ལམ་བཟང་པོས།
ག་དུས་བྲེལ་བ་ཆེ་ནས་ཤག་ཤག་ཤག།
ཆར་པ་ཁྱོད་ནི་དེ་འདྲའི་མ་རབས་ལ།།
ང་ནི་ཁྱོད་འདྲ་སྒྲིག་མེད་དེ་འདྲ་མིན།།
དུས་ཚོད་ཏག་ཏག་སློབ་གྲྭར་འབྱོར་དགོས་ཡོད།།
ག་དུས་སྒོ་རུ་དོན་ནས་ཟིམ་ཟིམ་ཟིམ།།
ཆར་པ་ཁྱོད་ནི་དེ་འདྲའི་མ་རབས་ལ།།
ང་ལ་དུག་ལོག་འབེལ་བོ་དེ་འདྲ་མེད།།
འདི་དག་སྦངས་ན་སང་ཉིན་ཅི་ཞིག་གོན།།
ག་དུས་ཆད་པར་སྒུག་ནས་ལུད་ལུད་ལུད།།
ཆར་པ་ཁྱོད་ནི་དེ་འདྲའི་མ་རབས་ལ།།
ང་ཡི་ཆར་གདུགས་དེ་ཡང་བརླགས་ཚར་གདའ།།
ད་ནི་མ་འབབ་སྐུ་ཆེ་རེ་བ་ཡིན།།
དུས་ཚོད་དྲུག་པ་ཏག་ཏག་བསླེབ་དགོས་ཡོད།།
རྒན་ལགས་ཁོང་ཚོས་བལྟས་ནས་བསྡད་ཡོད་རེད།།
རྗེས་ལུས་ཐེབས་ན་རྩོམ་ཡིག་འབྲི་དགོས་རེད།།
ཆེ་རུ་ཆེ་རུ་མ་གཏོང་ཚེ་རིང་རྒྱུ།།
ཨ་ཙི་དུས་ཚོད་ཞེ་དྲག་ལྷག་མི་འདུག།
གླ་བྱེད་རླངས་འཁོར་གླ་བའི་སྒོར་མོ་མེད།།
འགྲུལ་སྐྱེལ་རླངས་འཁོར་ཞེ་བོ་འགོར་འགྲོ་རེད།།
མ་འབབ་ལབ་པ་གོ་གི་མི་འདུག་གམ།།
རེ་བ་རྒྱག་དུས་སྡུག་ཏུ་སྡུག་ཏུ་རེད།།
ཁྱོད་རང་སེམས་པ་སོལ་བ་ལས་ཀྱང་ནག།
ད་དུང་ཆད་འདོད་གཏན་ནས་མེད་སོང་ན།།
སྦལ་པ་བཟུང་ནས་མེ་ལ་བསྲེག་རྒྱུ་ཡིན།།
ཀླུ་དབང་རྒྱལ་པོར་ཁ་པར་གཏང་རྒྱུ་ཡིན།།
ཁྱོད་རང་བྱེད་སྟངས་ཚང་མ་ལབ་རྒྱུ་ཡིན།།
སྤྲེའུ་སྨྱོན་པར་རོགས་པ་འཁྲིད་རྒྱུ་ཡིན།།
གསེར་རྒྱུགས་གཡུགས་ནས་རྩ་གཏོར་གཏང་རྒྱུ་རེད།།
གྲོག་མའི་ཁང་པ་ཚང་མ་བཤིག་ཚར་སོང་།།
གྲོག་མ་ཆེ་ཆུང་མེད་པར་ཁྱེར་ཚར་སོང་།།
ཁྱེད་རང་སྡིག་པ་བསགས་ཚར་སོང་།།
ཤི་དུས་དམྱལ་བ་མ་གཏོགས་འགྲོ་ས་གང་།།
ད་ནི་ཁྱེད་རང་ཆད་ནས་དགའ་རྒྱུ་མེད།།
ད་ནི་ཁྱེད་རང་བབས་ནས་སྡུག་རྒྱུ་མེད།།
ང་རང་ཤོག་བུའི་སྐྱེ་བ་བླངས་པ་མིན།།
ང་རང་གྲོག་མ་བཞིན་དུ་ཆུང་ཆུང་མེད།།
འགྲོ་གི་ཡིན་དཱ་རློན་པ་ཆགས་ནས་ཆགས།།
འགྲོ་གི་ཡིན་དཱ་ག་ཚོད་བབས་ནས་བབས།།
མི་ཉན་ཁྱོད་ལ་རེ་བ་བྱེད་པ་ལས།།
ང་རང་རྒྱུགས་ཤར་གློད་ནས་ཕྱིན་ན་དགའ།།
སློབ་གྲྭར་ལོག་དུས་ཆར་པ་མ་ཆད་ནས་སྒུག་བཞིན་པའི་སྐབས་སུ་ཆར་པ་ལ་ཁ་གཏད་དེ་ཨམ་གཙིགས་སྡོམ་བཞིན་བྲིས།