སྐྱོ་གདུང་དང་མིག་ཆུ།

འབྲི་རུ་བྱ་ལག །

ལས་དབང་ནི་ཅི་འདྲའི་གདུག་རྩུབ་དང་མནར་གཅོད་ཆེ་བ་ལ།
ངེད་ཚང་གི་ཕ་གཞིས་ཤར་གྱི་དུག་རླངས་ནག་པོས་གནམ་སར་གཏོར་ཞིང་།
ཤུལ་དུ་ལུས་པའི་དྭ་ཕྲུག་འདི་དག་གི་ལུས་སེམས་ལ་སྡུག་གི་མུན་ནག་འཁྲིགས།
སེམས་ཁོང་དུ་གྲང་འདར་དང་གྲང་རླུང་གིས་གཡོ་ཞིང་།


མཐོ་སྒང་འདིར་ཁྲག་རིས་ཀྱི་འཇའ་ཚོན་འཐེན།
བེམ་རོ་ཕ་མཁར་བརྩིགས་པའི་དུར་ས་ནས།
རླུང་ཚུབ་དང་དྲག་ཆར་གྱི་གསེབ་ནས་སྐྱོ་གདུང་གི་གྲང་འདར་ཤོར།
སྡུག་གི་མིག་ཆུས་ས་གཞི་ཐམས་ཅད་བརླན།


ཅི་འདྲའི་དཀའ་ཚེགས་ཆེ་བའི་མཐོ་སྒང་འཇིག་བརྟེན་གྱི་དམྱལ་བ།
དུར་སའི་གསེབ་ནས་ངེད་ཚང་གི་སྤུན་ཟླའི་རྣམ་ཤེས་ཀྱིས།
བམ་མཁར་འཐམ་ཞིང་སྐྱོ་གདུང་གིས་ངུ་སྒྲས་གནམ་ས་ཁེངས་དུས།
དཀོན་མཆོག་ཡོད་ན་བྱམས་དང་སྙིང་རྗེས་གཟིགས་དགོས་ལ།


ལྷ་དང་སྲུང་མ་ཡོད་ན་མཐུ་རྩལ་གཏང་དགོས།
མ་འོངས་མཁྱེན་པའི་སྔོན་ཤེས་ཡོད་ན་ལམ་སྟོན་གནང་དགོས་ལ།
སྔགས་པ་དང་མོ་པ་ཡོད་ན་གདོན་བགེགས་འཇོམས་ཡང་དགོས།
ཡིན་ན་ཡང་ངེད་ཚང་གི་སྡུག་བསྔལ་ལ་འགྱུར་བ་གཏན་ནས་མེད་པ་འདི་སུ་ཞིག་གི་ལེན་པ་རེད།


ལྷ་སྲུང་ལ་མཐུ་ནུས་མེད་པ་ཡིན་མི་སྲིད་ལ་དཀོན་མཆོག་ལ་ཉེ་རིང་ཡོད་པ་ཡང་དེ་བས་མི་སྲིད།
ཡོད་ཚད་ལས་དབང་འདིས་བྱས་པ་ཡིན།
ལས་དབང་ནི་ལྷ་སྲུང་ལས་ཀྱང་མཐུ་ནུས་ཆེ་ལ་དཀོན་མཆོག་ལས་ཀྱང་དབང་བཙན་པའི་ཤན་པ་ལག་དམར་ཞིག་ཡིན་ནམ།

Related Articles