རྣམ་ཤེས།

ནགས་ཀྱི་ཤིང་ལོ་ནས།

སྣང་བ་རླུང་གིས་བདས་པའི་མཁའ་དབྱིངས་སུ།། དེང་རབས་ཤེས་རིག་འབུམ་གྱི་འཇའ་འོད་འཁྲིགས།།
སྟོང་བསམ་གཤོག་ཟུང་བརྐྱངས་པའི་སྣེ་མོ་ནས།། མཐོང་བྱེད་མུན་དུ་འཁྱུད་པའི་བྱ་ལོང་ཞིག །

ཟླ་བ་མཚོ་རུ་ཟག་པའི་མཚན་མོ་ན།། མིག་ཟུང་རྒྱང་དུ་གཏད་པའི་རླུང་བུའི་ཁྲོད།།
ཆུ་ཁའི་ཟིལ་བ་འཕྲོ་བའི་རྩྭ་རྩེ་ནས།། ཟླ་འོད་དཀར་འཇམ་ཞིག་གིས་སེམས་པ་གསོས།།

འཆར་ཡན་མུན་དུ་ཟུག་པའི་ཚོར་བའི་ཀློང་།། ཁ་མདོག་མོག་མོག་ཞིག་གི་དུས་ཚོད་ནང་།།
སེམས་ཀྱིས་རི་མོ་བྲིས་པའི་གྱང་ལྡེབས་ནས།། ལྷང་ལྷང་འཁྲོལ་བའི་སྙན་འཇེབས་གླིང་བུ་ཞིག །

རྐང་རྗེས་བྱེ་མར་བཞག་པའི་ལྷོ་མཐའ་རུ།། བྱེ་རླུང་ཚ་བས་གདུང་བའི་རླངས་པ་དེས།།
ལུས་ཀྱི་ཟུངས་ཁྲག་སྐམ་པའི་འཁྱམ་པོ་ཞིག །རྣམ་ཤེས་ཕྲ་མོ་ཁ་བའི་རི་ལ་ཤོར།།

ཡོད་ཚད་ཁ་ཁུ་སིམ་པོའི་ས་སྲོད་དེར།། དབུགས་ཀྱི་རྒྱུ་བ་དལ་བའི་སྒྲ་ཡང་ཐོས།།
རྟོག་བཏགས་སེམས་ཀྱིས་སྐྲུན་པའི་སྒྱུ་མའི་གྲོང་།། ཡིད་ཀྱི་ཤིང་རྟ་གཞོན་ནས་ལྟད་མོར་འགྲོ །

༢༠༡༦—༡༢—༣༠

Related Articles