དཔྱད་གཏམ།

ནགས་ཤོད་སྐལ་རྒྱན། 

རྣམ་གྲོལ་ཞི་བའི་གོ་འཕང་མཐོན་པོ་ན། །
རྣམ་ཀུན་ཆོས་ལ་མཁྱེན་པ་ནམ་མཁའི་མཐོངས་། །
རྣམ་མང་འགྲོ་ལ་ཐུགས་རྗེ་རྒྱ་མཚོའི་ཀློང་། །
རྣམ་འདྲེན་སྟོབས་བཅུ་མངའ་བ་གཙུག་ན་རྒྱལ། །

ཐུབ་བསྟན་ཞི་བའི་ལྷུན་པོ་ཤིན་ཏུ་བརླིང་། །
བསྟན་འཛིན་གདོང་ལྔའི་དབང་པོ་རྩལ་དྲུག་རྒོད། །
ལུང་རིགས་མཆེ་སྡེར་བགྲད་པའི་ཕ་ས་ན། །
རྒོལ་ངན་ཝ་མོའི་ངུ་ཤར་ཤ་རེ་ཚ། །

ཐུབ་གསུང་རྒྱ་མཚོའི་གཏིང་རུམ་མ་མཐོང་ཞིང་། །
རྟེན་འབྱུང་ཞི་བའི་རླབས་སྒྲ་མ་གོ་བར། །
ཟེར་སྒྲོས་ཆུ་ཕྲན་ཅ་ཅོ་རྣར་མཉན་ནས། །
བྱང་ཆེན་རྒྱ་མཚོ་མེད་ཅེས་མ་སྨྲ་ཞིག །

ཚད་མས་མ་རྙེད་ཚད་ལྡན་རིག་པའི་གཞུང་། །
ཚན་རིག་མཁས་པས་རྙེད་ཟེར་དེང་གིས་དུས། །
ཚད་མར་གྱུར་པ་ཚན་རིག་ཁོ་ན་ཟེར། །
ཚུལ་གསུམ་ཚད་མའི་བྱེད་ལས་རྫོགས་སོ་སྐད། །

སྔོན་བྱོན་སྟོན་ཆེན་ཤཱཀྱ་སེང་གེ་ལ། །
རྟོག་གེ་དྲུག་སོགས་མི་མིན་བདུད་ཚོགས་ཀྱིས། །
མ་དད་མདའ་མཚོན་དྲག་ཆར་ཕབ་ན་ཡང་། 
།བྱམས་བརྩེའི་སྟོབས་ཀྱིས་མེ་ཏོག་ཆར་ཆེན་གྱུར། །

ད་ཀོ་ནང་བསྟན་རིག་པའི་གཞུང་ལུགས་ལ། །
མ་དད་བླུན་པོས་ཚིག་མཚོན་མང་འཕེན་ཀྱང་། །
ཐུབ་བསྟན་རིགས་པས་གནོད་པའི་སྐབས་ཅི་ཞིག །
དཔྱད་གསུམ་དག་པའི་གཟི་བྱིན་བླ་ན་འབར། །

བསླུ་མེད་ལས་འབྲས་འཆོལ་བའི་སྐབས་མེད་ཀྱང་། །
བསླུ་བྲིད་སེམས་སུ་གོམས་པའི་ཤེས་རློམས་འགས། །
བསླུ་མེད་རྒྱལ་བའི་བཀའ་ཡང་མི་མཁོ་ཟེར། །
བསླུས་པའི་སྐྱེ་བོ་འགའ་ཡིས་བདེན་ནོ་སྙམ། །

ཤེས་མེད་གླེན་པ་ལྐུག་པའི་རྗེས་སུ་ཞུགས། །
ལྟར་སྣང་རིགས་པ་ཤེས་བྱ་ལོག་སྒྲུབ་གཏམ། །
ཤེས་རབ་ཅན་དག་རྣ་བ་དགབ་འོས་པའི། །
རྨོངས་གཏམ་སྐྱུག་པ་ཁ་ནས་ལུད་དོ་སྐད། །

རིག་པའི་གཞུང་ལ་བརྩོན་འགྲུས་མ་བྱས་པས། 
།མཁས་པའི་གསུང་ལ་རིན་ཐང་མི་ཤེས་དུས། །
རིགས་པའི་ལམ་ལས་བརྒལ་བའི་མཁས་པ་དག །
རྡོ་དང་དབྱུག་པའི་རྩོད་པ་རིན་ཐང་ཅི། །

ཚུལ་གསུམ་གཏན་ཚིག་རིགས་པ་མི་ཤེས་པས། །
གཞལ་བྱའི་གནས་གསུམ་རྣམ་འབྱེད་མི་མཁས་དུས། །
ཐེག་གསུམ་དམ་པའི་ཆོས་ལ་རྒོལ་ན་ཡང་། །
གྲོང་ནག་ཁྱི་ཕག་རྡོ་ལ་ཐོད་གཏུགས་དངོས། །

རྣམ་འབྱེད་བློ་གྲོས་རྩལ་དང་མི་ལྡན་པས། །
ལེགས་ཉེས་བླང་དོར་འབྱེད་པའི་མཐུ་མེད་དུས། །
བྱུང་རྒྱལ་རང་སྣང་ཅི་དགར་སྨྲས་ན་ཡང་། །
དཔྱོད་ལྡན་མཁས་རྣམས་བཞད་གད་ཁོ་ནའི་རྒྱུ། །

གནའ་བོའི་རིག་གཞུང་རིན་ཐང་མ་རྙེད་པས། །
ཕ་ཆོས་དག་མའི་གཤིས་བཟང་མ་མཐོང་དུས། །
ཡབ་མེས་དམ་པའི་དྲིན་ངོ་མི་ཤེས་མཁན། །
སྡིག་མཚམས་ཞོག་ལ་བག་ཡོད་བྱས་ནས་ཉོན།།

སྐྱེས་ཐོབ་བློ་གྲོས་མཚོན་ཁ་རིགས་པས་སྦྱངས། །
སྦྱངས་ཐོབ་དབུ་ཚད་རིགས་པའི་ངར་ཆུ་བཏུང་། །
ཟབ་གསལ་མྱུར་བའི་མཚོན་ཁ་རིང་དར་བའི། །
རིགས་པའི་འཕྲུལ་འཁོར་དམར་འཇུ་མ་བྱེད་ཅིག །

ཚུལ་གསུམ་རིགས་པའི་མདའ་ཁ་ཤིན་ཏུ་ཚ། 
།དཔྱད་གསུམ་དག་པའི་གནམ་རུ་འགུལ་ཤུགས་ཆེ། །
སྐྱེས་སྦྱངས་བློ་གྲོས་དཔུང་པས་བཀུག་པས་ན། །
ལོག་རྟོག་བྲག་རི་བརྩེགས་ཀྱང་ཐལ་བར་རློག །

ཆོས་ལ་དཔྱོད་པའི་ཆོས་ལུགས་མཁས་པ་ཚོས། །
ཆོས་ཅན་སྣ་ཚོགས་ཆོས་ཀྱི་གནས་ལུགས་རྙེད། །
ཆོས་ཚུལ་ཤེས་ནས་ཆོས་ཀྱི་རིན་ཐང་གླེང་། །
ཆོས་ལྡན་བོད་པའི་ཕ་ཆོས་གླིང་འདིའི་རྒྱན། །

སྟོན་པ་མ་ཉམས་ཚུལ་གསུམ་རིགས་པའི་ལམ། 
།བློ་གྲོས་མ་ཉམས་དྲང་སྲོང་ཆེན་པོའི་གཏམ། །
དགོས་པ་མ་ཉམས་ངེས་ལེགས་གོ་འཕང་སྟོན། 
།བསོད་ནམས་མ་ཉམས་མི་ལ་སྟོན་པ་མཆོག །

གདམས་ངག་མ་ཉམས་ཐེག་གསུམ་དམ་པའི་ཆོས། །
བརྗོད་པ་མ་ཉམས་རྟེན་འབྱུང་ཟབ་མོའི་གཏམ། །
སྤོབས་པ་མ་ཉམས་འཁོར་གྱི་དབུས་སུ་བསྒྲགས། 
།དབང་པོ་མ་ཉམས་མི་ལ་དྲུག་ཅུའི་དབྱངས། །

འཕྲིན་ལས་མ་ཉམས་རྣམ་དཀར་འོ་མའི་མཚོ། །
སྤྱོད་པ་མ་ཉམས་ཞི་བསིལ་རླབས་ཀྱིས་གཡོ། །
ཐུགས་རྗེ་མ་ཉམས་མཐའ་མེད་གཏིང་རུམ་ནས། །
དད་པ་མ་ཉམས་མི་ལ་འདྲེན་པ་མཆོག །

ཀླུ་ཐོག་ཉི་ཟླ་ཟུང་ཅིག་མཁའ་ལ་ཤར། །
དྲི་མེད་རིགས་པའི་གཟི་འོད་མཁའ་ལ་འབར། །
སྲོལ་གཉིས་སྐྱེ་ཚལ་བཞད་པ་མཛམ་གླིང་རྒྱན། །
འགྲོ་ཀུན་བདེ་སྐྱིད་ལང་ཚོའི་རྒྱན་ཡང་ཡིན། །

ཀླུ་ཐོག་མཁས་པའི་རྗེས་སུ་མཁས་པ་འབྲངས། །
མཁས་པའི་རྒྱུད་པས་ས་ཆེན་མཛེས་པར་བྱེད་། །
ཞི་བསིལ་ཐར་པའི་ལམ་བཟང་གསལ་མཛད་པ །།
མཁས་གྲུབ་སྐྱེས་བུའི་རྣམ་ཐར་ཡང་མཛེས་ཡིན། །

གཞི་ལམ་འབྲས་བུའི་རྣམ་གཞག་རིགས་པས་བཞག །
རྟེན་འབྱུང་ལྟ་བ་སྤྱོད་པ་འཚེ་མེད་སྟོན། །
དཔྱད་གསུམ་དག་པའི་རྒྱལ་བའི་གསུང་རབ་རྣམས། །
བླང་དོར་ལེགས་ཉེས་འབྱེད་པའི་ཚངས་ཐིག་དངོས། །

བྱ་བ་ཅི་བྱེད་མཆོག་གསུམ་སྐྱབས་འགྲོ་ལས། །
ལྷ་འདྲེ་སྐྱབས་འགྲོ་ནང་བསྟན་གཞུང་བཤད་མིན། །
སོང་ན་སྐྱབས་འགྲོ་བཏང་བས་ནང་པ་འགལ། །
ཆོས་སྲུང་གྲོགས་སུ་བསྟེན་ཀྱང་སྐྱབས་འགྲོ་བཀག །

ཡོད་ཚད་དགག་བྱས་སྟོང་ཀྱང་མེད་པ་མིན། །
སྣ་ཚོགས་གདུལ་བྱའི་ཁམས་དང་མོས་ངོའི་ཕྱིར། །
ཐེག་གསུམ་ཆོས་འཁོར་རིམ་གསུམ་བསྐོར་བས་ན། །
མི་ལ་མི་འཚམས་སྨྲས་པ་མངོན་སུམ་རྫུན། །

འདི་ཕྱི་ཀུན་ལ་བདེ་སྐྱིད་ཐབས་སྟོན་པ། །
བསྒྲུབས་དང་མི་བསྒྲུབ་གང་ཟག་སོ་སོ་ལ། །
སྲེགས་བཅད་བརྡར་གསུམ་རང་དབང་ཀུན་སྦྱིན་པས། །
རྣམ་འབྱེད་བློ་གྲོས་མེད་ན་ཅི་བྱར་ཡོད། །

བླ་རྫུན་སྤྲུལ་རྗུན་གང་ཟག་རྫུན་མ་ལ། །
བརྟེན་ནས་ནང་ཆོས་རྫུན་མར་བསྒྲུབ་འདོད་ན། །
ཤོ་སྦག་རྒྱན་གསུམ་བདེ་སྐྱིད་རྫུན་མ་ཡིས། །
ཚན་རིག་ཡང་དག་མིན་པ་སྔོན་དུ་སྒྲུབས། །

གཏན་འཁེལ་མེད་པའི་དག་ཞིང་ཡོད་ཆུག་ཀྱང་། །
ཡིད་སྨོན་སྐད་ཅིག་མི་བྱེད་སྨྲས་བདེན་ན། །
ཅི་ཞིག་གཏན་འཁེལ་མེད་པའི་འཁོར་བ་ལ། །
ཡིད་སྨོན་ཤུགས་དྲག་བྱེད་པ་བླུན་རྟགས་ཉིད། །

དམྱལ་སོགས་ལས་འབྲས་ཐར་པ་མེད་འདོད་པ། །
ཁག་མེད་ཤེས་མེད་ཡོན་ཏན་ཅང་མེད་ཀྱིས། །
སངས་རྒྱས་བྱང་སེམས་དག་ཞིང་མ་མཐོང་བས། །
གཏན་མེད་སྒྲུབ་པ་རང་མཚང་རྣལ་མ་ཞིག །

ཁྱོད་ཀྱིས་མངོན་སུམ་མ་མཐོང་མེད་གྲུབ་ན། །
ཉེར་གཅིག་མི་ཡི་དག་ཞིང་ཤར་ནུབ་གླིང་། །
མེས་དབོན་གསུམ་སོགས་སྔོན་བྱོན་རྒྱལ་བློན་རབས། །
མེད་འགྱུར་མངོན་སུམ་སྙོན་པའི་ཁ་ཧམ་བླུན། །

ཤར་ནུབ་དག་ཞིང་པར་རིས་མིག་གིས་མཐོང་། །
བཙན་པོའི་རྒྱལ་རབས་ལོ་རྒྱུས་རྣ་བས་ཉན། །
འཇིག་རྟེན་ཁམས་ན་སྐད་གྲགས་ཆེ་བས་ན། །
མེད་པར་སྨྲ་བར་མི་ནུས་ཡོད་སྙམ་ན། །

སྐྱེ་རབས་དཔག་བསམ་ཞིང་བཀོད་མིག་གིས་བལྟས། 
།ལེགས་གསུང་བཀའ་བསྟན་གསུང་རབ་རིགས་པས་དཔྱད། །
མཛད་པ་བཅུ་གཉིས་བསྟན་པའི་གནས་ཆེན་མཇལ། །
སངས་རྒྱས་བྱང་སེམས་ཡོད་པར་ང་ཡིས་སྨྲ། །

ཚུལ་གསུམ་རིགས་པ་རིགས་པ་ཀུན་གྱི་གཙོ། །
ཚན་རིགས་ཀུན་གྱི་རྩ་བའི་སྒུལ་ཤུགས་ཡིན། །
ནང་པ་སངས་རྒྱས་ཆོས་ལུགས་ཀུན་གྱི་གཙོ། །
དེང་རབས་ཚན་རིག་མཁས་པའི་ཞལ་གདམས་ཡིན། །

དངོས་དོན་རིང་ལུགས་པ་ཡི་ཐོག་མ་དང་། །
སྲོལ་རྒྱུན་ཁ་གཏད་གཅོག་པའི་ཐོག་མ་ཡང་། །
ཚན་རིག་ཆོས་ལུགས་སྟོན་པ་ཐོག་མ་ཞེས། །
ལྟ་གྲུབ་མཁས་དབང་ཕོ་ལི་ནི་ཡིས་བསྔགས། །

ཆོས་ལུགས་གང་ཞིག་དེང་རབས་ཚན་རིག་ལྷན། །
གལ་ཏེ་མཉམ་འགྲོགས་མཉམ་གནས་བྱེད་ཐུབ་ཚེ། །
དེ་ནི་ནང་པ་སངས་རྒྱས་ཆོས་ལུགས་ཡིན། །
གྲགས་ཅན་ཚན་རིག་ཨེན་དབྱིན་སི་ཐན་གསུངས། །

རྩོད་སྒྲུབ་རིགས་ལམ་སངས་རྒྱས་ཆོས་ལུགས་ཁྲོད། །
ཆེས་ཆེར་ཞིབ་ཆ་ལྡན་པའི་ཚད་དུ་སླེབས། །
སངས་རྒྱས་ཕན་བདེའི་མཐར་ཐུག་སྐུ་ཚབ་ཅེས། །
རླབས་ཆེན་བསམ་བློ་མར་ཁེ་སི་ཡིས་བསྔགས། །

བསམ་བློའི་འདུ་ཤེས་ཆེས་མཐོའི་ཚད་ཟིན་ཏེ། །
ད་གཟོད་རྩོད་སྒྲུབ་རིགས་པས་དངོས་པོ་ལ། །
བསམ་གཞིག་འབྲས་བུ་ཡོངས་སུ་སྨིན་པ་ཞེས། །
རླབས་ཆེན་བསམ་བློ་ཨེན་ཀི་སི་ཡིས་བཤད། །

གནའ་གཏམ་བདེན་པ་མི་འདོར་རིག་པའི་གཞུང་། །
ཚན་རིག་རྫུན་པ་མི་བསྒྲུབ་མངོན་སུམ་གཤིས། །
གནའ་དེང་ཟུང་འབྲེལ་དེང་རབས་མཁས་པ་ཚོས། །
རྟེན་འབྱུང་འཚེ་མེད་ཞི་བསིལ་དམ་ཆོས་བསྔགས། །

མདོར་ན་ནང་བསྟན་གཞུང་ལ་རྒོལ་འདོད་པ།།
ཁ་ཙམ་མིན་ན་རིགས་པའི་འགྲོས་ཤིག་དགོས། །
སྨྱོ་བ་མིན་ན་རྒྱུ་མཚན་ཡང་དག་དགོས། །
འུར་ཚོད་ཁ་ཕོ་སུ་ཆེའི་གཏམ་གྱིས་མིན། །

ཅུང་ཟད་སྦྱངས་པའི་རིགས་པའི་འགྲོས་ལ་བརྟེན། །
ཅུང་ཟད་ཤེས་པའི་གནས་ལུགས་དོན་ལ་དཔྱད། །
ཅུད་ཟད་དགག་སྒྲུབ་རྣམ་པ་ཐོན་པ་འདི། །
ཅུང་ཟད་རྒོལ་བའི་ལོག་རྟོག་སེལ་ཕྱིར་རོ། །

ཅུང་ཟད་རྣོ་བའི་ལུང་རིགས་མཆུ་འཆང་ཞིང་། །
ཅུང་ཟད་གནད་ལ་བསྣུན་པའི་ལུས་སྟོབས་ལྡན། །
ཅུང་ཟད་གཡོ་བའི་སྐྱེས་སྦྱངས་གཤོག་ཡངས་པ། །
ཅུང་ཟད་ཤེས་བྱའི་མཁའ་ལ་འཕུར་ཐལ་ལོ། །

 ༢༠༡༣ ༦ ཉིན སྦྱར་རོ། །

Related Articles