བསྟན་འཛིན་རྒྱལ་སྲས།
མི་རྣམས་ཀྱིས་ཉི་མའི་ཁ་དོག་སེར་པོར་མཐོང་ཡང་། དོན་དངོས་སུ་ཉི་མའི་ཁ་དོག་ནི་དཀར་པོ་རེད། དེ་ནི་སའི་གོ་ལའི་རླུང་ཁམས་ཀྱིས་ཉི་མའི་འོད་ལ་འགྱུར་བ་བཏང་བས་ཡིན། ད་དུང་ངོ་མཚར་བ་ཞིག་ལ། སའི་གོ་ལའི་ནང་སྙིང་གི་དྲོད་ཚད་ནི་ཉི་མའི་ཕྱི་ངོས་ཀྱི་དྲོད་ཚད་དང་འདྲ་པོ་ཡོད་པ་མ་ཟད། སྐབས་འགར་ཉི་མའི་ཕྱི་ངོས་ལས་ཀྱང་ཚ་བ་ཡོད།
ཡང་ང་ཚོ་མི་མང་པོས་སའི་གོ་ལ་འདི་ཟླུམ་པོ་ཞིག་ཏུ་འདོད་ཀྱང་། དོན་དུ་སའི་གོ་ལ་ནི་ཟླུམ་པོ་རིལ་རིལ་ཞིག་མ་རེད། རྒྱུ་མཚན་ནི་སའི་གོ་ལ་རང་འཁོར་རྒྱག་པའི་ཤུགས་ཀྱིས་རྐྱེན་པས། བྱང་སྣེ་དང་ལྷོ་སྣེ་གཉིས་ཅུང་ཟད་ལེབ་མོར་ཆགས་ཡོད་པ་དང་། ཤར་ནུབ་གཉིས་ཀྱི་དཀྱིལ་ནས་ཕྱི་ལ་འབུར་ཡོད་པ་རེད། དེར་བརྟེན་བར་སྣང་དང་ཐག་ཉེ་ཤོས་ཀྱི་ས་ཆ་ནི། ལྷོ་ཨ་མི་རི་ཁའི་ཨེ་ཁོ་ཌོར་རྒྱལ་ཁབ་ནང་གི་རི་བོ་ཆིམ་བྷོ་ར་ཟོ་ཡིན། རི་བོ་འདི་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་མིན་ཡང་། སའི་གོ་ལའི་ལྟེ་བ་ནས་བརྩིས་ན། རི་བོ་འདིའི་རྩེ་མོ་ནི་བར་སྣང་དང་ཐག་ཉེ་ཤོས་དེ་ཆགས་ཀྱི་ཡོད།
ད་དུང་ངོ་མཚར་བ་ཞིག་ལ། སའི་གོ་ལའི་དབྱིབས་དང་འཐེན་ཤུགས་ཀྱི་དབང་གིས། དངོས་པོ་དང་མི་སོགས་ཀྱི་ལྗིད་ཚད་ས་ཆ་མི་འདྲ་བར་མི་འདྲ་བ་ཡོང་གི་ཡོད། དཔེར་ན། ལྷོ་བྱང་གཉིས་སུ་འཐེན་ཤུགས་ཆེ་བས། ལྗིད་ཚད་ཆེ་བ་དང་། མི་དང་དངོས་པོ་རྣམས་ཤར་ནུབ་གཉིས་ལ་ཅུང་ཟད་ལྗིད་ཚད་ཆུང་བ་ཡོད།
སའི་གོ་ལར་བར་སྣང་གི་སྐར་མ་དང་མེ་རྡོ་སོགས་ཕོག་ལ་ཉེ་དུས། ཟླ་བ་དང་གོ་ལ་ཕུར་བུས་སའི་གོ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། ལྷག་པར་དུ་གོ་ལ་ཕུར་བུའི་འཐེན་ཤུགས་ཧ་ཅང་ཆེ་བས། ཁབ་ལེན་ལྟར་མེ་རྡོ་མང་པོ་རང་ཉིད་ཀྱི་ཕྱོགས་སུ་འཐེན་ནས་སའི་གོ་ལར་མི་ཕོག་པའི་རོགས་འདེགས་བྱེད་ཀྱི་ཡོད། ཟླ་བས་སའི་གོ་ལར་བསྐོར་བ་རྒྱག་སྐབས། ཟླ་བར་རླུང་ཁམས་མེད་པས་མེ་རྡོ་མང་པོ་ཟླ་བའི་ངོས་སུ་ཕོག་གི་ཡོད། དེར་བརྟེན་མཚན་མོར་ཟླ་བར་ལྟ་དུས་ང་ཚོའི་མཐོང་བའི་ཁུང་བུ་མང་པོ་དེ་དག་ནི་མེ་རྡོ་ཕོག་པའི་རྗེས་ཤུལ་ཡིན། འདི་ལྟར་ཟླ་བ་དང་ཕུར་བུས་སའི་གོ་ལ་འདི་ལོ་ངོ་དུང་ཕྱུར་མང་པོར་སྲུང་སྐྱོབ་བྱས་ཡོད།
བྱས་ཙང་། ང་ཚོས་སའི་གོ་ལ་འདིའང་ནམ་ཞིག་འཇིགས་ཉེན་ཡོད་པ་རྟོགས་ནས། མི་རྣམས་ཀྱིས་ཚན་རིག་གི་ལག་རྩལ་གོང་མཐོར་བཏང་སྟེ། གོ་ལ་གཞན་གྱི་ཐོག་ཏུ་འཇིག་རྟེན་འཕུར་གྲུ་ལ་བརྟེན་ནས་གནས་སྤོ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད། དེ་ནི་གྲ་སྒྲིག་དང་འཆར་གཞི་ཡག་པོ་ཞིག་ཡིན་ཡང་། གཙོ་བོ་སའི་གོ་ལ་འདི་ཉིད་སྲུང་སྐྱོབ་བྱེད་རྒྱུ་ནི་མི་ཚང་མའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་གལ་ཆེ་ཤོས་དེ་ཡིན།