ་སེ་བྲེལ།།
སྡེ་འབྲི་རུའི་ཕོ་གསར་ཤེད་ལ་དགའ།།
ལུས་ལྡེམ་ལྡེམ་ལྕུག་ལ་སྐད་པ་ཕྲ།།
ངག་སྙན་སྙན་འཇམ་ལ་འགྱུར་ཁུག་ལྡན།།
སེམས་དཀར་དཀར་གཙང་ལ་བཞིན་རས་མཛེས།།
ཡུལ་འབྲི་རུའི་བུ་མོ་གཞས་ལ་དགའ།།
གླུ་ལ་གཞས་ཁ་མཚར་ཚག་སེ་ཚག །
གཞས་ཞབས་བྲོའི་རྡོག་བྲོ་འགྲིག་སེ་འགྲིག །
ཡིད་དགའ་བའི་འཛུམ་མདངས་ཡ་ལ་ལ།།
སྡེ་འབྲི་རུའི་ན་གཞོན་རྩེད་ལ་དགའ།།
དཀར་ལམ་ལམ་ཁ་བ་བབ་འདྲ་དང་།།
སེར་ལྡེམ་ལྡེམ་ཉི་མ་ཤར་འདྲ་བོ།།
དམར་འཁྱུག་འཁྱུག་མེ་ལྕེ་མཆེད་པ་འདྲ།།
སྡེ་འབྲི་རུའི་དབྱར་ཁའི་དུས་སྟོན་རེད།།
གནམ་སྔོན་པོ་ཐང་ལ་ལྷུང་འདྲ་དེར།།
སྦྲ་གུར་མོ་སྐར་མ་སྟོང་ཤར་འདྲ།།
ནང་ཕ་མ་ཉི་ཟླའི་ཚུལ་དུ་བཞུགས།།
ཡུལ་འབྲི་རུ་མཐུན་ལམ་ཟབ་ས་རེད།།
དབྱར་སྤང་ལྗོངས་གཡུ་ཡི་མེ་ལོང་ངོས།།
མཛེས་མེ་ཏོག་ཚོགས་ཀྱིས་ཞབས་བྲོ་རྡུང་།།
ཕྱོགས་བུང་བའི་ཚོགས་རྣམས་འགྲམ་ཆུ་ཤོར།།
སྡེ་འབྲི་རུ་གཞས་ཀྱི་ཕ་ས་རེད།།
ཐོག་སེར་བའི་ངར་ཁ་ཚ་ན་ཡང་།།
རི་ནགས་ལྷ་སྔར་བརྗིད་ད་མཐོ་རེད
རླུང་བུ་ཡུག་འཚུབ་ཁ་ཆེ་ན་ཡང་།།
རྩི་མེ་ཏོག་སྔར་ཡག་ད་མཛེས་རེད།།
༢༠༡༧—༧—༣༡