འབྲོང་སྨྱུག
ཡས་ལོ་སྟོང་གི་སྔ་རོལ་ཞིག་ལ། །
གདོད་མའི་མུན་ཆེན་ཧྲིབ་ཀྱིས་བཅོམ་སྟེ། །
ཁ་བའི་སྲོག་མཁར་ཐོག་མར་བསྐྲུན་མཛད། །
མེས་པོ་ཐོན་མིར་དང་བ་བགྱི་འོ། །
ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ། བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་ལས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་ཅུང་ཟད་གླེང་བ་ལ། མཁས་དབང་རྣམས་ཀྱི་ལས་སུ་བྱ་བ་དང་དགོས་ཆེད་གཉིས་ཀྱི་ཁྱད་པར་བཞེད་ཚུལ་དགོད་བ་དང་། རང་གི་རྟོག་འཆར་བརྗོད་པའོ། །དང་བོ་ནི། སི་ཏུས་མུ་ཏིག་ཕྲེང་མཛེས་ལས། བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་ཅན་དུ་འགྱུར་བ་རྣམ་དབྱེ་གཉིས་པ་ནི། ཞེས་དང་། བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི། ཞེས་གསུངས། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་ལས། རྣམ་དབྱེ་གཉིས་པ་ལ་གཞི་གང་ཡང་རུང་བ་ཞིག་ཏུ་བྱ་བ་ཞིག་བྱེད་པར་སྟོན་པའི་ལས་ཚིག་ཡོད་པ་ཙམ་གྱིས་ཆོག་སྟེ། ཞེས་དང་།
རྣམ་དབྱེ་བཞི་པ་ལ་གཞི་གང་ཡང་རུང་བ་ཞིག་ལ་བྱ་བ་ཞིག་བྱེད་པ་ཙམ་སྟོན་པས་མི་ཆོག་པར་དེ་ལས་འདས་ཏེ། དེའི་ཆེད་དུའམ་དེའི་དོན་དུ་ཞེས་གཞི་དེ་ལ་ཕན་འདོགས་པའི་ཚིག་གི་ནུས་པ་ཞིག་དངོས་ཤུགས་ཅི་རིགས་ལ་ཐོན་དགོས། ཞེས་གསུངས། མཁན་ཆེན་བརྩོན་འགྲུས་ཀྱིས་སུམ་རྟགས་འགྲེལ་བ་ནོར་བུའི་མེ་ལོང་ལས། དེ་ལའང་རྒྱུ་མཚན་ལྔ་ཚང་དགོས་ཏེ། ༡༽ སྤྱིར་བྱ་བ་ཡོད་པ། ༢༽ བྱ་ཡུལ་ཡོད་པ། ༣༽ སུ་ལ་སོགས་ལ་དོན་བདུན་གང་རུང་འཐོབ་པ། ༤༽ བྱ་བ་དང་བྱ་ཡུལ་ཐ་དད་ཡོད་པ། ༥༽ བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་མི་ཐོགས་པ་དང་ལྔའོ། །ཞེས་དང་། དགོས་ཆེད་ལ་ཁྱད་པར་དང་པོ་བཞི་སྔ་མ་ལྟར་ལས། ཁྱད་པར་ལྔ་པ་ནི། བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་དང་ལྔའོ། །ཞེས་གསུངས། །མཁས་དབང་རྡོ་རྗེ་རྒྱལ་བོས་སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་བའི་ཕོ་ཉ་ལས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྟོན་པའི་ལ་དོན་གྱི་ཕྲད་དེ་ནི་བྱ་བའི་ཡུལ་གང་ཞིག་ལ་བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པའི་ཚེ་བྱ་བའི་ཡུལ་གཙོ་བོར་སྟོན་པ་ཞིག་དགོས་ཏེ། དཔེར་ན། ཤར་ཕྱོགས་སུ་འགྲོ། བུམ་པར་ཆུ་བླུག ཅེས་དང་། རྣམ་དབྱེ་བཞི་པ་དགོས་ཆེད་སྟོན་པའི་ལ་དོན་གྱི་ཕྲད་དེ་ནི་བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པའི་ཚེ་བྱ་བ་དེས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་སྟོན་པ་ཞིག་དགོས་ཏེ། དེའང་བྱ་བའི་ཡུལ་ལ་ཕན་འདོགས་པ་ནི། དཔེར་ན། ཞིང་ལ་ལུད་བརྒྱབ། བུ་ལ་ཡོན་ཏན་བསླབས། ནད་པར་སྨན་བཅོས་བྱས། ལུས་ལ་གོས་གྱོན་ལྟ་བུ་དང་། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་ནི། དཔེར་ན། ཤིང་གཅོད་བྱེད་དུ་སྟ་རེ་ཉོས། རབ་བརྒལ་བ་ལ་རྟ་གླས། དོན་གསལ་བྱེད་དུ་འགྲེལ་བཤད་བྱས་ལྟ་བུའོ། །ཞེས་གསུངས། །
མཁས་དབང་དམུ་དགེ་བསམ་གཏན་གྱིས་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས། རྣམ་དབྱེ་གཉིས་པ་སྦྱར་སའི་གཞི་དེ་ལ་བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་བྱ་འགྱུར་གང་རུང་སྟོན་པ་ཞིག་དགོས་ཏེ། དཔེར་ན། གཡས་སུ་ཉལ་ཞེས་པའི་གཡས་བྱ་བ་བྱེད་སའི་གཞི་དང་། ཉལ་བ་ནི་གཞི་དེ་ལ་བྱེད་པའི་བྱ་བ་ཡིན་པར་རྣམ་དབྱེ་སུ་ཡིག་གིས་གོ་བ་ལྟ་བུ། རྣམ་དབྱེ་སུ་ཡིག་མེད་ན། གཡས་ཉལ་ཞེས་བརྗོད་དགོས་ལ། གཡས་ཉལ་བའི་གཞི་ཡིན་པར་མི་གོ་བར། ཉལ་བ་པོར་གོ་བར་འགྱུར་རོ། །ཞེས་དང་། རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་ཚུལ། རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་བྱས་ཙམ་མམ་བྱེད་པ་ཙམ་ཞིག་སྟོན་པ་མ་ཡིན་པར། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་སྟོན་པ་ཞིག་དགོས་ཏེ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ་བཟོ་གྲྭ་འཛུགས། ཞེས་པའི་རྒྱལ་ཁབ་འཕེལ་ཐབས་རྣམ་དབྱེ་སྦྱར་སའི་གཞི་དང་། གཞི་དེ་ལ་བཟོ་གྲྭ་འཛུགས་པའི་བྱ་བ་བྱེད་པ་ཙམ་སྟོན་པ་ཡིན་ན། དེའི་རྣམ་དབྱེ་སུ་དེ་གཉིས་པ་ལས་སུ་བྱ་བར་འགྱུར་མོད། དེ་ལྟར་མ་ཡིན་པར་རྒྱལ་ཁབ་འཕེལ་ཐབས་ཀྱི་ཆེད་དུའམ་དེའི་དོན་དུ་བཟོ་གྲྭ་འཛུགས་པར་སྟོན་པ་ཡིན་ལ། དེ་རྣམ་དབྱེ་སུ་སྒྲའི་ནུས་པས་གོ་བ་ཡིན། ཞེས་གསུངས། །མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་སུམ་ཅུ་བའི་རྣམ་བཤད་གཟུར་གནས་དགྱེས་བའི་གཏམ་ལས། ཁོ་བོས་ནི་ཆེད་ཕྱིར་སླད་དོན་གྱི་སྒྲ་དངོས་སུ་ཡོད་པ་དང་། བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་ཡོད་པ་རྣམས་བཞི་པ་དགོས་ཆེད་དང་། དེ་མིན་བྱེད་པོ་གང་གིས་བྱ་བའི་ཡུལ་ཞིག་ལ་ཕར་བྱ་བ་བྱས་པའི་རིགས་རྣམས་ལས་སུ་བྱ་བར་བཞག་ན་ཕན་ཚུན་མི་འཆོལ་ཞིང་སྒྲོས་གཙང་མ་ཞིག་ཡོང་ཐུབ་པ་མ་ཟད། ཅེས་སོགས་གསུངས། །
གཉིས་པ། རང་གི་རྟོག་འཆར་བརྗོད་པ། བརྡ་སྤྲོད་མཁན་པོ་ཕལ་མོ་ཆེས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་ནི་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་མེད་ཀྱིས་གསུངས་མོད། དེས་ཁྱད་པར་འབྱེད་དཀའ་བས། འདིར་ཉན་ཤུལ་ལྟར། དོན་གྱི་བྱ་བའི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པ་རྣམ་དབྱེ་བཞི་པ་དང་། བྱ་བའི་ཡུལ་ཞིག་ལ་ཕར་བྱ་བ་བྱས་པ་གང་ཞིག་དོན་གྱི་བྱ་བའི་ཡུལ་དངོས་སུ་མི་གསལ་བ་རྣམས་ལས་སུ་བྱ་བར་འཇོག་པ་ནི་ཤིན་ཏུ་འཐད་དོ། །རྣམ་དབྱེ་བཞི་པ་ཡིན་ན་དོན་གྱི་བྱ་བའི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པའམ། དགོས་ཆེད་གསལ་བྱེད་ཀྱི་སྒྲ་ཆེད་ཕྱིར་སླད་དོན་བཞི་དངོས་ཤུགས་གང་རུང་དུ་ཡོད་པའམ། བྱ་ཚིག་གཉིས་ཀྱི་བར་ལ་ལ་དོན་གྱི་ཕྲད་ཡོད་པ་གང་ཞིག་བྱ་བ་གཉིས་པ་དེ་ཉིད་བྱ་བ་དང་པོའི་ཆེད་དུ་ཡིན་པ་སྟེ། ཁྱད་པར་གསུམ་པོ་དེ་གང་རུང་ལྡན་ན་རྣམ་དབྱེ་བཞི་པ་དང་དེ་མིན་རྣམ་དབྱེ་བཞི་པ་མིན་པའོ། །རྣམ་དབྱེ་བཞི་པ་ལ་རིགས་གཉིས་ཏེ། དང་པོ། མིང་རྐྱང་ཞིག་གི་མཐར་ལ་དོན་སྦྱར་ཅིང་། དེ་མཐར་བྱ་ཚིག་ཅིག་སྦྱར་བའི་རྣམ་དབྱེ་བཞི་པ་ནི། དཔེར་ན། ཙན་དན་གྱི་ཚབ་ཏུ་ཤུག་པ་བཅད། དངུལ་གྱི་དོད་དུ་འབྲུ་ཕུལ། འབྲུ་རིན་དུ་མར་སྤྲད། ཅེས་པ་ལྟ་བུ། གཉིས་པ། བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་བཞི་པའི་རྐྱེན་སྦྱར་ཅིང་། དེའང་བྱ་བ་གཉིས་པ་དེ་བྱ་བ་དང་པོའི་ཆེད་དུ་བྱས་པ་ཞིག་ཡིན་པའི་རྣམ་དབྱེ་བཞི་པ་ནི། ནད་དྲག་པར་སྨན་འཐུང་། ཤིང་གཅོད་དུ་སྟ་རེ་བརྡར། ཞེས་པ་ལྟ་བུ། གཉིས་པོ་གང་ལྟར་ཡང་བྱ་བའི་དོན་གྱི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པ་ཞིག་སྟེ། བྱ་བའི་དོན་གྱི་ཡུལ་ཞེས་པ་ནི་བྱ་བའི་དགོས་ཆེད་ལ་གོ་དགོས། མགོ་རྙོག་སྤངས་ཏེ་ཞུས་ན། བྱ་བའི་དགོས་ཆེད་དངོས་སུ་སྟོན་པ་ནི་རྣམ་དབྱེ་བཞི་པ་དང་། བྱ་བའི་དགོས་ཆེད་དངོས་སུ་མི་སྟོན་པར་བྱ་བའི་ཡུལ་ཙམ་སྟོན་པ་ནི་རྣམ་དབྱེ་གཉིས་པའོ། །དེའི་ཕྱིར་ན། བཞི་པ་དགོས་ཆེད་ཅེས་དང་། གཉིས་པ་ལས་སུ་བྱ་བ་ཞེས་མིང་ཐོགས། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་པ་ལྟར། ལས་སུ་བྱ་བ་ཞེས་པ་ནི་བྱ་བའི་ཡུལ་ལ་བྱ་བ་བྱེད་པ་ཞེས་པའི་དོན་ཡིན་པས། བྱ་བའི་ཡུལ་ལ་བྱ་བ་བྱེད་པ་ཙམ་སྟོན་པར་བྱེད་པའི་ལ་དོན་རྣམས་ནི་རྣམ་དབྱེ་གཉིས་པ་དང་། བྱ་བའི་ཡུལ་ལ་བྱ་བ་བྱེད་པ་དེའི་དགོས་ཆེད་སྟོན་པར་བྱེད་པའི་ལ་དོན་རྣམས་ནི་རྣམ་དབྱེ་བཞི་པའོ། །
དེས་ན། བྱ་བ་དེས་བྱ་བའི་ཡུལ་ལམ་དེ་འབྲེལ་ལས་ལ་ཕན་ཐོགས་མི་ཐོགས་ཀྱིས་མིན་པར། བྱ་བའི་དགོས་ཆེད་སྟོན་མི་སྟོན་གྱིས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་འབྱེད་དགོས་སོ། །དེ་ཡང་བྱ་བའི་དགོས་ཆེད་སྟོན་མི་སྟོན་ཡིན་གྱི་བྱ་བའི་དགོས་ཆེད་ཡོད་མེད་ཀྱིས་ནི་མ་ཡིན་ཏེ། བྱ་བ་གང་ཞིག་དགོས་ཆེད་མེད་པ་མི་སྲིད་པའི་ཕྱིར་རོ། །དེས་ན། དགོས་ཆེད་སྟོན་ན་བཞི་པ་དང་། དགོས་ཆེད་མི་སྟོན་ན་བཞི་པ་མིན། བྱ་ཡུལ་སྟོན་ན་གཉིས་པ་དང་། བྱ་ཡུལ་མི་སྟོན་ན་གཉིས་པ་མིན་ནོ། །དཔེར་ན། ཆུ་ལ་ཟམ་པ་བཙུགས། ཞེས་པའི་ལ་དོན་དེས་ཟམ་པ་བཙུགས་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་གང་ཡིན་མི་སྟོན་ཅིང་། ཟམ་པ་བཙུགས་པའི་བྱ་བ་དེ་ཉིད་བྱ་བའི་ཡུལ་ཆུའི་སྟེང་དུ་བྱས་པར་སྟོན་པ་ཙམ་ཡིན་པས། ལ་དོན་དེ་རྣམ་དབྱེ་གཉིས་པ་ཡིན། །ཆུ་བརྒལ་དུ་ཟམ་པ་བཙུགས། ཞེས་པའི་ལ་དོན་དེས་ཟམ་པ་བཙུགས་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་ནི་ཆུ་བརྒལ་རྒྱུ་ཡིན་པར་དངོས་སུ་སྟོན་པས། ལ་དོན་དེ་རྣམ་དབྱེ་བཞི་པ་ཡིན། ནད་པར་སྨན་བྱིན། ཞེས་པའི་ལ་དོན་དེས་སྨན་བྱིན་པའི་བྱ་བའི་ཡུལ་ནད་པ་ཡིན་པར་སྟོན་པ་ཙམ་ལས། སྨན་བྱིན་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་གང་ཡིན་དངོས་སུ་མི་སྟོན་པས་ན། ལ་དོན་དེ་རྣམ་དབྱེ་གཉིས་པ་ཡིན། ནད་དྲག་ཏུ་སྨན་བྱིན། ཞེས་པ་ལྟར་ན། ནད་དྲག་པ་ནི་སྨན་བྱིན་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་ཡིན་པར་ལ་དོན་ཏུ་སྒྲ་དེས་གསལ་བར་སྟོན་པས་ན། ལ་དོན་དེ་རྣམ་དབྱེ་བཞི་པ་ཡིན། དཀྱུས་གཅིག་པའི་དཔེས་ཞུས་ན། ནད་དྲག་ཏུ་ནད་པར་སྨན་བྱིན། ཞེས་པའི་ལ་དོན་དང་པོ་ནི་རྣམ་དབྱེ་བཞི་པ་དང་ལ་དོན་གཉིས་པ་ནི་རྣམ་དབྱེ་གཉིས་པ་ཡིན། ལོ་ཏོག་རྒྱས་སུ་ཞིང་ལ་ཆུ་འདྲེན། ཞེས་པའི་ལ་དོན་དང་པོ་སུ་སྒྲས་ནི་ཆུ་འདྲེན་པའི་བྱ་བའི་དགོས་ཆེད་སྟོན་པས་རྣམ་དབྱེ་བཞི་པ་དང་། ལ་དོན་གཉིས་པ་ལ་སྒྲས་ནི་ཆུ་འདྲེན་པའི་བྱ་བའི་ཡུལ་ཙམ་སྟོན་པས་རྣམ་དབྱེ་གཉིས་པ་ཡིན་ནོ།།
རྣམ་དབྱེ་གཉིས་བཞིའི་དཀའ་གནད་གསང་བའི་རྒྱ།།
ཚུལ་བཞིན་འཇལ་བའི་ནུས་པ་མ་མཆིས་མོད།།
རང་བློ་གོམས་ཕྱིར་ཅུང་ཟད་འབད་པ་ལས།།
གཞན་བློ་འབྱེད་པའི་རེ་བ་དེ་བས་མེད།།
ཕྱི་ལོ ༢༠༡༩ ལོར།