བོད་ཀྱི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བའི་སྐོར་ ཅུང་ཙམ་གླེང་བ།

བསྟན་དར་ལྡན།  ནགས་ཤོད་ཅོ་ཀ ཏཱ་ལའི་བླ་མ་མཐོ་སློབ། 

སྔོན་གླེང་ཐུང་ངུ་།  བོད་ཀྱི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་ཅེས་པ་བརྗོད་དོན་དུ་བཟུང་སྟེ་དམིགས་བཀར་གྱིས་གླེང་དགོས་དོན་ནི། རཱ་མ་ཎའི་རྟོགས་བརྗོད་དང་བོད་ཀྱི་རྩོམ་རིག་གི་སྔ་ཕྱི་བར་གསུམ་གང་ནས་ཀྱང་མ་འབྲེལ་བ་ཞིག་གླེང་ཐབས་མེད་པ་དང་། རཱ་མ་ཎའི་རྟོགས་བརྗོད་ཀྱི་སྐོར་ཤེས་རྟོགས་བྱུང་བ་ལས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱོགས་མང་པོ་ཞིག་ནས་ངེས་ཤེས་ཐུབ་ཅིང་། ལྷག་ཏུ་བོད་ཀྱི་སྙན་རྩོམ་ཕུལ་བྱུང་ཞིག་ཤེས་པར་བྱ་བར། རཱ་མ་ཎའི་རྟོགས་བརྗོད་ལ་སློབ་དགོས་པ་དང་དེ་ཉིད་ལ་མ་བརྟེན་པར་བོད་ཀྱི་སྙན་ངག་གི་བརྩམས་ཆོས་ཕུལ་བྱུང་ཞིག་གླེང་ཐབས་མེད་པ་ལྟ་བུ་སོགས་ཆགས་ཡོད།  དང་པོ།  བོད་ཀྱི་གནའ་བོའི་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བ། 

རྒྱ་གར་གྱི་སྒྲུང་རབས་ཆེན་པོ་གཉིས་ལས་རཱ་མ་ཎའི་རྟོགས་བརྗོད། ཡིག་ཐོག་ནས་དངོས་སུ་བོད་དུ་དར་བ་ནི་དུས་རབས་བརྒྱད་པའི་སྨད་དམ་དགུ་པའི་སྟོད་ཙམ་ནས་ཡིག་བསྒྱུར་བྱུང་བ། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་ལས་བྱུང་བའི་རཱ་མ་ཎའི་གཏམ་རྒྱུད་དུམ་བུ་དེ་ཡིན་པར་<<བོད་ཀྱི་རྩོམ་རིག་ལོ་རྒྱུས་>>ཁག་དང་དེ་འབྲེལ་གྱི་དཔྱད་བརྗོད་དག་ལས་གསལ་ཐུབ་ལ། རཱ་མ་ཎའི་གཏམ་རྒྱུད་ཀྱི་ཆ་ཤས་བོད་བསྒྱུར་བརྩམས་ཆོས་ལས་བྱུང་བ། སློབ་དཔོན་ཐོ་བཙུན་གྲུབ་རྗེས་མཛད་པ་<<ཁྱད་པར་འཕགས་བསྟོད་>>དང་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་<<ལྷ་ལས་ཕུལ་བྱུང་གི་བསྟོད་པ་>>བཅས་ཡིན་པ་རེད།  དོན་དུ་སྒྲུང་རབས་ཆེན་པོ་གཉིས་ལས་རཱ་མ་ཎའི་རྟོགས་བརྗོད་སྐོར་ལ་བོད་མི་ཚོས་ཤེས་རྟོགས་དང་གནའ་བོའི་སྐབས་ཀྱི་བོད་རྩོམ་དང་འབྲེལ་བའི་བྱུང་རིམ་ལ་གཞིགས་ན། ཐོག་མར་བོད་ཀྱི་གནའ་བོའི་དུས་སྐབས་ཀྱི་ཡིག་བསྒྱུར་བརྩམས་ཆོས་དང་འབྲེལ་ནས་བྱུང་བ་ཞིག་ཡིན་པར་གོང་གསལ་དཔེ་མཚོན་བརྩམས་ཆོས་དེ་དག་ལས་གསལ་ཐུབ་པར་འདོད།  གཉིས་པ།  བོད་ཀྱི་སྔ་དར་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བ།  སྔ་དར་རྩོམ་རིག་གི་དུས་སྐབས་ལ་མཚོན་ན། སྔར་ལས་ལྷག་པར་བོད་མིའི་ཁྲོད་ནས་<<རཱ་མ་ཎའི་རྟོགས་བརྗོད་>>ཐད་ལ་གོ་རྟོགས་སམ་ཤེས་ཚད་ཀྱི་རིམ་པ་དང་། སྙན་རྩོམ་དེ་ཉིད་ལ་བརྟེན་ཏེ་བོད་རྩོམ་འཕེལ་རྒྱས་འགྲོ་བའི་རམ་འདེགས་སུ་ཕྱོགས་ཡོད་པ་ཞིག་སྟེ། རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་བྱུང་བ<<་ཏུན་ཧོང་ཡིག་རྙིང་>>གི་ཤོག་དྲིལ་ལས་ཐོན་པ་དེར་གཞིར་བཟུང་ནས་བོད་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་མཆོག་གིས་སྙན་ངག་གི་བསྟན་བཅོས་ཤིག་ཀྱང་བརྩམས་ཡོད།  དུས་རབས་བཅུ་གསུམ་ནང་ས་པཎ་མཆོག་གིས་བརྩམས་པ་<<ལེགས་བཤད་རིན་པོ་གཏེར་>>ཞེས་པ་ལས་རཱ་མ་ཎའི་གཏམ་རྒྱུད་དང་འབྲེལ་བའི་ཚིགས་བཅད་དངོས་སུ་བྲིས་པར་འཁོད་པ་མ་ཟད། ཤོང་སྟོན་ལོ་ཙཱ་བ་མཆོག་གིས་བོད་བསྒྱུར་ཆ་ཚང་གནང་བའི་སྙན་ངག་མེ་ལོང་མའི་གཞུང་ལས་རཱ་མ་ཎའི་གཏམ་རྒྱུད་ཀྱི་བརྗོད་དོན་འགའ་ཤས་སྙན་ངག་གི་དཔེར་བརྗོད་དུ་བཀོལ་བ་ཉམས་ལྡན་གྱི་རྒྱན་དང་། དོན་རྒྱན་སོགས་ལས་གསལ་བོ་མཐོང་རྒྱུ་ཡོད་ཅིང་། རིན་སྤུངས་པའི་སྙན་འགྲེལ་<<མི་འཇིགས་སེང་གེའི་ང་རོ་>>སོགས་ལས་རཱ་མ་ཎ་གཏམ་རྒྱུད་ཀྱི་ཆ་ཤས་ལ་ལ་དཔེར་བརྗོད་དུ་བཀོད་པ་མང་པོ་ཡོད་པ་རེད།  རཱ་མ་ཎའི་གཏམ་རྒྱུད་རྨང་གཞི་བྱས་པ་ལས་བོད་ཀྱི་སྙན་ངག་སྨྲ་བའི་དབང་པོར་གྲགསས་པ་ཞང་ཞུང་ཆོས་དབང་གྲགས་པས། <<རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པ་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་>>ཞེས་པ་བརྩམས་ཡོད་ལ། ཞང་ཞུང་ཆོས་དབང་གྲགས་པར་སྙན་ངག་སྨྲ་བའི་མཚན་ལྷག་ཏུ་རྒྱས་བྱེད་དངོས་ཀྱང་སྙན་ངག་གི་བསྟན་བཅོས་དེ་ཉིད་མཛད་པ་ལས་བྱུང་ལ། དོན་དངོས་སྔ་དར་རྩོམ་རིག་གི་དུས་སྐབས་སུ་རཱ་མ་ཎའི་གཏམ་རྒྱུད་དང་འབྲེལ་བའི་ཤུགས་རྐྱེན་ལས། བོད་དུ་རྩོམ་རིག་གི་བརྩམས་ཆོས་ཕུལ་བྱུང་གསར་རྩོམ་བྱུང་བ་སོགས་ཀྱིས། སྔ་དར་རྩོམ་རིག་ལས་བོད་དུ་རྩོམ་རིག་གི་ཁ་ཕྱོགས་གསར་པ་ཞིག་ཏུ་ཆོག་པར་ཕན་གྲོགས་སུ་གྱུར་བར་སེམས།  གསུམ་པ།  བོད་ཀྱི་ཕྱི་དར་རྩོམ་རིག་དང་རཱ་མ་ཎའི་རྟོགས་བརྗོད་བར་གྱི་འབྲེལ་བ།  རྒྱལ་དབང་ལྔ་པ་ཆེན་པོ་ནས་ད་ལྟའི་བར་དུ་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ཁྲོད་ནས། གཏམ་རྒྱུད་དེ་ཉིད་ཀྱི་སྐོར་དཔེར་བརྗོད་དུ་བཀོལ་བའི་བརྩམས་ཆོས་ཁག་ནི། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་སྙན་འགྲེལ་<<དབྱངས་ཅན་དགྱེས་གླུ་དང་>>། འབྲུག་སྤྲུལ་མཆོག་གིས་མཛད་པའི་སྙན་འགྲེལ་<<དབྱངས་ཅན་ངག་གི་རོལ་མཚོ། >>བོད་མཁས་པས་མཛད་པའི་<<སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས། >>འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་<<སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་>>སོགས་ཡིན་པ་དང་། བརྩམས་སྒྲུང་གི་ནང་དོན་ལ་ཤུགས་རྐྱེན་ཐེབས་པ་ནི། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པ། <<གཞོན་ནུ་ཟླ་མེེད་ཀྱི་གཏམ་རྒྱུད་>>ལྟ་བུ་ཡོད་པ་རེད།  སྔར་ཞང་ཞུང་བས་བརྩམས་པ་ཕུལ་བྱུང་སྙན་ངག་གི་བརྩམས་ཆོས་<<རྒྱལ་མོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་>>ཞེས་པར་དུས་རབས་ཉི་ཤུའི་ནང་བྱོན་པའི་ཞལ་ཤུལ་བ་ངག་དབང་བསྟན་པ་རྒྱ་མཚོས་<<དྲི་མེད་ཤེལ་གྱི་འབབ་སྟེགས་སམ་རཱ་མ་ཎའི་རྟོགས་བརྗོད་>>ཅེས་པ་ཆེས་གོ་བདེའི་འགྲེལ་བ་ཞིག་བརྩམས་པ་ལས་མཁས་ཀུན་ཡིད་དབང་མགུ་བ་ཞིག་བྱུང་བ་དང་། དེ་བཞིན་ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་ཀྱི་སྙན་ངག་གཞིར་བཟུང་སྟེ་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་ཞེས་པས་<<རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན་>>ཞེས་པའི་འཁྲབ་གཞུང་བརྩམས་ཆོས་གསར་པ་ཞིག་ཀྱང་བརྩམས་ཡོད་ལ། མཁས་དབང་དམ་པ་དཔལ་དོན་གྲུབ་རྒྱལ་མཆོག་གིས་ཏུན་ཧོང་བྲག་ཕུག་གི་ཤོག་དྲིལ་ལས་ཐོན་པའི་འགྱུར་ཡིག་རཱ་མ་ཎའི་རྟོགས་བརྗོད་ལ་གོ་བདེར་བཏང་བའི་བརྩམས་ཆོས་གསུང་འབུམ་པོད་དྲུག་པ་ལས་ད་ལྟ་དངོས་སུ་མཇལ་ཡ་ཡོད་པ་སོགས་ཡིན།  ད་ལྟར་མཚོན་ན་རཱ་མ་ཎའི་གཏམ་རྒྱུད་ཆ་ཚང་བ་དེབ་བརྒྱད་ཀྱི་བདག་ཉིན་ཅན་དུ་གྲུབ་པ་ཞིག་ལོ་ཙཱ་བ་ཨོ་རྒྱན་ལགས་ཀྱིས་བོད་བསྒྱུར་བྱས་པར་བརྟེན། སྔར་ལས་ལྷག་པར་སྒྲུང་རབས་ཆེན་མོ་དེ་ཉིད་ཞིབ་རྒྱས་སུ་མཐོང་ལམ་དུ་གྱུར་ཡོད་ལ། སྒྲུང་རབས་སྙན་ངག་དེ་ཁོ་ནར་ཆེད་ལས་སློབ་མའི་དཔྱད་རྩོམ་སོགས་ལ་གཞིགས་ནའང་། གནའ་བསྒྱུར་<<རཱ་མ་ཎའི་རྟོགས་བརྗོད་>>ཀྱི་སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་པ་དང་། <<ཞང་ཞུང་བའི་རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད་ཀྱི་སྒྱུ་རྩལ་ཁྱད་ཆོས་སྐོར་ལ་དཔྱད་པ་>>ཞེས་སོགས་ཡོད། དོན་དུ་བོད་ཀྱི་ཕྱི་དར་རྩོམ་རིག་སྐབས་འདིར་གཞིགས་ན། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལ་བརྟེན་ཏེ་སྙན་ངག་གི་བརྩམས་ཆོས་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་མཚོན་པའི་བོད་རྩོམ་གྱི་ཕྱོགས་མང་པོ་ནས་འཕེལ་རྒྱས་སུ་འགྲོ་བའི་ཤུགས་རྐྱེན་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད་པར་རྟོགས་ཐུབ་སྙམ་ཡོད། །མཇུག་གཏམ།  མདོར་དྲིལ་ན་བོད་ཀྱི་རྩོམ་རིག་གི་དུམ་མཚམས་ཆེན་པོ་གསུམ་དུ་ཕྱེ་བའི་ཁྲོད། བཙན་བོའི་དུས་སྐབས་ནས་ས་སྐྱའི་བར་དུ་བོད་ཀྱི་གནའ་བོའི་རྩོམ་རིག་དང་ཡིག་བསྒྱུར་བརྒྱུད་དེ་འབྲེལ་བ། སྔ་དར་རྩོམ་རིག་དུས་སྐབས་འགྱུར་ཡིག་དེ་དག་གཞིར་བྱས་པ་ལས་རྩོམ་རིག་གསར་རྩོམ་དང་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་ཆོག་པ་དང་བོད་ཀྱི་རྩོམ་གཤིས་ལས་མ་བྲལ་བའི་ཕུལ་བྱུང་སྙན་ངག་བརྩམས་ཆོས་གསར་དུ་མཛད་པའི་འབྲེལ་བ་སོགས་ཆགས་ཡོད།  ཕྱི་དར་རྩོམ་རིག་སྐབས་ལ་གཞིགས་ན་རཱ་མ་ཎའི་གཏམ་རྒྱུད་ཆ་ཚང་བོད་དུ་འགྱུར་ཞིང་། གཏམ་རྒྱུད་ལ་དེ་ཉིད་ལ་དཔྱད་བརྗོད་དང་གསར་རྩོམ་བརྩམས་ཆོས་རིགས་དུ་མ་ཞིག་བྱུང་བ་དང་འབྱུང་བཞིན་ཡོད་ལ། ད་དུང་རྟོགས་བརྗོད་དེ་དང་འབྲེལ་བའི་རྩོམ་རིག་སྐོར་གྱི་དཔྱད་བརྗོད་རིགས་ཐུང་སྣ་ཚོགས་ཤིག་ཡོད་པ་སོགས་ལ་བལྟས་ན། བོད་རྩོམ་འཕེལ་རྒྱས་སུ་འགྲོ་བའི་ཤུགས་རྐྱེན་ཐད་ལ་སྔ་ཕྱི་བར་གསུམ་ལ་མེད་དུ་མི་རུང་བའི་འབྲེལ་བ་དམ་པོར་ཆགས་ཡོད་པར་སྣང་། །

བོད་ཀྱི་སྐད་བརྡ་རིག་པ།

འཛམ་གླིང་ལ་སྐད་རིགས་བདུན་སྟོང་ལྷག་ཡོད་པ་ལས་ཡི་གེ་ཡོད་པའི་སྐད་ཡིག་གཉིས་བརྒྱ་ལས་མེད།  སྐད་ཡིག་མང་པོ་ཞིག་ཡི་གེ་གཅིག་པ་ཡིན་པས་ཐུན་མོང་མིན་པའི་ཡི་གེ་ཡོད་པའི་སྐད་ཡིག་ལྔ་བཅུ་ལས་མེད་པ་དང་།   དེ་ཡང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་བཤད་རྒྱུ་ཡོད་པ་སྐད་ཡིག་བཅོ་ལྔ་ལས་མེད་པར་བཤད་པས་བོད་ཡིག་འཛམ་གླིང་སྐད་ཡིག་རྩེ་གྲ་བཅོ་ལྔའི་གྲས་སུ་ཚུད་ཡོད་པར་བཤད།   བཀའ་བསྟན་བོད་ཡིག་ལ་འགྱུར་བ་ནས་བཟུང་བོད་ཡིག་ནི་ནང་བསྟན་རིག་པའི་ལྟ་གྲུབ་ཀྱི་བང་མཛོད་ཅིག་ཏུ་གྱུར།  བོད་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ཕུ་ནུའི་མདོ།  སུམ་པའི་མ་ཤགས་ཆེན་མོ་ལྟ་བུ་མི་རིགས་རིག་པ།  འཛམ་གླིང་ལ་སྐད་གྲགས་ཡོད་པ་གེ་སར་གྱི་སྒྲུང་།  རྗེ་མི་ལའི་མགུལ་འབུམ།  ཚངས་དབྱངས་རྒྱ་མཚོའི་མགུལ་གླུ་སོགས་རང་རེའི་མཁས་པ་རྣམས་ཀྱི་བརྩམས་ཆོས་ཇི་སྙེད་ཅིག་བོད་ཡིག་ལ་བརྟེན་ནས་གསོན་པོར་གནས་ཡོད།   གཞན་ཡང་ཚན་རིག་དང་ཆབ་སྲིད།  དཔལ་འབྱོར་རིག་པ་སོགས་གངས་ཅན་བོད་ཀྱི་ཤེས་རིག་ནོར་བུའི་བང་མཛོད་དུ་དྲངས་དང་འདྲེན་བྱེད་བཞིན་མཆིས་པ་དང་།  འདྲོང་པར་འགྱུར་བ་ཡང་ཡིན་པས་བོད་མི་རིགས་ལ་མཚོན་ན་བོད་ཀྱི་སྐད་ཡིག་ལས་རིན་ཐང་ཆེ་བའི་དངོས་པོ་ཞིག་ལར་ནས་མེད།  

དེང་དུས་ཚན་རིག་གི་བརྡ་ཆད་འགའ་རེ་བོད་ཡིག་ཏུ་སྒྱུར་དཀའ་བ་དང་།  བརྩེ་དུང་གི་སྐད་ཆ་འགའ་ཞིག་དབྱིན་ཡིག་དང་རྒྱ་ཡིག་སོགས་ལས་བཤད་པ་ལྟར་བོད་ཡིག་ལ་བྲིས་ན་སེམས་ཚོར་འདྲེན་མི་ཐུབ་པ་ལ་བསམས་ནས་བོད་ཡིག་ནི་ནང་པའི་ཆོས་གཞུང་འགྲེལ་བཤད་རྒྱག་བྱེད་ཙམ་ལས་སྤྱི་ཚོགས་ཀྱི་ཉེར་མཁོ་སྒྲུབ་པའི་ནུས་པ་མེད་དོ་བསམ་མཁན་རེ་ཟུང་མཆིས་ཀྱང་།   སྐད་བརྡ་རིག་པའི་གནས་ཚུལ་གཏིང་མ་དཔོག་པའི་གཏམ་ཡིན་ཏེ།   གསང་སྔགས་ཀྱི་རྩ་རླུང་ཐེག་ལེའི་རྣམ་གཞག །སྐར་རྩིས་ཀྱི་གཟའ་སྐར་རྒྱུ་ཕྱོགས།  དབུ་མའི་ལྟ་གྲུབ།   ཕར་ཕྱིན་ཐེག་པའི་ས་ལམ་གྱི་རྣམ་གཞག་དེ་དག་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བོད་ཡིག་ལ་ཇི་ལྟར་འགྱུར་བ་ལྟར་དབྱིན་ཡིག་གིས་ངོ་སྤྲོད་མི་ཐུབ་པ་ནི་དབྱིན་ཡིག་གི་སྐྱོན་ཡིན་ནམ་ཞེས་པའི་དྲི་བ་ཞིག་ཐོག་མར་ཕར་འདྲི་དགོས།  ནང་ཆོས་ཀྱི་ཐ་སྙད་ཕོན་ཆེན་དེ་དག་སྔོན་གྱི་ལོ་ཙཱ་བས་དེ་དག་བོད་ཡིག་ལ་སྒྱུར་ཐུབ་ལ།  དེང་སང་བོད་ཀྱི་མཁས་པ་ཚོས་ཚན་རིག་གི་ཐ་སྙད་འདི་དག་བོད་ཡིག་ལ་སྒྱུར་མི་ཐུབ་པ་ནི་ད་ལྟར་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཚོ་ལ་སྐད་གཉིས་བྱང་ཆུབ་པ་དང་གང་བསྒྱུར་བྱའི་དེང་རབས་ཀྱི་ཤེས་བྱ་ནང་བྱན་ཆུབ་པ་མ་ཤེས་པའི་རང་མཚང་བོད་ཡིག་ལ་བཀལ་བ་ཙམ་ལས་བོད་ཡིག་གི་སྐྱོན་ཆ་རྩ་བ་ནས་མིན་ཏེ།  སྔོན་དང་ད་ལྟའི་བོད་ཡིག་གཞི་རྩའི་ཆ་ལ་འགྱུར་བ་དེ་ཙམ་སོང་མེད་པས་དེང་སང་བོད་ཡིག་བཀོལ་སྤྱོད་མཁན་གྱི་རྣམ་དཔྱོད་ཀྱིས་འདང་ན་ནང་བསྟན་གྱི་ཐ་སྙད་བོད་ཡིག་ལ་བསྒྱུར་བ་ལྟར་དེང་རབས་ཀྱི་ཤེས་བྱ་ཇི་སྙེད་ཅིག་བོད་ཡིག་ལ་སྒྱུར་ཐུབ་པའི་ནུས་པ་ཡོད་པར་བསྟན་འདུག་ཅེས་པ་དེ་ཡིན། 

དེང་སང་བོད་པའི་སྤྱི་ཚོགས་ལ་བོད་ཡིག་གིས་ལྟོ་མི་སྟེར་ཟེར་བ་དང་བོད་ཡིག་ལ་འཐམས་ནས་བསྡད་མཁན་ནི་ལྐུགས་པ་རེད་ཟེར་མཁན་བོད་རིགས་འགའ་རེས་ཁ་གསངས་པ་དང་མ་གསངས་པའི་ཁྱད་པར་ཙམ་ལས་ཁོག་ནས་དེ་ལྟར་བསམ་མཁན་མང་པོ་ཡོད་པ་བུ་ཕྲུག་དབྱིན་ཡིག་དང་རྒྱ་ཡིག་སྦྱོང་སར་བཏང་རྐྱང་བྱེད་པས་ཤེས་གསལ་ཡིན།  སྤྱི་ཚོགས་དང་སྐད་བརྡ་གཉིས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཟབ་པོ་ཡོད་པས་སྐད་ཡིག་མེད་པར་སྤྱི་ཚོགས་འཚོ་ཐབས་མེད་པས་མཐོ་རིམ་ལས་ཁུངས་དང་རྒྱལ་སྤྱིའི་ཤེས་ཡོན་གལ་ཆེ་བ་དང་སྤྱི་ཚོགས་ཀྱི་ཁེ་ཕན་སྒྲུབ་པའི་ཤེས་བྱ་རྣམས་མི་རིགས་སུའི་སྐད་ཡིག་ལ་དར་སྤེལ་ཐུབ་ན་སྐད་རིགས་དེ་བེད་སྤྱོད་གཏོང་མཁན་གྱི་མི་རིགས་དེ་འཇོན་ཐང་ཡོད་པས་བྱས་པ་ལས་རྒྱ་བོད་དབྱིན་གསུམ་ལ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མི་ཐུབ་ཀྱི་ཁྱད་པར་ཤོར་ནས་སྤྱི་ཚོགས་སུ་དར་ཁྱབ་ཆེ་ཆུང་ཤོར་སོང་བ་གཏན་ནས་མིན།

བོད་ཀྱི་སྐད་བརྡ་རིག་པའི་འཕེལ་རིམ་བཤད་པ།

གདོད་མའི་བོད་མི་རིགས་ཀྱི་སྐད་རྣམས་སློབ་དཔོན་ཐོན་མིས་ཡིག་གཟུགས་ལ་ཕབ་ནས་གསར་གཏོད་མཛད་པ་དང་།    སུམ་རྟགས་གཉིས་སོགས་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་ནས་བོད་ཀྱི་སྐད་བརྡ་རིག་པའི་ཆ་ཤས་གལ་ཆེ་བ་བརྡ་སྤྲོད་རིག་པ་སྲོལ་གཏད་ཅིང་།  སུམ་པའི་མ་ཤགས་ཆེན་མོ་དང་།   ཕུ་ནུའི་མདོ་བཅས་མི་ཆོས་རིག་པའི་བརྩམས་ཆོས་དང་།   ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པ་གནས་བརྒྱད་ཆེན་མོའི་རྩ་འགྲེལ་མཛད་པ་དང་།   ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བཀའ་འགྱུར་བོད་སྐད་དུ་བསྒྱུར་བས་བཙན་པོའི་རྒྱལ་རབས་སྐབས་ནས་བོད་ཡིག་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་སྐད་ཡིག་ཅིག་གི་ཆ་ལག་ཡོངས་སུ་རྫོགས་པ་ལོ་ངོ་སྟོང་ཕྲག་གི་སྔོན་ནས་གྲུབ་ཚར་ཡོད།   

ད་དུང་བསམ་ཡས་ལྟ་བུ་རྒྱལ་སྤྱིའི་མཐོ་སློབ་ཅེས་འབོད་ཆོག་པ་རྒྱལ་ཁབ་གཞན་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་རྩོམ་རིག་དང་ཆོས་ལུགས་ཀྱི་ལྟ་གྲུབ་སོགས་རིག་གཞུང་གསར་པའམ་མི་རིགས་ཀྱི་ཁེ་ཕན་སྒྲུབ་པའི་རིག་གཞུང་ཞིག་མཐོང་ན་སྒྲ་སྒྱུར་རྒྱ་གར་གླིང་ནས་བོད་ཡིག་ལ་བསྒྱུར་བས་ཆོས་སྲིད་གང་གི་ཐད་ནས་ཡར་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་ཞིག་སྐབས་དེ་དུས་ནས་ཚུགས་ཟིན་པས།  ལོ་ངོ་སྟོང་ཕྲག་གི་སྔོན་དུ་ལུང་པ་གཞན་རྣམས་ཕལ་ཆེར་བ་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་ཤ་དང་འབྲུ་རིགས་རྗེན་པ་ཟ་བཞིན་གནས་རབས་བཤད་པ་ལྟར་ན་བོད་མིའི་བསམ་བློའི་གནས་ཚད་དང་འཇོན་ཐང་གཉིས་ཀ་འཛམ་གླིང་ལ་མངོན་པར་འཕགས་པ་ཞིག་ཡིན་པར་གོར་མ་ཆགས་པས་བདག་ཉིད་ལ་བརྙས་པའི་ལེ་ལོ་སྐྱེ་དགོས་དོན་མེད་པ་ཞིག་ཡིན།   དུས་རབས་བཅུ་གཉིས་པའི་གཡས་གཡོན་ལ་བོད་ཡིག་ནང་དུ་ནང་ཆོས་ཀྱི་ལྟ་གྲུབ་ཧ་ཅང་འཕེལ་རྒྱས་ཆེན་པོ་སོང་ཞིང་།   དེང་སྐབས་ཀྱང་འཛམ་གླིང་ཤར་ནུབ་གང་ས་ནས་ཤེས་ཡོན་ཡོད་མེད་ཀྱི་ཁྱད་པར་མེད་པ་བོད་རྒྱུད་ཀྱི་ནང་བསྟན་གྱི་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་འདིས་ཀྱང་བོད་བརྒྱུད་ནང་བསྟན་འདི་ཤེས་ཡོན་ཡར་རྒྱས་མ་སོང་བའི་སྤྱི་ཚོགས་སུ་རྨོངས་དད་ཅན་འགའ་རེ་མགོ་སྐོར་གཏོང་སྤྱད་ཙམ་ལས་ཡར་ཐོན་རྒྱལ་ཁབ་ཁག་ལ་སྤྱོད་རིན་མེད་པ་དེ་འདྲ་མིན་པ་གསལ་པོར་མཚོན་ཡོད།  

རྒྱལ་པོ་གླང་དར་གྱི་སྐབས་སུ་ཆབ་སྲིད་ལ་འཕོ་འགྱུར་བཏང་བའི་དབང་གིས་སློབ་དཔོན་ཐོན་མིས་བརྩམས་པའི་བསྟན་བཅོས་གཞན་དྲུག་ནུབ་སོང་བ་བཤད་པ་རྒྱུ་མཚན་ལྡན་པ་མཐོང་སྟེ།   མགོ་ཅན་གསུམ་དང་འདོགས་ཅན་བཞི་བཅས་གསར་གཏོད་མཛད་ནས་མགོ་ཅན་གསུམ་པོ་མིང་གཞི་གང་ལ་རྩེགས་པ་དང་།   འདོགས་ཅན་བཞི་མིང་གཞི་གང་ལ་བཏགས་པ་དང་ཚུལ་ཇི་ལྟར་འདོགས་པ་སོགས་ངེས་པར་དུ་བཤད་དགོས་ཀྱང་ད་ལྟའི་སུམ་རྟགས་གཉིས་ལས་མ་བསྟན་པ་དང་།  ཡང་འཇུག་གཉིས་ཐོབ་ཚུལ་གསལ་བ་མ་བསྟན་པ་དང་།  རྗེས་འཇུག་ཕོ་མོ་མ་ནིང་གང་ཡིན་གསལ་བར་བསྟན་པའི་རྩ་ཚིག་མེད་པས་དེ་དག་བསྟན་པའི་རྩ་ཚིག་ཅིག་ངེས་པར་དུ་ཡོད་དགོས་ཀྱང་སུམ་རྟགས་གཉིས་ལ་མི་སྣང་བ་དང་།   ཕྱོགས་གཅིག་ནས་བལྟས་ན་གཞུང་གཞན་དྲུག་པོ་བརླགས་པའི་ཤུལ་དུ་ཚིགས་བཅད་ཐར་ཐོར་རྙེད་པ་རྣམས་ལྷུ་བསྒྲིགས་ནས་ད་ལྟའི་རྟགས་འཇུག་འདི་བཟོས་པའི་བཟོ་འདྲ་ཞིག་མཐོང་བ་སྟེ།   མགོ་ཅན་དང་འདོགས་ཅན་རྣམས་གང་ལ་འདོགས་པ་དང་ཚུལ་ཇི་ལྟར་འདོགས་པ་སོགས་བཤད་པ་སྐབས་སུ་བབ་པ་དང་བཤད་དགོས་པའི་གནད་དོན་གཉིས་ཀ་ཚང་ཡང་མ་བཤད་པ་དང་།    རྒྱ་གར་གྱི་ཡི་གེ་ལ་བྱ་བའི་རྐྱེན་སྦྱར་ཚུལ་ལ་བཤད་པ་ཟབ་མོ་ཡོད་ཚོད་འདུག་པས་དེ་དང་མཚུངས་པ་བརྡ་སྤྲོད་ཀྱི་སྙིང་པོ་བྱ་ཚིག་གི་རྣམ་གཞག་རྣམས་རྩལ་དུ་བཏོན་ནས་བཤད་དགོས་ཀྱང་བྱ་ཚིག་གི་རྣམ་གཞག་དང་དུས་གསུམ་གྱི་རྣམ་གཞག་བསྟན་པ་ཚིགས་བཅད་གཅིག་ལས་མེད་པས།  བསྟན་བཅོས་གཞན་དྲུག་ནུབ་པའི་ཤུལ་ནས་མིང་གཞི་དང་སྔོན་འཇུག་རྟགས་ཀྱི་འཇུག་ཚུལ་བཤད་པ་ཚིགས་བཅད་ཁ་འཐོར་ཁ་ཤས་རྙེད་པ་དང་།   བྱ་ཚིག་གི་རྣམ་གཞག་བསྟན་པའི་ཚིགས་བཅད་གཅིག་རྙེད་པ་དང་།   རྗེས་འཇུག་བསྟན་པའི་རྩ་བ་མང་ཙམ་རྙེད་པ་རྣམས་ལྷུ་བསྒྲིགས་ནས་ད་ལྟའི་རྟགས་འཇུག་རྩ་བ་འདི་བཟོས་པར་འདྲ་བ་ཞིག་སྣང་ངོ་། །

ཕྱིས་དར་གྱི་སྐབས་རྔོག་ལོ་ཙཱ་བས་པོ་ཏི་བདུན་ཅུ་ལྷག་བོད་སྒྱུར་མཛད་པ་དང་བཞི་བཅུ་ཙམ་བརྩམས་པར་གྲགས་པ་དང་དག་ཡིག་ཉེར་མཁོ་བསྡུས་པ་བརྩམས་པས་བོད་ཀྱི་དག་ཡིག་ཐོག་མ་འདི་ཡིན་པར་སྣང་ཞིང་།  ཁོང་གི་སློབ་མ་གྲོ་ལུང་པ་པ་དང་།   ཆ་པ་སོགས་སེང་ཆེན་བརྒྱད་དང་།   ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པ་སོགས་བཀའ་གདམས་རྙིང་མ་པ་ལ་ལོ་ཙཱ་བ་དང་རྩོམ་པ་པོ་མཁས་པ་མང་པོ་བྱུང་བས་སྐད་ཡིག་གི་མེ་རོ་སླར་ཡང་གསོས་པས་ལོ་ཙཱ་བ་འདི་དག་སྐད་ཡིག་ཕྱུག་ཏུ་གཏོང་མཁན་གྱི་མི་སྣ་གལ་ཆེ་ཤོས་ཀྱི་གྲས་ཡིན།    འོན་ཏེ་བཀའ་གདམས་རྙིང་མ་བ་དགེ་བཤེས་པོ་ཏོ་བ་སོགས་ཀྱི་ཁ་སྐད་ཡི་གེར་ཕབ་པ་ཤིན་ཏུ་མང་བས་དག་ཡིག་ལ་གཅིག་འགྱུར་གྱིས་ཡར་རྒྱས་དེ་ཙམ་བྱུང་མེད་པ་འདྲ།  

དུས་རབས་བཅུ་གཉིས་པར་ས་སྐྱ་པཎ་ཆེན་བྱོན་ནས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་པའི་གནས་བཅུ་གསར་གཏོད་མཛད་ཅིང་།   སྙན་ངག་གི་སྐོར་མཁས་འཇུག  ། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གཏེར།   སྡེབ་སྦྱོར་རིན་ཆེན་འབྱུང་གནས།   ཟློས་གར་རོལ་མོའི་བསྟན་བཅོས།   སྒྲ་རིག་པ་སྒྲ་ལ་འཇུག་པ་བཅས་བརྩམས་པས་དུས་རབས་བཅུ་གཉིས་པ་ལ་བོད་ཀྱི་སྐད་བརྡ་རིག་པ་གནམ་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཆེན་པོ་སོང་བས་བོད་ཡིག་ལ་བྱས་རྗེས་ས་པཎ་ལས་ལྷག་པ་བྱུང་མ་མྱོང་ཞིང་།  རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་སྐབས་ནས་སྙན་རྩོམ་དང་ལྟ་གྲུབ་ཀྱི་ཐད་ལ་སྤྱིར་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་སོང་བ་མངོན་ཞིང་།   ལྷག་པར་དུ་གྲུབ་ཆེན་འགའ་རེའི་མགུལ་དང་ཆོས་སྲུང་ཁག་གི་བསྟོད་པ་བཅས་སྙན་ངག་ཚད་གཞི་མཐོན་པོར་སྙེགས་པ་ཆོས་བརྒྱུད་རིས་མེད་ཀུན་ལ་བྱུང་ཡོད་པས།   ལོ་སྟོང་ཕྲག་ལྷག་གི་རིང་ལ་མཁས་པ་རིམ་བྱོན་གྱིས་ཐ་སྙད་གསར་པ་བསྣན་པ་དང་སྡེབ་སྦྱོར་གྱི་ཐད་ལ་མཁས་པ་རེ་རྣམ་དཔྱོད་ཀྱི་རྩལ་རེ་བཏོན་ནས་མི་མང་པོ་མཉམ་རུབ་བྱས་པ་ལྟར་གྱིས་སྐད་ཡིག་ཕྱུག་པོར་གྱུར་སོང་བ་ཡིན་ཏེ།    དཔེར་ན།  རྒྱལ་པོ་ཞིག་གིས་ལོ་ངོ་སྟོང་ཕྲག་རིང་ལ་བསགས་པའི་བང་མཛོད་ལ་རྒྱལ་རབས་རེ་རེས་ནོར་རྫས་གསར་པ་རེ་བསགས་ནས་ཕྱུག་ཏུ་སོང་བ་ལྟར་ཡིན་ཞིང་།   བང་མཛོད་དེ་ཡང་དུས་རབས་དང་མཐུན་པ་དེང་སང་གི་དངུལ་ཁང་གི་དཔལ་འབྱོར་རྒྱུད་ལམ་ནང་བཞིན་བཟོ་མ་ཐུབ་ན་དེང་རབས་མི་ལ་དགོས་མཁོ་སྐོང་མི་ཐུབ་པ་ལྟར།   བོད་ཡིག་ནང་བསྟན་ལྟ་གྲུབ་ཀྱི་ཕྱོགས་སུ་འཕེལ་རྒྱས་སོང་བ་ལས་ཕྱོགས་གཅིག་ལ་སྟོང་ཆ་ཞིག་ལྷག་སོང་བ་ཡིན་ཏེ།   སྔོན་གྱི་ལོ་པཎ་རྣམས་ཀྱིས་བཀའ་བསྟན་བོད་ཡིག་ལ་ཐོག་མར་སྒྱུར་དུས་ནང་ཆོས་ཀྱི་ཐ་སྙད་འདི་དག་བོད་ཀྱི་དམངས་ཁྲོད་ཀྱི་ཁ་བརྡ་ནས་བསྒྲུགས་པ་ཤ་དག་ཡིན་པས་དེ་དུས་ཡི་གེ་དང་ཁ་བརྡའི་བར་ལ་སྟོང་ཆ་ཆེན་པོ་དེ་ཙམ་ཤོར་མེད་ཀྱང་།  ཐ་སྙད་དེ་དག་སྤྱི་ཚོགས་ལས་ཟུར་དུ་དགོན་པ་ལ་བཀོལ་སྤྱོད་མཛད་པ་དང་།    དགོན་པ་ལ་ཆབ་སྲིད་དང་བརྩེ་དུང་སོགས་འཇིག་རྟེན་མི་ཆོས་རིག་པའི་རྒྱུན་སྤྱོད་ཀྱི་ཐ་སྙད་བཀོལ་སྤྱོད་བྱས་པའི་རྩོམ་རིག་འཕོན་ཆེན་དེ་འདྲ་མེད་པས་དམངས་ཁྲོད་ཀྱི་ཁ་བརྡ་དང་བོད་ཡིག་གི་བར་ཐག་ཇེ་རིང་དུ་གྱུར།   སྟོང་ཆ་དེ་སྐོང་ཆེད་སྐད་གསར་བཅད་ཐེངས་མ་ཁ་ཤས་མཛད་ཀྱང་དུས་རབས་འགྱུར་བ་ནི་སུས་ཀྱང་འགོག་ཏུ་མེད་པས་སླར་ཡང་སྟོང་ཆ་གསར་པ་ཞིག་སླེབས་ཡོང་བ་ཡིན།        མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལྷུག་རྩོམ་རྣམས་གོ་བདེ་བ་དང་བརྡ་སྤྲོད་དང་མ་འགལ་བའི་ཐོག་ནས་ཕལ་སྐད་སྤྱོད་བདེ་བ་དང་།  སྙན་ངག་ཀྱང་གཏན་ཚིགས་རིག་པའི་གསོན་ཤུགས་ལྡན་པས་མེ་ཏོག་གསར་པ་ཞིག་བཞད་ཙམ་བྱེད་ནས་ཁ་ཕར་ཟུམ་སོང་བ་ལྟར་སྟོང་ཆ་ཁ་སྐོང་གྲབས་བྱེད་པའི་སྣང་བ་སྟེར་ཡང་།  དགུང་ལོ་ཆེན་པོ་མ་ཐོབ་པ་དང་དེང་རབས་ནང་བཞིན་དྲ་ལམ་གྱི་ཤུགས་རྐྱེན་ཆེན་པོ་མེད་པ་དང་རིན་ཐང་འཇལ་ཐུབ་མཁན་ཡང་ཉུང་བས་བོད་ཀྱི་རིག་གཞུང་ལ་ཕམ་ཁ་ཆེ་ཤོས་ཤིག་ལ་བརྩི་ཆོག །

 དུས་རབས་བཅུ་པ་ནས་ཉི་ཤུ་པའི་བར་ལ་བོད་ལ་ཆབ་སྲིད་འཕོ་འགྱུར་དང་རིག་གཞུང་གསར་པ་གང་ཡང་མ་འདར་བས་སྐད་ཡིག་ལ་གསར་བརྗེ་ཆེན་པོ་དེ་ཙམ་སོང་མེད་པ་སྟེ།   དབྱིན་ཡིག་ལྟ་བུ་ལོ་ངོ་ཉིས་བརྒྱའི་སྔོན་ལ་བྲིས་པ་རྣམས་ཡིག་རྙིང་ལ་ཆེད་ལས་པ་མ་གཏོགས་ད་ལྟའི་དབྱིན་ཡིག་བྱང་ཆུབ་པ་རྣམས་ཀྱིས་ཀློག་ཐུབ་པ་དཀའ་བར་བཤད་བཞིན་འདུག་པས།   ད་ལྟ་བོད་ཡིག་མཁས་པ་ཞིག་གིས་གེ་སར་གྱི་སྒྲུང་དང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་སོགས་ཤར་མར་ཀློག་ཐུབ་ཅིང་གོ་བ་ལེན་ཐུབ་པ་མ་ཟད།   གེ་སར་གྱི་སྒྲུང་སོགས་བོད་ཡིག་སྒྲ་དག་གསལ་གསུམ་ལྡན་པ་ཞིག་གིས་ཀློག་ན་ང་དགུའི་ཡར་སྔོན་བགྲེས་སོང་ཡིག་རྨོངས་པ་དག་གིས་གོ་བ་ལེན་ཐུབ་པས་སྐད་ཡིག་འཕོ་འགྱུར་དེ་ཙམ་སོང་མེད་པ་ཤེས་ཐུབ་པ་ཡིན།

ལྷག་པར་དུ་སྤྱི་ཚོགས་ལ་ཆབ་སྲིད་དང་རིག་གནས་ལ་འཕོ་འགྱུར་ཤུགས་ཆེན་པོ་བྱུང་བའི་སྐབས་མི་རབས་གསར་རྙིང་བར་བསམ་བློའི་བར་སྟོང་ཞིག་རང་བཞིན་གྱིས་སླེབས་འོང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན།  དུས་རབས་ཉི་ཤུ་པའི་ནང་ཚན་རིག་འཕྲུལ་ཆས་དར་ནས་གཞོན་སྐྱེས་ཚོའི་བསམ་བློ་ཁ་ཕྱོགས་གཞན་ལ་ཁྲིད་ཚེ་མི་རབས་རྒན་པ་རྣམས་ལ་རིག་གཞུང་ཉམས་པའི་སེམས་ཁྲལ་ཞིག་ཤར་ཕྱོགས་རྒྱལ་ཁབ་ལ་ཤས་ཆེ་བ་དང་།   ནུབ་ཕྱོགས་ཡེ་ཤུའི་ཆོས་ལུགས་པ་བཅས་ལ་བྱུང་ཞིང་།   མི་རབས་གསར་པ་ཚོས་ཀྱང་སྔར་སྲོལ་རྒྱུན་འཛིན་ལ་འབད་ན་དེང་རབས་རྗེས་མ་ཟིན་པའི་དཀའ་ངལ་ཞིག་མི་རབས་རྒན་གཞོན་གཉིས་ཀ་ལ་བྱུང་ཞིང་།   དཀའ་ངལ་གདོང་ལེན་བྱེད་སྟངས་ཐད་ལ་མི་རབས་གསར་པ་ཚོ་ལ་དེང་རབས་ཀྱི་ཤེས་ཡོན་རྩ་བ་ནས་འབྱར་མི་བཅུག་པའི་ཐབས་དང་།   ཡང་ན་རིག་གཞུང་རྙིང་པ་གསར་པ་དང་མཉམ་དུ་འགྲོ་བའི་ཐབས་ལམ་འཚོལ་བ་གཉིས་ལས་གདམ་གསེས་གསུམ་པ་ཞིག་མེད་པས།   ཁ་ཆེའི་རྒྱལ་ཁབ་འགའ་ལ་བུད་མེད་སློབ་གྲྭར་ཞུགས་མི་ཆོག་པ་སོགས་བྱས་ཀྱང་རི་ཞིག་ན་ཐག་པས་མི་དོམ་ཟེར་བའི་དཔེ་ལྟར་དཀའ་ངལ་སེལ་མ་ཐུབ།   བོད་ཀྱི་སྐད་ཡིག་དུས་རབས་དང་མཐུན་པའི་ལམ་དུ་འགྲོ་དགོས་པ་ལས་གཡོལ་ཐབས་བྱས་ན་ཉམས་རྒྱུ་ལས་མེད་པས་གདམ་གསེས་གཉིས་པ་མེད་པས་མིས་བཟོས་རིག་ནུས་ལ་བཅུག་དང་འཇུག་བཞིན་པ་ནུས་ལྡན་ཚོས་ཤུགས་སྒྲིམ་བཞིན་མཆིས་པ་ནི་རྗེས་སུ་ཡི་རངས་སུ་གནས་ཡིན།

སྐད་བརྡའི་ངོ་བོ།  

སྐད་ཆ་བཤད་མཁན་གྱི་བསམ་ཚུལ་ཤེས་པར་བྱེད་པའི་ངག་གི་བརྡ་ཐབས་གཅིག་ལ་སྐད་བརྡ་དང་།  སྐད་ཆའི་ཁྱབ་ཁོངས་ཡོངས་ལ་ཞིབ་འཇུག་བྱེད་པའི་རིགས་ལམ་ལ་སྐད་བརྡ་རིག་པ་ཟེར།    སྐད་ཆ་བཤད་མཁན་ལ་བསམ་གཞིག་ཅིག་སྔོན་དུ་བཏང་ནས་སྐད་ཆ་རྗེས་ནས་བཤད་པ་ཡིན་པས་གནད་དོན་ཕྲ་རགས་ཀུན་བསམ་གཞིག་གིས་ཐག་གཅོད་བྱེད་པ་ལས་སྐད་བརྡས་ཐག་གཅོད་བྱེད་པ་ལྟར་སྣང་ཡང་དོན་དངོས་མིན་ཏེ།   འཛམ་གླིང་ན་སྐད་བརྡ་ཐམས་ཅད་མི་གཅིག་པས་ཐག་གཅོད་གཅིག་པ་ཡོང་མི་སྲིད་ཅིང་།  དཔེར་ན།  མི་ཞིག་ལ་བཙན་དབང་གི་མེ་མདས་འཇིགས་སྐུལ་བྱེད་ནས་བོད་པ་མིན་པ་ཁས་ལེན་དུ་བཅུག་ན་ཚིག་ཙམ་གྱིས་བོད་པ་མིན་ལབ་ཀྱང་སེམས་ཀྱིས་བོད་པ་མིན་པ་ཁས་མ་བླངས་པས་བོད་པ་མིན་པར་ཁས་མ་བླངས་པ་མི་འཇོག་པ་བཞིན་ནོ། །

གནས་ཚུལ་གཅིག་གསར་དུ་རྟོགས་པ་ལ་དབང་པོ་སྒོ་ལྔ་གང་རུང་རྒྱུད་ནས་གཟུགས་སྒྲ་སོགས་ཤེས་བྱ་ཤེས་པར་བྱེད་དགོས་ཤིང་།  སྒོ་ལྔ་པོའི་ནང་ནས་ཤེས་ཡོན་སོགས་འཛུལ་སའི་སྒོ་ཆེན་ལྟ་བུ་རྣ་ཅོག་ཡིན་ཞིང་།  རྣ་ཅོག་གི་རྒྱུད་ལམ་ལ་སྐད་བརྡ་འཛུལ་ནས་སྐད་བརྡས་དོན་སྣ་ཚོགས་བརྗོད་ནས་མཚན་ཉིད་རིག་པའི་གཞུང་ལུགས།   ལོ་རྒྱུས་རིག་པ།   རྩོམ་རིག་སྒྱུ་རྩལ།  མ་འོངས་པའི་གནས་ཚུལ་སོགས་ཤེས་རྟོགས་ཐུབ་པ་ཡིན།  དངོས་པོ་ཞིག་མིག་གིས་མཐོང་བ་དང་ལུས་ཀྱིས་རེག་པ་སོགས་བྱུང་ནས་དངོས་པོ་འདིའི་དོན་འདིའོ་སྙམ་པ་བྱུང་བ་ནི་དོན་དག་ཤེས་ལ་མིང་མི་ཤེས་པས་དོན་སྦྱོར་རྟོག་པ་ཟེར།  རྗེས་སུ་དངོས་པོ་དེའི་མིང་རྣ་བས་ཐོས་ནས་འདི་ལ་མིང་འདི་ཟེར་འདུག་སྙམ་པ་ནི་མིང་སྦྱོར་རྟོག་པ་ཟེར།  དངོས་པོ་ཞིག་གི་མིང་མཐོང་ཐོས་གང་ཡང་མ་མྱོང་བ་དང་།   འགྲེལ་བཤད་ཀྱང་གོ་མ་མྱོང་བས་སྒྲ་ཙམ་ཐོས་པ་ལ་མིང་སྦྱོར་རྟོག་པ་ཟེར་བ་མ་ཤེས་པའི་གཏམ་སྟེ།   དཔེར་ན།  དབྱིན་སྐད་མི་ཤེས་པས་”Vase” ཞེས་པའི་སྒྲ་ཙམ་ཐོས་ན་ཡིད་ལ་གང་ཡང་འཆར་རྒྱུ་མེད་པ་རང་རེས་མྱོང་བས་ཤེས་ཐུབ་པས་ཚད་མའི་གཞུང་ལས་སྒྲ་སྤྱི་ཁོ་ན་དང་དོན་སྤྱི་ཁོ་ན་འཛིན་པའི་རྟོག་པ་ཟེར་བ་དང་དོན་གཅིག་གོ།   

སྐད་བརྡ་རིག་པའི་འབྱུང་ཁུངས། 

སྐད་བརྡ་རིག་པའི་འབྱུང་ཁུངས་ལ་འདོད་ཚུལ་གཉིས་ཏེ།    དང་པོ་ལྷས་བཟོས་པར་བཤད་དེ།   འཇིག་རྟེན་བྱེད་པ་པོ་འདོད་པ་རྣམས་ཀྱིས་སྒྲ་ཡི་བསྟན་བཅོས་ཚངས་པ་ལྷ་ཡིས་བཟོས་པར་འདོད་ཅིང་།   སུམ་ཅུ་པ་ལས་ཀྱང་།   གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ།   ཞེས་ཕྱི་རོལ་པའི་ཡུལ་ཆོས་དང་མཐུན་པ་དབྱངས་གསལ་ལྷ་ཡིས་ཐོག་མར་བཟོས་པར་གསུངས་པ་དང་།   ཡང་ན་བསྐལ་བ་ཁྲི་ཕྲག་མང་པོའི་སྔ་རོལ་ནས་རྗེ་བཙུན་འཇམ་དཔའི་དབྱངས་ཀྱིས་གསུངས་པར་བཤད་པ་སོགས་རང་རེས་དཔྱད་མི་བཟོད་པས་འདི་ལྟར་བཟོས་སོ་སྙམ་པ་བློར་འཆར་མི་ཐུབ་པས་དཔྱད་པར་མི་བྱ། 

གཉིས་པ་མིས་བཟོས་པར་བཤད་དེ།   ལང་གཤེགས་ལས།   མིང་དུ་བཏགས་པ་མ་མཛད་ན།   འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད།   །ཅེས་ལུང་འདི་དྲངས་ནས་མགོན་པོ་ཞེས་པ་སངས་རྒྱས་རང་ལ་གོ་བ་བླངས་ནས་ནང་པས་བརྡ་དང་ཐ་སྙད་ཐོག་མར་སངས་རྒྱས་ཀྱིས་བཟོས་པར་བཤད་པ་ནི་བསྟོད་མ་ཤེས་པས་བསྟོད་པ་ཡིན་ཏེ།  ལང་ཀར་གཤེགས་པའི་མདོ་རང་ལ་མགོན་པོ་ཞེས་པའི་ཚིག་འདི་མི་སྣང་ཞིང་།   བོད་ཀྱི་མཁས་པ་རྣམས་ཀྱིས་ལུང་འདི་དྲངས་ནས་མགོན་པོ་ཞེས་པ་ཐོག་མར་བརྡ་སྦྱར་མཁན་པོས་མཚན་ཉིད་དང་མཚོན་བྱ་མཚན་གཞི་བཅས་ཀྱི་ཐ་སྙད་བཏགས་པ་ལ་སྦྱར་བ་མཛད་ཅིང་།   ཚད་མའི་གཞུང་ལས།    མིང་དང་ཐ་སྙད་ཐམས་ཅད་རྟོག་པས་བཟོས་ཤིང་རྟོག་པའམ་ཤེས་པ་ནི་འཇིག་རྟེན་བྱེད་པ་པོ་ཡིན་ཞིང་།   དེས་ན་མགོན་པོ་ཞེས་པ་བརྡ་སྦྱར་མཁན་པོ་ལ་གོ་བ་ཡིན་ཏེ།   གལ་ཏེ་བརྡ་སྦྱར་མཁན་པོས་བརྡ་མ་སྦྱར་ན་འཇིག་རྟེན་རྨོངས་པར་འགྱུར་ཏེ།   སྐད་བརྡ་དང་སྤྱི་ཚོགས་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་པའི་འབྲེལ་བ་ཟབ་མོ་ཡོད་ཅིང་།   འགྲོ་བ་མི་རྣམས་ཐོག་མར་དུད་འགྲོ་ལས་ལོགས་སུ་གྲུབ་པ་ནས་བཟུང་སྐད་བརྡའི་འབྲེལ་མཐུད་མེད་ན་ཚོགས་པ་གཅིག་དང་སྒྲིག་གཙུགས་སོགས་གཏན་ནས་མེད་པར་སྲོག་ཆགས་སྤྲེལ་བུའི་རིགས་མཉམ་དུ་ཚོགས་པ་དང་འདྲ་བ་ཙམ་ལས་ཤེས་རིག་དང་འགྲོ་བ་མི་ཡི་ཉེར་མཁོ་སྒྲུབ་པའི་འཕྲུལ་ཆས་བཟོ་སྐྲུན་དང་ལྟ་གྲུབ་སོགས་གང་ཡང་མི་འབྱུང་བས་སྤྱི་ཚོགས་མཉམ་གནས་ཀྱི་རྒྱལ་ཁབ་ཟེར་བ་དང་སྤྱི་པའི་ཁེ་ཕན་སྒྲུབ་པའི་ཚོགས་པ་ཡོད་མི་སྲིད་ཅིང་།  སྔོན་དུ་ལོ་རྒྱུས་ཅི་བྱུང་ཡང་རྟོགས་ཐབས་བྲལ་བ་དང་།  མཁས་པའི་མདུན་ནས་སློབ་བསྐྱེད་ཀྱང་ལེན་ཐབས་མེད་པས་དུད་འགྲོ་ལྟར་འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།  དེས་ན་ཐོག་མར་བརྡ་སྦྱར་མཁན་པོས་བརྡ་དང་ཐ་སྙད་སྦྱར་བ་མཛད་པས་འཇིག་རྟེན་རྨོངས་པའི་གནས་ལས་སྐྱོབ་པར་མཛད་པས་བརྡ་སྦྱར་མཁན་པོ་ལ་མགོན་པོ་ཞེས་ཆེ་བསྟོད་མཛད་པའོ། །

བརྡ་སྦྱར་མཁན་པོས་དངོས་པོ་ཞིག་གསར་དུ་གྲུབ་པ་ལ་མིང་ཐོག་མར་འདོགས་ཚུལ་ལ་གཉིས་ཡོད་དེ།  འདོད་རྒྱལ་གྱི་མིང་ནི་དངོས་པོ་ཞིག་ལ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་དངོས་པོ་གཞན་དང་འདྲ་བ་དང་།   ཁྱད་ཆོས་བཅས་ལ་མ་ལྟོས་པས་མིང་འདོགས་པ་པོའི་འདོད་པ་དབང་བཙན་པའམ་རྒྱལ་བའི་དབང་དུ་བྱས་ནས་བཏགས་པ་སྟེ།  དཔེར་ན།  མི་ཞིག་གི་མིང་ལ་ནག་འགྱེད་ཟེར་བ་ཁོ་རང་གི་གཟུགས་པོ་ལ་ནག་པོ་སོགས་གང་ཡང་མེད་ཀྱང་ཕ་མའི་འདོད་པ་བཙན་པའམ་རྒྱལ་བའི་དབང་དུ་བྱས་ནས་བཏགས།   རྗེས་གྲུབ་ཀྱི་མིང་ནི་ཐོད་པ་ལ་ནག་ཐིག་ཡོད་པ་རྒྱུ་མཚན་དུ་བཟུང་བས་ནག་འཛི་བཏགས་པ་དང་།  གྲྭ་པ་ཞིག་ལ་ཨོ་བྷམ་མ་བཏགས་པ་འདྲ་བ་རྒྱུ་མཚན་གྱིས་བཏགས་པ་འདི་གཉིས་སྐད་ཡིག་ཐམས་ཅད་ལ་ཡོད་པར་བཤད། 

སྐད་བརྡའི་འབྱུང་ཁུངས་ལ་འདོད་ཚུལ་མི་འདྲ་བ་ཁ་ཤས་ཡོད་དེ།     ༡  ལག་བརྡ་སྨྲ་བ།   འགྲོ་བ་མིའི་རིགས་བྱུང་བ་ན་སྤྲེལ་བུ་ལྟ་བུ་དགའ་ན་འཛུམ་སྟོན་པ་དང་སྡུག་ན་རུད་བརླུག་པ་ཙམ་མིན་པ་སེམས་ཚོར་ཕྱི་ལ་སྟོན་ཐབས་རྐང་ལག་གཡུགས་ནས་དགའ་བའི་རྣམ་འགྱུར་བསྟན་ནས་གོ་བརྡ་སྤྲོད་པ་དང་།   མགོ་བོ་ལྕོགས་ལྕོགས་བྱེད་ནས་མགུ་བའི་བརྡ་ཐབས་སོགས་དེང་སང་ལྐུགས་པ་ལ་གསར་འགྱུར་བཤད་པའི་སྟངས་ཀ་ལྟ་བུ་ཞིག་ཐོག་མར་བྱུང་ནས་སྐད་བརྡ་རིམ་གྱིས་འཕེལ་བར་བཤད་ཀྱང་སྐད་བརྡ་ཐམས་ཅད་ཀྱི་འབྱུང་ཁུངས་ལག་བརྡ་ལས་བྱུང་བ་རྩ་བ་ཉིད་ནས་མིན་ནོ། །

༢  ལད་ཟློས་སྨྲ་བ།   ཕྱི་རོལ་འབྱུང་བ་བཞི་དང་སྲོག་ཆགས་ཀྱི་སྒྲ་གྲག་སྟངས་ལ་ལད་ཟློས་བྱས་ཏེ་མིང་བཏགས་པ་སྟེ།  དཔེར་ན།   འུག་པའི་སྐད་འབྱིན་ཚུལ་ལ་ལད་ཟློས་བྱས་ཏེ་སྲིན་བྱའི་མིང་ལ་འུག་པ་དང་།  ཁུ་བྱུག་གི་མིང་ལ་ཀུ་ཧུ།  ཤག་སྒྲ།  འུར་སྒྲ།  ཟེར་བའི་མིང་ཚིག་འདི་དག་འབྱུང་བ་འགུལ་བ་དང་སྲོག་ཆགས་ཀྱི་སྒྲ་གྲག་སྟངས་ལ་བརྟེན་ནས་བཏགས་པ་བཤད་པ་དང་།   དེང་སང་ལ་ཡང་འཕྲུལ་རྟ་ལ་སྦག་སྦག་ཅེས་བཏགས་པ་ཡོད་པས་ཐ་སྙད་འགའ་རེ་ལད་ཟློས་ལས་བྱུང་ཡང་མིང་ཐམས་ཅད་ལད་ཟློས་བྱེད་པ་ལས་བྱུང་བ་ཡང་འཐད་པ་མིན་ནམ་སྙམ་མོ། །

༣ འབོད་སྒྲོག་སྨྲ་བ།  དུད་འགྲོ་རི་དྭགས་ཤཱ་བ་དང་དགོ་བ་གནའ་བ་རྣམས་རིགས་གཅིག་པ་ལྷན་དུ་གནས་ཤིང་།   ར་དང་ལུག་ལྟ་བུ་རི་དྭགས་དགོ་བའི་གྲས་སུ་འཚང་ན་རུབ་རྒྱག་ནས་གསོད་པ་ངེས་པ་ལྟར།  རྡོ་ཆས་ཀྱི་དུས་རབས་ནས་གོས་སུ་ཤིང་ལོ་གྱོན་པ།   ཟས་སུ་ཤ་རྗེན་དང་ཤིང་འབྲས་ཟ་ཡང་ཆགས་སྡང་ནི་རང་ཆས་སུ་མངའ་བས་ལུང་པ་སོ་སོ་ཡི་མི་རྣམས་ལྷན་གཅིག་ཏུ་གནས་ཤིང་།    གལ་ཏེ་ལུང་པ་གཞན་གྱི་མི་ཞིག་སླེབས་ན་འཐབ་འཛིངས་བྱེད་པ་སྟེ།  གྲོང་ཚོ་གཅིག་གི་ཕྲུ་གུ་རྣམས་གྲོང་ཚོའི་གཞན་གྱི་ཕྲུ་གུ་དང་གསར་དུ་ཐུག་པ་དང་རྒྱུ་མཚན་ཅི་ཡང་མེད་པར་འཛིངས་རེས་བྱེད་པ་ལྟར་ཡིན།   རྡོ་དང་དབྱུགས་པ་བཀོལ་སྤྱོད་བྱེད་ནས་འཛིངས་པ་ནས་རྡུལ་ཕྲན་མཚོན་ཆ་བཟོ་ཤེས་པའི་བར་ལག་ཆ་འཕེལ་རྒྱས་སོང་བ་ལྟར།  སྐད་བརྡ་ཡང་འབྱུང་བ་ཆུ་ལུས་ལ་རེག་པ་ན་ཨ་ཆུ་ཆུ་ཞེས་འབོད་ནུས་པ་ནས་བཟུང་མི་བཟོས་རིག་ནུས་ཀྱི་བར་འཕེལ་རྒྱས་སོང་བ་ཡིན།  དུད་འགྲོ་ལས་ཁྱད་པར་འཕགས་པ་གཟུགས་པོའི་གྲུབ་སྟངས་ལ་སྐད་བརྡ་བཤད་པའི་ནུས་པ་ནས་ཐོག་མར་འབྱུང་བཞི་ལུས་ལ་རེག་པ་ན་སེམས་ཀྱི་ཚོར་བ་གང་བྱུང་ངག་ནས་ཐོན་པ་སྟེ།  དཔེར་ན།   ཆུ་ལུས་ལ་རེག་པ་ན་ཨ་ཆུ་ཆུ་ཞེས་སྒྲ་ཐོན་པས་འབྱུང་བ་བརླན་གཤེར་ལ་ཆུ་ཞེས་བཏགས་པ་དང་།   མེ་ལ་རེག་ན་ལུས་པོ་ཚ་བས་ཨ་ཚ་ཞེས་སྐད་ཤོར་བས་མེ་ལ་ཚ་བ་དང་།   ས་ལ་རེག་པ་ན་སྲ་བ་དང་འཐས་པ་ཡིན་པས་སྲ་ཞེས་སྨྲ་བ་ཡང་ཕྱིས་སུ་ཡིག་ཟོར་ཡང་ཆེད་ར་བཏགས་ཕྱིས་ནས་ས་ལ་གྱུར།  ཚྭ་ཟོས་པ་ན་ལྕེ་སྣེ་ཚ་བས་ན་ཚྭ་ཞེས་བཏགས་པ་དང་།      མཁའ་ནི་སྟོང་པའི་དོན་དང་ནམ་བལྟས་པས་ན་སྟོང་པ་རང་ལ་གནས་པས་ནམ་མཁའ་ཞེས་ཐོགས།   ཟླ་བ་ཞེས་པ་སྒོར་སྒོར་གྱི་མིང་།  དབྱིབས་གོར་མོ་མཐོང་བ་ལ་བརྟེན་ནས་བཏགས་པ་སོགས་འབོད་སྒྲོག་སྨྲ་བ་ནི་སྐད་བརྡ་རིག་པའི་འབྱུང་ཁུངས་སུ་འདོད་པ་རྒྱུ་མཚན་མང་བ་ཡིན། 

༤  གན་རྒྱ་སྨྲ་བ།  ཐོག་མར་བརྡ་སྦྱོར་མཁན་པོས་བརྡ་སྦྱར་བ་དང་།   ཡང་ན་སྒྲིག་འཛུགས་ཤིག་གི་འོག་ནས་ཐ་སྙད་གཏན་འབེབས་བྱས་པ་རྣམས་ཏེ།   སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་རང་འདོད་ཀྱིས་ཐ་སྙད་སྦྱོར་ས་མེད་པ་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་དང་མཐུན་པ་འབྲི་དགོས་ཤིང་།   ལོ་ཙཱ་བ་རྣམས་མཁས་པ་ཡིན་པས་མི་རེ་རེ་ལ་བསམ་ཚུལ་རེ་རེ་ཡོད་པས་ཐ་སྙད་གཅིག་འགྱུར་མི་ཡོང་བས་རྒྱལ་པོའི་བཀས་གཏན་འབེབས་བྱས་ཡོད།   དག་ཡིག་ཀྱང་དེ་ལྟར་གཏན་འབེབས་ཡོད་ན་མཁས་པ་སྒེར་གྱི་བསམ་ཚུལ་བཤད་ས་མེད་པས་འབྲི་ཚུལ་མི་མཐུན་པ་ཞེས་པ་ཡོང་ས་མེད་པས་གཅིག་འགྱུར་ལ་ཕན་པ་ཡོད།  གན་རྒྱ་སྨྲ་བ་འདི་སྒྲིག་འཛུགས་ཤིག་གིས་ཐ་སྙད་གཏན་འབེབས་བྱས་པའི་སྐད་བརྡའི་འབྱུང་ཁུངས་ལྟ་བུ་ཡིན།  

༥  ངལ་རྩོལ་སྨྲ་བ།  ཞིང་འབྲོག་མི་དམངས་ཀྱིས་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་ཀྱིས་ངལ་རྩོལ་བྱེད་སྐབས་ཡོ་བྱད་ཀྱི་བྱེད་ལས་དང་ངོ་བོ་དང་དབྱིབས་སོགས་ཀྱི་ཆ་ནས་མིང་བཏགས་པར་འདོད་དེ།   འབྲོག་པས་བལ་ལུག་ལུག་ཡོད་པས་ལུག་ཅེས་བཏགས།    ཟོག་རྣམས་རྒྱུ་ནོར་གལ་ཆེན་ཡིན་པས་ནོར་དང་།   འབྲི་འཇོ་དུས་བཞོ་བཟེད་སོགས་བཏགས་པ་དང་།   ས་ཁེམ་དང་ལྕགས་གཡབ་སོགས་བཏགས་པ་སྟེ།  དཔེར་ན།  དེང་སྐབས་བཀོལ་སྤྱི་ཚོགས་སུ་བཀོལ་སྤྱོད་བྱེད་བཞིན་པ་འཕྲུལ་ཆས་ཀྱི་རིགས་མང་པོ་ཐ་སྙད་དེ་ལྟར་འདོགས་སྟངས་ལ་བལྟས་ན་ཤེས་གསལ་ཡིན།  འཇམ་དཔལ་མཚན་བརྗོད་ལས།    ཚིག་གི་བདག་པོས་ཚིགས་སུ་བཅད།   དངོས་པོ་གང་ཞིག་གསར་གཏོད་བྱས་པ་ན་གསར་གཏོད་བྱེད་པ་པོས་ཐ་སྙད་གང་ཞིག་བཏགས་པ་ལྟར་བེད་སྤྱོད་དགོས་པ་སྟེ།    དཔེར་ན།   སྦག་སྦག་ཅེས་དམངས་ཁྲོད་ནས་བཏགས་པ་ལྟར་མཁས་བླུན་ཐམས་ཅད་ཀྱིས་བེད་སྤྱོད་གཏོང་དགོས་པས་ཚིག་འདི་ཡི་བདག་པོ་འཇིག་རྟེན་རྒན་པོ་རྣམས་ཡིན། 

འདོད་རྒྱལ་གྱི་ཐ་སྙད་འགའ་རེ་ལུགས་སྲོལ་དུ་གྱུར་ཟིན་པས་རྒྱུ་མཚན་བཙལ་ན་རྙེད་རྒྱུ་མེད་པ་འདི་ལྟར་འབྲི་དགོས་ཞེས་བོད་ཡིག་ཙམ་མིན་པ་དབྱིན་ཡིག་ལ་ཡང་ཡོད་ཚོད་འདུག །ལུགས་སྲོལ་ཟེར་བ་ནི་ཨ་མ་ཞིག་གིས་བུ་མོ་ལ་གྲོ་ལེབ་གྲུ་བཞི་བཟོ་སྟངས་བསླབས་ཤིང་།  བུ་མོས་ཨ་ལ་གྲོ་ལེབ་གྲུ་བཞི་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་དྲིས་པས།   རང་གི་རྨོ་མོ་ལ་དྲིས་ཞེས་བཤད།  བུ་མོ་རྨོ་མོའི་སར་ཕྱིན་ནས་རྒྱུ་མཚན་དྲིས་པས།  རྨོ་མོས་ངའི་ཨ་མས་ཀྱང་ང་ལ་དེ་ལྟར་བསླབས་སོང་ཞེས་རྒྱུ་མཚན་མེད་ཀྱང་དེ་ལྟར་བྱེད་དགོས་པ་འཇིག་རྟེན་ལ་གྲགས་པ་ལ་སུས་ཀྱང་དགག་མི་ནུས་ཏེ།   དཔལ་ལྡན་ཟླ་བ་གྲགས་པས།      ཁྱོད་དང་འཇིག་རྟེན་འདི་ནི་རྩོད་གྱིས་དང་། །ཕྱིས་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་འགའ་རེ་མཁས་པ་ཡིན་མདོག་བསྟན་ནས་འཇིག་རྟེན་གྲགས་པ་ལ་ཁ་གཏད་ལངས་ནས་རྩོད་པ་བརྒྱབ་ན་མཐར་ཐུག་རང་ཉིད་ཕུ་རོག་དཀར་པོར་གྱུར་ནས་ཕམ་རྒྱུ་ཡིན་པ་ཐག་བཅད་པ་ཡིན་པས་འཇིག་རྟེན་ལ་གྲགས་པ་དང་བསྟུན་དགོས་པ་ནི་སྐད་བརྡ་རིག་པའི་རྩ་བའི་སྒྲོམ་གཞི་ཡིན།

Related Articles