ཅལ་འདྲོགས་ཀྱི་མཚོན་དཔེ།

ནགས་ཤོད་སྐལ་རྒྱན།

མཐོ་སྒང་འདིར་བརྗིད་ཉམས་ལྡན་པའི་ནང་བསྟན་གྱི་ཁང་བཟང་ཞིག་བསླངས་ཡོད་དེ་ནི་མེས་པོའི་བླ་མཁར་དང་མ་འོངས་བོད་ཀྱི་བདེ་སྐྱིད་ཀྱི་མཁར་རྫོང་ཡང་ཡིན་ངེས།

འོན་ཀྱང་སྐྱེ་བོ་འགས་རྨང་ནས་རྩ་གཏོར་དགོས་པའི་དྲན་བསྐུལ་དང་འབད་བརྩོན་བྱེད་བཞིན་ཡོད། ནམ་ཞིག་མཁར་རྫོང་དེ་ཞིག་རལ་དུ་གཏོང་ཚེ། འཇིག་རྟེན་འདིར་སས་མི་ཐེག་པའི་གྱོང་གུད་ཅིག་ཡིན་པ་སྨོས་ཅི་དགོས། སྐད་ཡིག་འདི་འཇིག་རྟེན་འདིར་འཚོ་གནས་མ་ཐུབ་ན་ཕྱི་མའི་ཡང་སྲིད་ཅིག་རྩ་བ་ནས་འཁྲུངས་མི་སྲིད། རྒྱུ་མཚན་དེ་དག་གིས་བོད་སྤྱི་ལ་མཁོ་བའི་སྐད་ཡིག་དེ་ད་ལྟ་ནས་སྲུང་སྐྱོབ་དགོས་པའི་བསྐུལ་མ་དུས་ལ་བབ་ཡོད། བསམ་བློ་བསྐྱར་མ་ཞིག་བཏང་ན་གཞན་གྱི་སྐད་ཡིག་དང་རིག་གཞུང་ལ་ལེགས་ཆ་ཡོད་མོད། སོ་སོའི་སྐད་ཡིག་གི་ཚབ་མཚོན་ནམ་ཡང་མི་རུང་བའི་ཚུལ་ནི། རང་རྒྱལ་དུ་གྲང་ཉུང་མི་རིགས་ཀྱིས་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཡོངས་སུ་དགོས་ངེས་ཤིག་ཡིན་རུང་དེས་རང་གི་མི་རིགས་ཀྱི་སྐད་ཡིག་གི་ཚབ་གཏན་ནས་བྱེད་མི་རུང་ཞེས་དེང་རབས་ཀྱི་གསར་རྗེ་བ་ཕུན་དབང་གིས་བཤད་ཡོད། སྤྱི་ཚོགས་བསམ་བློ་བ་བཀྲ་ཤིས་ཚེ་རིང་གིས། གལ་ཏེ་བོད་ཡིག་འདོར་རྒྱུ་དེ་དེང་རབས་ཅན་མངོན་འགྱུར་བྱེད་པའི་རིན་དོད་དུ་རྩི་བ་དང་། བོད་ཡིག་དེང་རབས་ཅན་མངོན་འགྱུར་བྱེད་པའི་གླུད་རྫས་སུ་གྱུར་པ་ཡིན་ན་། བཏང་བའི་རིན་དོད་དེ་ཧ་ཅང་ཧ་ཅང་ཆེ་དྲགས་པ་རེད་ཅེས་སྡོམ་ཚིག་བཀོད་པ་ལྟར་ང་ཚོས་ནམ་ཡང་གཞན་གྱི་སྐད་ཡིག་དང་རིག་གཞུང་དེ་བཞིན་དངུལ་དངོས་སོགས་གང་གི་རིན་དོད་དུ་འདོར་དུ་མི་རུང་བའི་གལ་འགངས་འདི་ཤེས་དགོས་པ་ཡིན།

མཁས་བླུན་མང་པོས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་རྟག་ཏུ་འབོད་ཀྱིན་གདའ་སྟེ། ཕལ་མོ་ཆེས་ཉན་འཇོག་ཅི་ཡང་བྱེད་ཀྱི་མེད། ད་དུང་ན་གཞོན་གང་མང་གིས་དེ་བས་དོ་སྣང་བྱེད་མི་སྲིད། འདི་ནི་མི་རིགས་ཞིག་འཆི་ལམ་དུ་ཆས་པའི་དན་རྟགས་ཡིན་སྲིད། སྐད་ཡིག་གི་ཟུངས་ཁྲག་ཏུ་གྱུར་པའི་ཆོས་ཀྱི་བདུད་རྩི་འདི།  རིགས་ཞེན་ཀྱི་སྙིང་རྩ་དང་འདུ་ཤེས་ཀྱི་ལང་ཚོ་རྒྱས་པའི་ཐབས་ལམ་ལྟ་བུ་ཡིན་མོད། མང་མང་ཞིག་ཞེ་མེར་ལངས་པ་མ་ཟད་སྐྱུག་ལོག་ཏུ་སོང་ཡོད་ཟེར།  སྐད་ཡིག་ནི་མི་རིགས་ཀྱི་སེམས་ཁམས་སུ་འཚོ་སྡོད་བྱ་རྒྱུ་ལས། ཕྱི་རོལ་ཀྱི་རི་ཀླུང་དང་མཁར་རྫོང་དག་ཏུ་འཚང་ས་གང་ཡང་ལྷག་མེད། དུས་རབས་འདིར་ན་གཞོན་ཕལ་མོ་ཆེའི་སེམས་ཁམས་དང་སྐད་ཡིག་བར་ཐག་ཇེ་རིང་མ་ཟད། ཁོར་ཡུག་གི་རང་བཞིན་དང་འབྲེལ་ནས་ཉིན་བཞིན་གཞན་གྱི་སྐད་བརྡ་སིམ་འཛུལ་ཐེབས་པས་ཐུན་མིན་བོད་ཀྱི་སྐད་ཡིག་གི་ནུས་ཤུགས་ཤོར་བ་དང་།  དུས་རབས་ཀྱི་ཤན་ཞུགས་དེས་སེམས་ཁམས་སྙི་མོ་དེ་དག་རིམ་བཞིན་བསྒྱུར་བས་བསམ་སྤྱོད་གོ་འཛོལ་དང་བློ་ལས་འགོངས་པའི་བྱ་སྤྱོད་ཡ་མ་ཟུང་དག་ཐོན་གྱི་ཡོད། ཁ་ཕྱོགས་དང་ལམ་ཕྱོགས་འདི་དག་ཤན་ཞུགས་གང་དང་འབྲེལ་མིན་བསམ་གཞིག་དང་། རྟོག་དཔྱོད་དཀྱེལ་ཆེའི་བླང་འདོར་འཆུག་མེད་ཅིག་དགོས་མོད། ཕལ་ཆེར་རང་ལྟ་མཆོག་འཛིན་གྱིས་ཀྲོང་ངེར་འགྱིངས་ཡོད་པས་བསམ་ཤེས་ཅི་ཡང་ཐུབ་མི་སྲིད། བོད་མིའི་གཤིས་ཁ་དང་། ལུགས་སྲོལ། ཡ་རབས་བཟང་སྤྱོད། ལྷག་པར་དུ་སྐད་ཡིག་བཀོལ་སྤྱོད་མཚོན་པའི་རིག་གཞུང་ཉམས་ཞན་དུ་སོང་ན་མི་རིགས་འདི་འཆི་ལ་ཉེ་བའི་སྡོམ་ཚིག་བཀོད་ཆོག །

སྤྱིར་བཏང་ནས་བཤད་ན་རྩོམ་རིག་གིས་མི་སེམས་འགུགས་ཐུབ་ལ་སྒྱུ་རྩལ་གྱིས་སྤྱི་ཚོགས་ཀྱི་ཁ་ལོ་ཡང་ཧྲིལ་གྱིས་བསྒྱུར་ཐུབ། འོན་ཀྱང་དེང་སང་རྩོམ་རིག་གི་སྒྱུ་རྩལ་དང་རྩོམ་པ་པོའི་རིན་ཐང་རྒུད་པ་འདིས་སྤྱི་ཚོགས་ཀྱི་ཁ་ལོ་ཡང་བསྒྱུར་ཐུབ་ཀྱི་མེད་པ་མཚོན་ཡོད། དྲང་ཚུགས་མེད་པའི་རྩོམ་ཡིག་གི་ཁྲོད་ན་ཅལ་འདྲོགས་ཀྱི་འུར་གཏམ་དང་། རྟོག་དཔྱོད་མེད་པའི་རྨོངས་གཏམ་ལ་ད་ཆར་མི་རྣམས་ཕལ་ཆེར་ཡིད་ཆེས་མེད་པ་གྱུར་ཟིན། ད་དུང་གོ་དོན་འཛོལ་བའི་ཡིག་འཁྱམ་དག་ཁ་བ་དང་བུ་ཡུག་བཞིན་འཚུབས་ནས་བཅོས་སུ་མེད་པའི་ནད་རྙིང་འདིས། སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་། འཚོ་བའི་རྨང་གཞི། ཤེས་ཡོན་གྱི་ཆུ་ཚད་བཅས་ལ་ཁྱབ་བཞིན་ཡོད། རང་འདོད་རིང་ལུགས་ཅན་དག་ས་འཕག་གནམ་མཆོང་གིས། དབྱེན་སྦྱོར་དང་དཀྲུག་ཤིང་འགལ་ཟླའི་རང་བཞིན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ནི་དམིགས་དོན་ཞིག་ཡིན་སྲིད། མཐོང་ཐོས་བྱུང་བའི་དེང་གི་རྩོམ་རིག་འགར་སྒྲོ་སྐུར་གྱི་འུར་གཏམ་ཆུ་རྒྱུག་རྒྱུག་བྱས་ཀྱང་། རྩོམ་ཡིག་གི་ངོ་རིས་ནས་རུལ་སུངས་ཅན་གྱི་བེམ་རོ་དང་འདྲ་ལ་རྩོམ་པ་པོ་དེ་དག་ཀྱང་རུལ་སུངས་ནང་གི་སྲིན་བུ་མགོ་དམར་དེ་ཡིན་ངེས། རྟོག་དཔྱོད་མེད་པའི་ཁོར་ཡུག་འདིར་རྫུན་གཏམ་དང་ཡིག་འཁྱམ། དེ་བཞིན་པར་རིས་རྫུན་མ་སོགས་མགྱོགས་འགྲན་ལ་ཞུགས་ཀྱང་། ཞིབ་དཔྱོད་དང་སྒམ་ཚུགས་ཅུང་ཙམ་མེད་དུས་རྫུན་གཏམ་ལ་དགའ་བསུ་དང་གཡོ་འོག་གི་ལས་དོན་དོན་གྱིས་སྒྲུབ་མཁན་ཧ་ཅང་མང་། དེས་ན་མི་གཞི་ལ་སྲུང་བརྩི་དང་རིག་གཞུང་ལ་ཆེ་མཐོང་གིས་རྩོམ་རིག་ལ་བཀོལ་སྤྱོད་ཡང་དག་ཅིག་མ་ཐུབ་ཚེ། དུས་རབས་འདིར་སྤྱི་ཚོགས་ཟང་ཟིང་དང་། གནའ་དེང་གི་ལྟ་གྲུབ་འགལ་ཟླ་བཟུང་བའི་རྣོ་ངར་འོག །རྩོམ་རིག་དང་རིག་གཞུང་ལ་སྲོག་ཉེན་བྱུང་ན་དགའ་བསུ་ཞུ་ངེས་ཀྱང་། རིག་གཞུང་དེ་ཤི་བ་དང་མཉམ་དུ་ཡར་ཐོན་ཅན་ཞིག་འགྱུར་མི་ཐུབ་པ་མ་ཚད་རིག་གཞུང་དེ་ཤི་ན་མི་རིགས་དེ་ཤི་ཟིན་པར་དཔྱོད་ལྡན་འགས་སྡོམ་ཚིག་བཀོད་མྱོང་།

གསར་གཏོད་རང་བཞིན་གྱུར་བའི་མདུན་ལམ་ཞིག་མི་འཚོལ་བར་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒོལ་རྡུང་དང་དམའ་འབེབ། སེར་མོ་བའི་སྡེ་དང་ཕ་མེས་ཡང་མེས་ཚོའི་བྱ་གཞག་ལ་འཁོན་འཛིན་དང་འཁང་ར་སོགས། བྱ་བྱེད་མངོན་ཚན་ཅན་ཞིག་སུས་བྱེད་ཐུབ་ན་ད་ཆར་བོད་ཀྱི་བསམ་བློ་བའི་མཚོན་རྟགས་ལྟ་བུར་རློམས་ནས་འབྲོག་གི་རྫི་བོ་ནས་མདའ་ཡི་སློབ་ལོ་ལོན་པ་ཚུན་ཆད་ཀྱི་ནང་ཕྲད་དང་རྣམ་དབྱེའི་དཔེར་བརྗོད་སྦྱང་ས་ནས་རྩོམ་ཉོག་ཐར་ཐོར་གྱི་བརྗོད་གཞི་འཇོག་ས་ནས་བོད་བརྒྱུད་ནང་བསྟན་འདི་དགག་ཁུར་བྱེད་པ་མང་ནའང་། ཕལ་མོ་ཆེས་ནང་ཆོས་ཀྱི་མགོ་རྔ་ཙམ་ཡང་ཤེས་དཀའ་བའི་ཚད་དུ་གནས་ཀྱང་ཁ་ཧམ་ཆེན་པོས་དགག་པ་རྒྱག་རྐྱང་བྱེད་པ་ནི་རི་བོང་ཅལ་འདྲོགས་ཀྱི་མཚོན་དཔེ་དངོས་ཡིན། དགག་པ་གཉིས་ཀྱི་རྣམ་དབྱེ་ཙམ་ཡང་དཔྱོད་པའི་རིགས་ལམ་གྱི་མཐུ་མེད་ཀྱང་ཕོ་སྒྲོབ་ཧམ་པས་རྒོལ་འདོད་ཀྱི་བསམ་པ་ཉི་ཚེ་བ་ནི། ཕ་ཤི་སྒུག་དང་བསོད་ནམས་འཛད་སྒུག་གི་དཔེ་ལས་མ་འདས་པས། ཁྱོད་ནམ་ཡང་མདུན་བསྐྱོད་མི་ཐུབ་པའི་མི་བུ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།

ད་ཆར་གོ་ལ་འདིར་ཉི་ཟླ་དང་མཉམ་དུ་མཁའ་དབྱིངས་སུ་བསྐྱོད་ཆོག་ལ། ས་ཁའི་རྩི་ཐོག་བཞིན་ཆེས་མཛེས་སྡུག་ལྡན་པའི་དེང་རབས་ཀྱི་རྣམ་པ་ཡང་ཅི་དགར་ངོམ་ཆོག །བརྗིད་ཉམས་ལྡན་པའི་སྤྱི་ཚོགས་གསར་པར་བློ་གྲོས་ཀྱི་སྒོ་འཕར་ཞིག་ཕྱེས་ནས་གུ་ཡངས་ལྡན་པའི་དེང་རབས་རིང་ལུགས་ཞིག་འགྱུར་ཐབས་མི་བྱེད་པར་ཤི་འཐམ་རོ་འཐམ་གྱིས། ཡབ་མེས་ཀྱི་རིག་གཞུང་ལ་རྟག་ཏུ་རྒོལ་རྡུང་བྱེད་པ་ནི།   ཆེས་རྗེས་ལུས་རིང་ལུགས་ཤིག་ཡིན་པ་ངོས་འཛིན་བྱེད་ཆོག་ལ་ཤེས་ཡོན་གྱི་རིན་ཐང་མ་རྙེད་པའི་ནང་སྟོང་ཞིག་ཀྱང་ཡིན་ངེས། རྒྱུན་དུ་རྒོལ་རྡུང་དང་དམའ་འབེབས་སུ་དྲིལ་བསྒྲགས་བྱེད་བཞིན་པའི་བོད་ཀྱི་ནང་བསྟན་དང་རིག་གཞུང་གིས་ད་ཆར་འཛམ་གླིང་ས་སྒང་འདིར་གོ་ས་ཞིག་བཟུང་ཡོད་ལ་བྱམས་བརྩེའི་གཟི་འོད་ཀྱང་གོ་ལའི་མཁའ་ངོགས་སུ་བཞད་བཞིན་ཡོད། འོན་ཀྱང་ཁྱོད་ཀྱི་བློ་མིག་དེས་ཅི་ཡང་མཐོང་མི་སྲིད་ལ་གང་ཡང་ཉན་མི་འདོད། དངོས་ཀྱི་དོན་སྙིང་ཡང་ཅུང་ཙམ་རྟོགས་མི་ཐུབ་པས་ཁྱོད་ལ་མཚོན་ན་གལ་ཆེན་ཞིག་ཏན་ཏན་མ་རེད། ཁྱོད་ལ་དགོས་མཁོ་དང་རིན་ཐང་མེད་པས་དོན་སྙིང་མེད་པ་ཞིག་ནམ་ཡང་མཚོན་མི་ཐུབ་བོ།  

༢༠༡༦/༡༠/༢༨

Related Articles