བསྟན་པ་དར་ཕྱུག
གནད་ཚིག ལ་གཞས། ལ་ཡེ། མཛའ་གཞས། མཛའ་གླུ། ལ་གླུ། ལ་གཡུ། འདོད་གཞས། དགའ་གཞས། རོགས་གླུ། ལ་ལ། མགུར་མོ། གླུ་རྒན། ཡུལ་གླུ། རི་གླུ། ཚིག་རྒྱག།
ནང་དོན་སྙིང་བསྡུས། གཙོ་བོར་“ལ་ཡེ་”ཞེས་པའི་བརྡ་ཆད་འདིའི་གོ་བ་དང་།
ཞོར་དུ་དེ་དང་དོན་མཚུངས་པའི་མཛའ་གཞས་སོགས་ཀྱི་སྐོར།
སྔོན་གླེང་།
བོད་ཀྱི་བཤད་རྒྱུན་དུ་་“སྐད་ཆ་བཤད་ཤེས་ན་གླུ་ལེན་ཤེས་པ་དང་། གོམ་པ་སྤོ་ཤེས་ན་བྲོ་ཡང་འཁྲབ་ཤེས།”ཞེས་པ་ལྟར་ང་ཚོའི་མེས་པོ་ནི་གླུ་གར་ལ་ཧ་ཅང་དགའ་བའི་མི་རིགས་ཤིག་ཡིན་པར་བརྟེན་གླུ་གཞས་ཀྱི་རིགས་ནི་གྲངས་ཀྱིས་མི་ལང་པར་ལྡན་ཡོད་ལ། དེ་ཡི་ཁྲོད་དུ་གོ་ས་ངེས་ཅན་མཆིས་པ་ནི་ཕོ་མོའི་བརྩེ་དུང་བརྗོད་བྱར་བྱས་ཤིང་གཞོན་ནུ་ཕོ་མོ་རྣམས་ཀྱིས་དགའ་མོས་ཆེས་ཆེ་བའི་“ལ་ཡེ་”ཞེས་པ་འདི་ཡིན། མ་གཞི་གཞོན་ནུ་ཕོ་མོ་རྣམས་ཀྱི་ངག་ལ་རྒྱུག་ཆེ་བའི་གླུ་གཞས་འདིའི་མིང་ལ་མདོ་དབུས་ཁམས་གསུམ་ཀུན་དུ་འབོད་ཚུལ་སྣ་ཚོགས་པར་ཡོད་ལ། དཔྱད་རྩོམ་འདིའི་ནང་“ལ་ཡེ་”ཞེས་པའི་ཐ་སྙད་འདི་གཙོ་བོར་གཞིར་བཞག་ནས་ཞོར་དུ་མཛའ་གཞས་སོགས་ཀྱི་ཐ་སྙད་གཞན་རྣམས་ཀྱི་སྐོར་གླེང་རྒྱུ་ཡིན།
དང་པོ། ལ་ཡེ་ཞེས་པའི་བརྡ་ཆད་འདི་ཡི་སྐོར།
ད་ལྟ་མདོ་སྨད་ཀྱི་ཕྱོགས་སུ་“ལ་ཡེ་”ཕྱོགས་བསྒྲིགས་བྱས་པ་ཕལ་ཆེ་བར་“ལ་གཞས་”ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་འདུག་ལ། དམངས་རྩོམ་བསྡུ་སྒྲིག་བྱེད་མཁན་རྣམས་ཀྱི་སེམས་སུ་འདི་ནི་གཅིག་གྱུར་གྱི་ཐ་སྙད་ཅིག་ཏུ་གྲུབ་ཟིན། ཡིན་ཡང་། རྒྱ་ཆེའི་མི་མང་གི་ཁྲོད་དུ་“ལ་ཡེ་”ཞེས་པའི་བརྡ་ཆད་འདི་སྔར་ལྟར་གསོན་ཉམས་ལྡན་པའི་ངང་ནས་གནས་ཡོད་པ་བརྟེན་འདི་ཡི་སྐོར་ཡང་དག་པའི་ཡིག་ཆ་གཞིར་བཟུང་ནས་དཔྱད་གླེང་མི་ཐུབ་མོད། དོགས་པ་གསར་པ་ཞིག་གི་ཚུལ་ལྟར་བྱས་ཏེ་“མེ་ཏོག་ཆུང་ཡང་མཆོད་རྫས་དང་། གུར་གུམ་ཉུང་ཡང་སྨན་རྫས་”ཞེས་པ་ལྟར་ཕྲན་བུར་གླེང་བར་བྱ།
ཐོག་མར་“ལ་”དང་“ཡེ་”ཞེས་པའི་འབྲུ་དེ་གཉིས་རེ་རེ་ཡི་གོ་བ་ཕྲན་བུ་རེ་བཀོད་ན། དག་ཡིག་གསར་སྒྲིག་ལས“་ལ་”ཞེས་པའི་འབྲུ་ཡི་དོན་ནི་“རི་དང་རི་ངོས་ཀྱི་གྱེན་ལམ་གྱི་མིང་”ཞེས་གསལ་བ་ལས་རི་ངོས་ཀྱི་གྱེན་ལམ་ལ་གོ་བར་ཤེས་ཐུབ་ལ། དེ་བཞིན་དུ་“ཡེ་”ཡི་དོན་ནི་“གཏན་དང་གདོད་མའི་དོན་ལ་འཇུག་སྟེ།
ཡེ་ནས་དག་པ་ལྟ་བུ།”ཞེས་པ་ལས་འབྲུ་དེ་གཉིས་ཀྱི་དོན་ཕྲན་བུ་ཞིག་གསལ་ཡོད་ལ།“ལ་”ཞེས་པའི་འབྲུ་དེ་ནི་དག་ཡིག་གསར་སྒྲིག་ཏུ་འཁོད་པ་ལྟར་དམངས་རྩོམ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་དེ་ལྟར་ཧ་ལམ་འདོད་མོད།
1 དག་ཡིག་གསར་བསྒྲིགས། དག་ཡིག་འདིའི་རྩོམ་སྒྲིག་ཚོགས་ཆུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༧༦༡
2 དག་ཡིག་གསར་བསྒྲིགས། དག་ཡིག་འདིའི་རྩོམ་སྒྲིག་ཚོགས་ཆུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༧༢༤
“ཡེ་”ཡི་དོན་ནི་གོང་འཁོད་ལྟར་དུ་གོ་བར་བླངས་ཚེ།“ལ་ཡེ་”ཞེས་པའི་ཐ་སྙད་འདི་ལ་གོ་བ་ཡང་དག་པར་ཞིག་རག་རྒྱུ་ཅུང་དཀའ་བའི་གནས་སུ་ལྷུང་ཡོད། འོ་ན་“ཡེ་”ཞེས་པའི་འབྲུ་དེའི་དོན་ཅི་ཡིན་ཞེ་ན།<<ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས>>དེབ་ཕྲེང་གཉིས་པ་ལས་“ཨ་མདོའི་ཁ་སྐད་དུ་“ལ་ཡེ་”ཟེར་ཞིང་། “ཡེ་”སྒྲ་ནི་གཞས་ཀྱི་གནའ་བོའི་སྐད་དུ་སོང་།”ཞེས་གསལ་བ་ལྟར་གནའ་བོའི་ཞང་ཞུང་གིས་གཞས་ཀྱི་སྒྲ་ཚབ་ཏུ་“ཡ་”འབོད་ཀྱི་ཡོད་པ་མཐོང་རྒྱུ་ཡོད་དེ། <<མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས་>>ཀྱི་གླེང་གཞི་ལས་“ཡ་པ་ཡ་མ་ཞེས་པའི་གོ་དོན་དང་ཇི་ལྟར་དར་བའི་སྐོར། དེ་ཡང་ཡ་པ་ཞེས་པ་གཞས་པའི་དོན་དང་། ཡ་མ་ཞེས་པ་གཞས་མའི་དོན་ཡིན།” ཞེས་གསལ་བ་ལ་དཔྱད་ན་“ཡ་”ཡི་དོན་གཞས་ལ་འཇུག་པར་སྣང་ལ། ཐོག་མའི་ཆར་གླུ་གཞས་འདི་ལ་“ལ་ཡ་”ཞེས་འབོད་ཅིང་དེ་ནི་རི་རྩེར་གདངས་ཆེན་པོའི་ངང་ཕན་ཚུན་ལེན་དགོས་པ་བརྟེན་རྗེས་སུ་“ཡེ་”ཞེས་འགྲེང་བུ་ཡི་གདངས་ཤིག་རང་བཞིན་བྱུང་བར་མཐོང་སྟེ། དམངས་ཁྲོད་ཀྱི་གླུ་གཞས་ཁ་ཤས་ངག་ནས་ཐོག་མར་ལེན་སྐབས་“ཨ་ལ་ཡེེ”ཞེས་གདངས་མཐོ་ཞིང་ཧ་ཅང་རིང་བ་ཞིག་སྔོན་དུ་གཏོང་སྲོལ་ཡོད་ལ། དེ་བཞིན་མི་ཕན་ཚུན་འབོད་རེས་བྱེད་སྐབས་“ཀ་ཡེ་“དང་“ཝ་ཡེ་”ལྟ་བུར་བཅས་ལ་བརྟག་ན་ཕྱོགས་ཙམ་མཐོང་ཐུབ་བོ། །མདོར་ན“ལ་ཡེ་”ཞེས་པ་ནི་རི་རྩེ་དང་རི་ངོགས་སོགས་སུ་སྐད་གདངས་མཐོན་པོའི་ངང་གཙོ་བོར་ལེན་དུ་ཆོག་ཅིང་གཞོན་ནུ་ཕོ་མོའི་སེམས་ཀྱི་གསང་བ་ཕྱི་རུ་གསལ་བར་བྱེད་པའི་གླུ་གཞས་ཀྱི་རིགས་ཤིག་རེད་ཅེ་ན་ཆོག་པར་མཐོང་ལ། ཡུལ་སྐད་དམ་གནའ་བོའི་སྐད་དོད་ལྟར་སྒྲ་འདི་རང་སོར་བཞག་ན་རྒྱ་ཆེའི་མི་དམངས་ཀྱི་སེམས་སུ་འོས་ཤིང་འཚམས་པར་སྣང་ངོ་།།
གཉིས་པ། ལ་ཡེ་དང་དོན་མཚུངས་པའི་མཛའ་གཞས་སོགས་ཀྱི་སྐོར།
ལ་ཡེ་ནི་རྒྱ་ཆེའི་མི་མང་གིས་ཆེས་དགའ་ཤོས་བྱེད་སའི་གླུ་གཞས་ཀྱི་རིགས་ཤིག་རེད་ལ། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཀུན་ལ་མ་ཁྱབ་པ་ཕལ་ཆེར་མེད་མོད། གླུ་གཞས་འདི་མཚོན་པའི་མིང་ལ་གཅིག་གྱུར་གྱི་ཐ་སྙད་ཅིག་མེད་ཅིང་འབོད་ཚུལ་མི་འདྲ་བ་སྣ་ཚོགས་པར་ཡོད་དེ། མཛའ་གཞས། མཛའ་གླུ། ལ་གླུ། ལ་གཞས། མཛའ་གཞས། ལ་གཡུ། དགའ་གཞས། འདོད་གླུ། རོགས་གླུ། ལ་ལ། མགུར་མོ། གླུ་རྒན། ཡུལ་གླུ། རི་གླུ། ཚིག་རྒྱག་སོགས་མང་དུ་མཆིས། དེས་ན་སྐབས་དོན་“ལ་ཡེ་”དང་དོན་མཚུངས་པའི་བརྡ་ཆད་འདི་དག་རེ་རེ་བཞིན་རང་བློས་དཔག་ཚོད་ཀྱིས་ཅུང་ཟད་སྤྲོ་བར་བྱ།
དམངས་རྩོམ་རྣམ་བཤད་ལས་“མཛའ་གཞས་ནི་ཕོ་མོའི་མཛའ་བཅུག་གི་འཚོ་བ་བརྗོད་གཞིར་བྱས་པའི་དམངས་ཁྲོད་ཀྱི་སྙན་རྩོམ་གཞས་གདངས་སུ་ལེན་རུང་བ་ཞིག་ལ་ཟེར་བ་ཡིན།”ཞེས་གསལ་ཡོད་ལ། <<བོད་ལྗོངས་མཛའ་གཞས་>>ཞེས་དེབ་ཕྲེང་ཕྱོགས་བསྒྲིགས་བྱས་པ་མཐོང་དུ་ཡོད་པ་དེ་ལས་དཔེ་མཚོན་ཞིག་དྲང་ན་“མཚོ་དང་ངང་པ་བཞིན་དུ།།
3 ཨ་མདོའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལ་གཞས་བཤད་པ། ཤོག་ངོས་། ༡ གློག་དྲྭ། ཁུངས་དངོས་ནི་
<<ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས>>དེབ་ཕྲེང་གཉིས་པ་ཡིན།
4 མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས། སྒྲིག་པ་པོ། ཀརྨ་མཁས་གྲུབ། གླེང་གཞིའི་ཤོག་
ངོས། ༤
5 དམངས་ཁྲོད་ཀྱི་རྩོམ་རིག་རྣམ་བཤད། རྩོམ་པ་པོ། མིག་དམར། མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས། ༡༩༨
6 བོད་ལྗོངས་མཛའ་གཞས། བསྡུ་སྒྲིག་པ། བདེ་ཆེན་སྒྲོལ་དཀར། མི་རིགས་དཔེ་སྐྲུན་ཁང་། ༦༤
ང་གཉིས་གཤིབ་རྒྱུ་བྱུང་ན། །མཚོ་ལ་དར་ཁ་འགྲིག་ཀྱང་། །མཚོ་མཐའ་སྐོར་ནས་བསྡད་ཆོག”ལྟ་བུར་བརྟག་ན་མཛའ་གཞས་ནི་ཕོ་མོའི་བརྩེ་དུང་བརྗོད་གཞིར་བྱས་པའི་གླུ་གཞས་ཀྱི་རིགས་ཤིག་ཡིན་པ་རྟོགས་ཐུབ། དེ་བཞིན་མཛའ་གླུ་ཡི་གོ་དོན་ཡང་གོང་ལྟར་བཞག་ན་ཆོག་པར་སྣང་སྟེ་གླུ་དང་གཞས་ནི་དུས་ཀྱི་སྔ་ཕྱིའི་ཁྱད་པར་ཙམ་ལས་འབྲུ་དེ་གཉིས་ཀྱི་གོ་བ་ཕལ་ཆེར་མཚུངས་སོ། །
ལ་གླུ་ནི་ལ་ངོས་སུ་ལེན་ཆོག་པའི་གླུ་ལ་གོ་ན་འགྲིག་ཅིང་ཚིག་གདོང་དང་དོན་དག་གི་ཆ་ནས་ལ་གཞས་དང་འདྲ་མོད། དབུས་ཕྱོགས་སུ་“ལ་གཞས་”ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་པ་མཐོང་དུ་མེད། ཡིན་ཡང་།“ལ་གླུ་”ཞེས་པའི་ཐ་སྙད་འདི་སྤྱོད་སྲོལ་ཡོད་པ་སྣང་སྟེ། <<དམངས་གཞས་ཕྱོགས་བསྒྲིགས་>>ནང་གི་ལ་གླུ་ཞེས་པའི་ཚན་པ་ཞིག་ལས་“ཁྲ་འུར་རྡོ་ཆུ་མིག་དགུ་སྒྲིག་དེ། །རོགས་
ཁྱོད་ཀྱི་ཡིན་ལ་ང་ཡི་ཡིན། །སེམས་འགྱུར་བ་མེད་ན་ཁྱོད་ཀྱིས་གཟེར”། ཞེས་པའོ། །འོན་ཀྱང་དེབ་འདི་ཡི་ནང་ལ“ལ་གླུ་”དང་“མཛའ་གཞས་”ཞེས་སྡེ་ཚན་མ་
འདྲ་བ་གཉིས་བཞག་ཀྱང་ནང་དོན་གྱི་ཆ་ནས་གཅིག་མཚུངས་ཡིན་པ་དཔེ་མཚོན་དེ་གཉིས་བསྡུར་ཙམ་བྱས་ན་ཤེས་ཐུབ། གང་ལྟར་དབུས་གཙང་གི་ཕྱོཊ་
སུ་དམངས་རྩོམ་གྱི་དུས་དེབ་གྲགས་ཆེ་བ་ <<སྤང་རྒྱན་མེ་ཏོག་>> དང་། དེ་
བཞིན་དམངས་གཞས་ཕྱོགས་སྒྲིག་བྱས་པའི་དེབ་ཕལ་ཆེ་བའི་ནང་དུ་མཛའ་གཞས་དང་མཛའ་གླུ། དེ་བཞིན་ལ་གླུ་བཅས་ཀྱི་ཐ་སྙད་འདི་དག་སྤྱད་པ་མཐོང་དུ་ཡོད་ལ། དེ་དག་གི་ནང་གོ་ས་མཐོ་ཤོས་སམ་ཁྱབ་ཆེ་ཤོས་“མཛའ་གཞས་”ཞེས་པའི་ཐ་སྙད་འདི་ཡིན་འདུག་མོད། འདི་ནི་དབུས་ཕྱོགས་གཅིག་པུར་མ་ཡིན་པར་ཁམས་ཀྱི་ས་ཆ་ཁ་ཤས་ལ་སྤྱོད་ཀྱི་ཡོད་པ་ནི<<ལ་གཞས་སྙན་ངག་བཤད་པ་>>ལས་“ལ་གཞས་ནི་བོད་རིགས་ན་གཞོན་ཕོ་མོའི་བར་གྱི་བརྩེ་དུང་མཚོན་བྱེད་ཀྱི་གཞས་ཆུང་ཞིག་སྟེ། དར་ཁྱབ་ཀྱི་ས་གནས་དང་ལུས་ཀྱི་རྣམ་པ་མི་གཅིག་པའི་ཆ་ནས་ལྷ་སའི་ཡུལ་དུ་གཞས་དང་ཁམས་པའི་ཡུལ་དུ་མཛའ་གཞས། ཨ་མདོའི་ཡུལ་དུ་ལ་གཞས་ཞེས་འབོད་པའོ།”།ཞེས་འཁོད་པ་ལྟར་ཁམས་ཀྱི་ས་ཁུལ་ཁ་ཤས་ལ་“ལ་ཡེ”ཡི་ཚབ་ཏུ་“མཛའ་གཞས་”འབོད་ཀྱི་ཡོད་པ་མཐོང་རྒྱུ་ཡོད་མོད། ལྷ་སའི་ཕྱོཊ་སུ་“གཞས་”ཁོ་ན་འབོད་ཟེར་བ་དེ་ནི་བདེན་པའི་གཏམ་
ཞིག་མ་ཡིན་ནོ། །
“ལ་གཞས་”ཞེས་པའི་ཐ་སྙད་འདི་དེབ་མིང་དུ་འཁོད་པ་མང་དུ་མཐོང་རྒྱུ་ཡོད་དེ། <<ལ་གཞས་ཁུ་བྱུག་གསུང་སྙན་>>དང་<<བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ>>དེ་བཞིན་<<ལ་གཞས་གཞོན་ནུ་ཡིད་ཀྱི་མཛེས་རྒྱན་>>སོགས་མང་ལ། དེ་ལྟར་དུ་ཚིག་འདིའི་གོ་བའི་ཐོག་ལ་འགྲེལ་ཚུལ་མང་པོ་མཐོང་རྒྱུ་ཡོད་པའི་ནང་ནས་ཁ་ཤས་ཤིག་དྲང་ན། <<ཨ་མདོའི་ལ་གཞས་ཀྱི་དམངས་སྲོལ་རང་བཞིན་ལ་ཅུང་དཔྱད་པ།>>ལས་“ལ་གཞས་ནི་གཞོན་སྐྱེས་ཕོ་མོའི་འཇིག་རྟེན་སྣང་བའི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་མྱོང་སྣང་སྣ་ཚོགས་དང་དབྱངས་རྟ་སྣ་ཚོགས་ཀྱི་ཉམས་དང་བཅས་ཏེ་ངག་ལ་གྱེར་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་སམ་བརྩེ་འདུན་སྟོན་རེས་ཀྱི་ཚུལ་དུ་སེམས་ན་གང་ཡོད་གླུ་རུ་བླངས་པ་ཡིན་པས། ན་གཞོན་ཕོ་མོའི་བརྩེ་བའི་འདུན་མ་གཅིག་ཏུ་བརྒྱུས་བྱེད་ཀྱི་འཇིག་རྟེན་མཐུན་གླུ་ཞིག་ཀྱང་ཡིན།”དང་། དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་“ལ་གཞས་ནི་དམངས་ཁྲོད་ཀྱི་གླུ་གཞས་རིགས་ཤིག །ནང་དོན་ཕལ་ཆེ་བ་འདོད་པའི་བརྩེ་དུང་སྟོན་པ་”ཞེས་དང་། དག་ཡིག་གསར་བསྒྲིགས་ལས་“ ལ་གཞས་ནི་ཨ་མདོའི་དམངས་ཁྲོད་ཀྱི་གླུ་གཞས་ཪིགས་ཤིག་གི་མིང་སྟེ། དེ་ནི་ཚིག་སྦྱོར་ཕལ་ཆེ་བ་ཡིག་འབྲུ་བདུན་ཡིན་ཞིང་ནང་དོན་ནི་འདོད་པའི་བརྩེ་དུང་སྟོན་པ་གཙོ་ཆེ”སོགས་ལས་ནང་དོན་ནི་ཕོ་མོའི་བརྩེ་དུང་ཡིན་པ་རྟོགས་སླའོ། །གང་ལྟར་“ལ་གཞས་”ཞེས་པའི་ཐ་སྙད་འདི་མདོ་སྨད་ཀྱི་ཕྱོགས་སུ་“ལ་ཡེ་”ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་དག་ཏུ་ཁྱབ་ཆེ་བ་ལས་བོད་ཡུལ་ཀུན་དུ་ཁྱབ་པའི་ཐ་སྙད་ཅིག་མིན་ནོ། །
ཞང་ཞུང་ནི་གནའ་བོའི་བོད་ཀྱི་རིག་གཞུང་གི་གཞི་ཁུངས་གཙོ་བོ་ཞིག་ཏུ་བརྩི་ཆོག་ལ། ཡུལ་དེའི་དམངས་གཞས་<<ཞང་ཞུང་སྲིད་པའི་གྲེ་འགྱུར་>>ལས་གླུ་གཞས་འདི་ལ་“ལ་གཡུ་”ཞེས་འབོད་ཀྱི་འདུག་སྟེ་“གླུ་ལ་གཡུ་རྩེག་པ་བརྩེགས་ལྟར་ཡོད། །ང་མིད་པའི་གཡུ་ལུང་སྔོན་མོ་ན། །གླུ་ལ་གཡུ་རྒྱ་རིལ་འཇུར་འཇུར་རེད། །ང་ཁ་ཆུང་པདྨ་འདབ་བརྒྱད་ལ། །གླུ་ལ་གཡུ་པད་བརྒྱ་འགྲིལ་འགྲིལ་རེད།།
གླུ་ལ་གཡུ་ཐང་ཆེན་ཉེར་ལྔ་རེད། །ཐང་རེ་རེ་འགྲིམ་དང་གཉེན་རེ་ཡོད། །
7 དམངས་གཞས་ཕྱོགས་བསྒྲིགས། དཔེ་སྐྲུན་ཁང་ནས་ཕྱོགས་བསྒྲིགས་བྱས། བོད་ལྗོངས་མི་དམངས་དཔེ་
སྐྲུན་ཁང་། ཤོག་ངོས། ༡༧༥
8 མཚོ་སྔོན་མང་ཚོགས་སྒྱུ་རྩལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༥༣
9 ཨ་མདོ་ལ་གཞས་ཀྱི་དམངས་སྲོལ་རང་བཞིན་ལ་ཅུང་དཔྱད་པ། རྩོམ་པ་པོ། མྱང་བུ་པདྨ་རྒྱལ། ཤོག་ངོས།
༡༠༨
10 བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༧༤༧
11 དག་ཡིག་གསར་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༧༦༡
གླུ་ལ་གཡུ་པདྨ་བཀའ་ཐང་རེད། །བཀའ་རེ་རེ་ཀློགས་དང་རྙེད་རེ་ཡོད། །”ཅེས་འབོད་ཀྱི་འདུག་ལ། འདི་ནི་མདོ་སྨད་དང་ཁམས་ཀྱི་ས་ཆ་ཁ་ཤས་ལ་“ལ་ཡེ་
”ཞེས་འབོད་པའི་ཡ་སྒྲ་ཞིག་འདུག་པ་དེ་གཉིས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སྣང་ངོ་། །
“དགའ་གཞས་”དང་“འདོད་གཞས་”དེ་བཞིན་“རོགས་གླུ་”བཅས་ནི་དམངས་རྩོམ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཚིག་དོན་ལ་འགྲེལ་བ་བྱས་པ་མཐོང་དུ་མེད་མོད། ཚིག་རང་གི་ངོ་གདོང་ལ་བལྟས་ཚེ་འདོད་དང་དགའ། རོགས་བཅས་ནི་ཕོ་མོའི་བརྩེ་དུང་དང་འབྲེལ་བའི་འབྲུ་འབའ་ཞིག་ཡིན་པ་གསལ་ལ། དམངས་གཞས་ཕྱོགས་བསྒྲིགས་བྱེད་མཁན་རྣམས་ཀྱི་གླུ་ཡི་ནང་དོན་དང་ཡང་ན་ཡུལ་དེར་ཁྱབ་ཆེ་བའི་ཐ་སྙད་གཞིར་བཞག་ནས་བསྒྲིགས་པ་ཞིག་ཡིན་ངེས་ཏེ། <<བོད་ཀྱི་དགའ་གཞས་སོས་ཀའི་ཚོར་བ་>>ལྟ་བུའི་དམངས་གཞས་ཕྱོགས་བསྒྲིགས་ཀྱི་གླུ་གཞས་འདིའི་ནང་འཁོད་པ་དག་དབུས་ཕྱོགས་མཛའ་གཞས་ཞེས་པ་དེ་ཁོ་ན་ཡིན་འདུག་པ་འདི་ལ་བཀོད་ན།“ང་དང་བྱམས་པའི་ལས་འདི། །སུ་དང་གང་གིས་མ་ཤེས། །ནམ་མཁའི་བླ་མ་དཀོན་མཆོག། །ལས་འཕྲོ་
ཡོད་པ་གནང་རོགས”ལྟ་བུ་ལས་ཤེས་ཐུབ་ལ། དེ་བཞིན་<<བོད་ཀྱི་དམངས་གཞས་དེབ་ཕྲེང་གཉིས་པ་>>ལས“ལས་དང་ལས་འཕྲོ་ཟེར་བ།།སྔོན་ནས་བསྐོས་པ་མ་གཏོགས། །བྱམས་པའི་ཞལ་ནས་བལྟས་ན། །སྐྱུག་མེར་ལངས་ཡག་རེད་འདུག”ཅེས་འདོད་གཞས་ཞེས་པའི་སྡེ་ཚན་ཞིག་གི་ཁོངས་སུ་འདི་ལྟར་བཀོད་འདུག དེ་ལྟར་དུ་ལུང་པ་ཁ་ཤས་སུ་གླུ་གཞས་འདི་ལ་“རོགས་གླུ་”ཞེས་འབོད་པའི་བཤད་ཚུལ་འདུག་མོད་ཁུངས་ཡང་དག་ཅིག་རྙེད་སོན་མ་བྱུང་།
དུས་རྒྱུན་མི་ཕལ་མོ་ཆེའི་སེམས་སུ་མགུར་མོ་ཞེས་པ་ནི་སྐྱེས་ཆེན་རྣམས་ཀྱིས་ངག་ནས་གྱེར་འོང་བའི་ཆོས་ཚིག་ཁོ་ན་ལྟ་བུ་ཞིག་སྣང་མོད། སྡེ་དགེ་གཙོས་
ཁམས་ཀྱི་ལུང་པ་ཁ་ཤས་སུ་“ལ་ཡེ་”ཡི་ཚབ་ཏུ་“མགུར་མོ་”དང་ཡང་ན་“མགུར་བྲོ་”ཞེས་འབོད་སྲོལ་ཡོད་ཅིང་ནང་དོན་ཕོ་མོའི་བརྩེ་དུང་མཚོན་པ་གཅིག་མཚུངས་སུ་ཡིན་འདུག་སྟེ། སྡེ་དགེའི་བྲོ་ཆེན་ནང་གི་མགུར་བྲོ་ཞེས་པ་ལས་“ཁྱོད་ནི་ལ་མོ་ཕར་རྒྱབ། །ང་ནི་ལ་མོ་ཚུར་རྒྱབ། །གཅིག་སེམས་གཅིག་ལ་ཡོད་ན། །བྲིས་པའི་ཡིག་ཆུང་སྐུར་ཤོག”ལྟ་བུ་དང་། དེ་བཞིན་ ༢༠༠༠ ལོའི་མང་ཚོགས་སྒྱུ་རྩལ་གྱི་དུས་དེབ་ཅིག་ལས་“ཉིན་མོ་ཉི་མའི་ངོགས་ནས། །བྱམས་པའི་ཆ་བྱད་མཐོང་ཡང་། །ཉི་མ་ནུབ་ལ་ཡལ་རྗེས། །བྱམས་པ་མཐོང་རྒྱུ་མི་འདུག”ལྟ་བུའི་ཚིགས་བཅད་འདི་མགུར་མོ་ཞེས་པའི་སྡེ་ཚན་ཞིག་ནང་བཅུག་འདུག །མ་ཟད་ད་ལྟ་མཐོང་དུ་ཡོད་པའི་དམངས་རྩོམ་<<དམངས་ཁྲོད་ཀྱི་ལ་གཞས་དང་མགུར་མོ་གཏམ་དཔེ་གཅེས་བཏུས>>ལྟ་བུ་ཡོད་ལ། དེབ་འདི་ཡི་ནང་དུ་མགུར་མོ་དང་ལ་གཞས་ཞེས་དབྱེ་བ་ཕྱེ་འདུག་མོད།
12 ཞང་ཞུང་སྲིད་པའི་གྲེ་འགྱུར། བོད་དམག་ཁང་པར་འདེབས་བཟོ་གྲྭས་པར་བཏབ། ཤོག་ངོས། ༢༨༥
13 བོད་ཀྱི་དགའ་གཞས་སོས་ཀའི་ཚོར་བ། སྒྲིག་པ་པོ། བཀྲ་ཤིས་ཚེ་རིང་། བོད་ཀྱི་དཔེ་མཛོད་ཁང་ནས་
པར། ཤོག་ངོས། ༣༠
14 བོད་ཀྱི་དམངས་གཞས། དེབ་ཕྲེང་གཉིས་པ། གྲགས་པ་དཀོན་མཆོག་སོགས་ཀྱིས་བསྒྲིགས། བོད་ལྗོངས་
མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༣༣༠
15 སྡེ་དགེའི་བྲོ་ཆེན། སྒྲིག་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། ལྡི་ལི་ནོར་བུ་གྷར་ཕིག་དཔེ་སྐྲུང་
ཁང་། ཤོག་ངོས། ༣༢༡
16 མང་ཚོགས་སྒྱུ་རྩལ། ༢༠༠༠ལོའི་དུས་དེབ་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༤༤
དོན་དུ་དེ་གཉིས་ཀྱི་ཁུངས་སུ་བཅུག་པ་རྣམས་རྗོད་བྱེད་ཚིག་ལ་ཁྱད་པར་ཅུང་ཡོད་པ་ལས་བརྗོད་བྱའི་དོན་ནི་གཅིག་མཚུངས་སུ་གྲུབ་འདུག །
མདོ་སྨད་ཀྱི་ཕྱོགས་སུ་དམངས་རྩོམ་ཕྱོགས་བསྒྲིགས་བྱས་པ་རྣམས་ལས་“ལ་ཡེ་”ཞེས་པའི་གདོད་མའི་ཐ་སྙད་འདི་བཅོས་ཟིན་ནས་ལ་གཞས་སུ་བསྒྱུར་གྲུབ་མོད། ད་དུང་གཅིག་ལྷག་ཡོད་པ་“ལ་ལ་”ཞེས་པའི་ཐ་སྙད་འདི་ཡིན་འདུག འདི་ནི་གོང་དུ་སོང་ཟིན་པའི་ཐ་སྙད་དེ་དག་དང་དོན་མཚུངས་འདུག་སྟེ།<<བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ་>>ལས་“ཁ་ལ་ལ་ལེན་ལ་ལ་ལེན། །སྡེ་ཆེན་པོ་དང་མ་ཆགས་ཚུལ་ལེན། །བུ་བུ་མོར་ལ་ལ་དར་ཚུལ་ལེན། །
དེ་མིན་ན་བླང་ན་དོན་མེད་རེད།”ཅེས་པ་ལྟ་བུའི་ཚིག་ལས་ཤིན་ཏུ་གསལ་མོད།“ལ་ལ་”ཞེས་པའི་ཐ་སྙད་འདིའི་གོ་བ་ཡང་དག་ཅིག་མ་རྙེད་དོ། །དེ་ལྟར་དུ་“ཚིག་རྒྱག་”ནི་འབོད་ཚུལ་ཙམ་ལས་མཛའ་གཞས་དང་དོན་མཚུངས་པ་དཔེ་མཚོན་དྲང་ན། <<ཚིག་རྒྱག་ཕྱོཊ་བསྒྲིགས་གཞོན་ནུའི་ཡིད་ཀྱི་ལང་ཚོ་>>ལས་“དཀར་གསལ་ཟླ་བ་ལྟ་བུའི། །དཀར་ཚད་ཁྱེད་ལ་ཡོད་ན། ཁ་ཆར་སྤྲིན་པ་མེད་པ། །བུ་མོ་ང་རས་ཞུས་ཆོག།།”ལྟ་བུ་ལས་རྟོགས་ནུས་སོ། །
བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་ལས་“ལ་གཞས་ནི་ཕ་མ་མིང་སྲིང་འཛོམས་ས་དང་ངོ་སྲུང་སར་ལེན་མི་རུང་ལ། དབྱངས་རྟ་དང་ནང་དོན་གྱི་ཆ་ནས་གླུ་དང་ཁྱད་པར་ཤིན་ཏུ་ཆེ་བས་ཡུལ་གླུ་དང་རི་གླུ། ལ་གླུ་ཞེས་པའི་མིང་དུ་མ་བྱུང་ཞིང་”ཞེས་དང་། ༢༠༡༠ ལོའི་མང་ཚོགས་སྒྱུ་རྩལ་དུས་དེབ་དང་པོ་ལས་“ན་གཞོན་ཕོ་མོའི་འཇིག་རྟེན་སྣང་བའི་འདོད་འདུན་མངོན་པར་མཚོན་པའི་ལ་གཞས་འདི་ནི་དབྱངས་དང་། ནང་དོན་གང་གི་ཆ་ནས་གླུ་དང་ཁྱད་པར་ཆེ་བས་རི་གླུ་དང་ལ་གླུ། གླུ་རྒན་སོགས་མིང་དུ་མ་འབྱུང་”ཞེས་རི་གླུ་དང་ཡུལ་གླུ། གླུ་རྒན་སོགས་འབོད་ཚུལ་མ་འདྲ་བར་སྣ་ཚོགས་པར་ཡོད་པ་སྣང་ལ། དེ་དག་ནི་རི་སྒང་གཙོ་བོར་ལེན་རྒྱུའི་གླུ་དང་། དེ་བཞིན་ཡུལ་ཀུན་ལ་ཁྱབ་པ། ཡང་ན་གླུ་ཡི་རིགས་ལས་དར་སྔ་ཤོས་ཀྱི་གྲལ་ཡིན་པ་བཅས་ལ་བརྟེན་ནས་དེ་ལྟར་མིང་ཐོགས་པར་བསམས་ཀྱང་ཐག་གཅོད་བྱེད་པའི་སྤོབས་པ་མ་མཆིས་སོ། ད་ནི་“ལ་ཡེ”དང་དོན་མཚུངས་པའི་ཐ་སྙད་དེ་དག་སྐོར་རགས་གླེང་བྱས་ཟིན་པ་ཡིན་ནོ། །
མཐའ་དོན། སྤྱིར་བཏང་“ལ་ཡེ་”ཞེས་པའི་བརྡ་ཆད་འདི་མདོ་སྨད་དང་ཁམས་ཀྱི་ས་ཡུལ་ཁ་ཤས། དེ་བཞིན་མངའ་རིས་ཀྱི་གཞོན་ནུ་རྣམས་ཀྱི་ངག་ལ་རྒྱུག་ཆེ་བའི་མིང་བརྡ་ཞིག་ཡིན་མོད། ད་ལྟ་ཡིག་ཐོག་ཏུ་“ལ་གཞས་”ཞེས་པའི་ཚིག་འདི་ཡོངས་ཁྱབ་ཀྱི་གཏན་འབེབས་ལྟར་དུ་གྱུར་ཟིན། ཡིན་ཡང་། རྒྱ་ཆེའི་མི་དམངས་ཀྱིས་སྔར་བཞིན་“ལ་ཡེ་”ཞེས་པའི་ཐ་སྙད་འདི་སྤྱོད་མུས་ཡིན་པར་བརྟེན་“ལ་གཞས་”ཞེས་པའི་ཚིག་འདི་མུ་མཐུད་དུ་ཡིག་ཐོག་ཏུ་བཀོད་ན་འགྲིག་མིན་གྱི་དོགས་པ་
17 བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ། བསྡུ་སྒྲིག་པ། ཀུན་དགའ་རྒྱལ་མཚན། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡
18 ཚིག་རྒྱག་ཕྱོགས་བསྒྲིགས་གཞོན་ནུ་ཡིད་ཀྱི་ལང་ཚོ། སྒྲིག་པ་པོ། དབང་བུ་མོ། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༡༥
19 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྩོམ་པ་པོ། འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༨༢
20 མང་ཚོགས་སྒྱུ་རྩལ། ༢༠༡༠ལོའི་དུས་དེབ་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠༨
ཞིག་ངང་གིས་སྐྱེས་བྱུང་བས་ན། དཔྱད་རྩོམ་འདི་“ལ་ཡེ་”ཞེས་པའི་ཐ་སྙད་འདི་གཙོ་བོར་གཞིར་བཞག་ནས་བཤད་ཁུལ་བྱས་ཡོད། དེ་བཞིན་གོང་དུ་“ལ་ཡེ་”དང་དོན་མཚུངས་པའི་ཐ་སྙད་ཁ་ཤས་ཤིག་གི་སྐོར་སོང་ཟིན་མོད། གླུ་གཞས་འདི་བོད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ཅིང་རྗོད་བྱེད་ཚིག་དང་དབྱངས་འགྲོས་སོགས་མ་འདྲ་བར་བརྟེན་འབོད་ཚུལ་འདི་ལས་རྦད་དེ་མང་བར་ཡོད་པ་གཏན་འཁེལ་ཡིན་པས། དཔྱད་རྩོམ་འདིའི་ནང་བཀོད་པའི་གྲངས་འདི་ཁོ་ནར་གཙོ་འཛིན་བྱེད་རུང་བ་ཞིག་མིན།
མཐའ་དོན་གོང་གི་ཐ་སྙད་དེ་དག་གི་ཁུངས་གཙོ་བོར་དམངས་གཞས་ཕྱོགས་བསྒྲིགས་དག་ལས་བྱས་པ་ཞིག་ཡིན་པས། འབོད་ཚུལ་དེ་དག་ཡང་དག་
ཡིན་མིན་ལ་དོགས་པ་ཡོང་ངེས་མོད། དམངས་རྩོམ་ཕྱོགས་བསྒྲིགས་བྱེད་མཁན་
རྣམས་ཀྱིས་སོ་སོའི་ལུང་པ་རང་ནས་བསྡུ་སྒྲིག་གཙོ་བོར་བྱས་འདུག་པས་ན། དམངས་ནང་ཁྱབ་ཆེ་བའི་ཐ་སྙད་ཅིག་བེད་སྤྱོད་ཏན་ཏན་བྱས་ཡོད་པར་བརྟེན་ཡིད་རྟོན་ཅུང་ཟད་བྱེད་རུང་བ་ཞིག་རེད་སྙམ། དེ་བཞིན་“ལ་ཡེ་”ཞེས་པའི་ཐ་སྙད་
འདི་ཞང་ཞུང་གི་སྐད་དང་འབྲེལ་བ་ཤུགས་ཆེན་ཡོད་པར་མཐོང་མོད། རང་ཉིད་
ཞང་ཞུང་གི་རིག་གནས་དང་འབྲེལ་བའི་དཔེ་དེབ་བཀླགས་གྲངས་ཉུང་ཁར་སོ་སོའི་གནས་ཚད་དང་དུས་ཚོད་སོགས་མ་འདང་བའི་རྐྱེན་གྱིས་དཔྱད་པ་བློ་ཡིད་ཚིམ་པ་ཞིག་གཏན་ནས་བྱེད་ཐུབ་མ་བྱུང་ངོ་། །
དཔྱད་གཞིའི་དེབ།
༡༽ <<བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ།>> ༡༩༨༥ ལོར་མི་རིགས་དཔེེ་
སྐྲུན་ནས་པར།
༢༽ <<དག་ཡིག་གསར་བསྒྲིགས།>> ༡༩༨༩ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་པར། མི་རིགས་དཔེ་སྐྲུན་ཁང་ནས་པར།
༣༽ <<དག་ཡིག་གསར་བསྒྲིགས>> དག་ཡིག་འདིའི་རྩོམ་སྒྲིག་ཚོགས་ཆུང་
གིས་བརྩམས། ༡༩༨༩ ལོའི་ཟླ་ ༦ པར་པར་གཞི་ ༡ པོ་བསྒྲིགས། མཚོ་
སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར།
༤༽<<དམངས་ཁྲོད་རྩོམ་རིག་གི་རྣམ་བཤད། >> རྩོམ་པ་པོ། མིག་དམར།
༢༠༠༥ ལོའི་ཟླ་ ༡༠ པར་པར་གཞི་དང་པོ་བསྒྲིགས། མི་རིགས་དཔར་སྐྲུན་
ཁང་གིས་པར།
༥༽<<མང་ཚོགས་སྒྱུ་རྩལ།>> ༢༠༡༠ ལོའི་དུས་དེབ་དང་པོ།མཚོ་སྔོན<<མང་
ཚོགས་སྒྱུ་རྩལ>>རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས།མཚོ་སྔོན་མི་རིགས་
དཔེ་སྐྲུང་ཁང་གིས་པར།
༦༽<<ཞང་ཞུང་སྲིད་པའི་གྲེ་འགྱུར>> མངའ་རིས་ས་གནས་རིག་གནས་རྒྱང་
བསྒྲགས་བརྙན་འཕྲིན་ཅུས་ནས་བསྒྲིགས། བོད་དམག་ཁུལ་ཁང་པར་འདེབས་
བཟོ་གྲྭས་པར་བཏབ།
༧༽<<བོད་ཀྱི་དགའ་་གཞས་སོས་ཀའི་ཚོར་བ>> བཀྲ་ཤིས་ཚེ་རིང་གིས་
བསྒྲིགས། བོད་ཀྱི་དཔེ་མཛོད་ཁང་ནས་པར། (1986)
༨༽<<སྡེ་དགེ་བྲོ་ཆེན>> རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྒྲིགས།
༢༠༡༤ ལོའི་ཟླ་ ༡༡ པའི་ཚེས་ ༥ ཉིན་པར། ལྡི་ལི་ནོར་བུ་གྷར་ཕོག་དཔེ་སྐྲུན་
ཁང་ནས་པར།
༨༽<<བོད་ཀྱི་དམངས་གཞས།>> (དེབ་ཕྲེང་གཉིས་པ།) གྲགས་པ་དཀོན་
མཆོག་སོགས་ཀྱིས་བསྡུས། ༡༩༩༠ ལོའི་ཟླ་ ༧ པར་པར་ཐེངས་ ༡ བརྒྱབ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར།
༩༽<<མང་ཚོགས་སྒྱུ་རྩལ>> སྤྱི་ལོ་ ༢༠༠༠ ལོའི་དེབ་གཉིས་པ། <<མཚོ་སྔོན་
མང་ཚོགས་སྒྱུ་རྩལ>>རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས། མཚོ་སྔོན་མི་
རིགས་པར་ཁང་གིས་པར།
༡༠༽<<བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ>> ཀུན་དགའ་
རྒྱལ་མཚན་གྱིས་བསྡུ་བསྒྲིགས་བྱས། ༢༠༠༠ ལོའི་ཟླ་ ༥ པར་པར་ཐེངས་
༡པར། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་།
༡༡༽ <<ཚིག་རྒྱག་ཕྱོགས་བསྒྲིགས་གཞོན་ནུ་ཡིད་ཀྱི་མཛེས་རྒྱན།>> བསྡུ་
སྒྲིག་པ། དབང་བུ་མོ། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་།
༡༢༽<<བོད་ལྗོངས་མཛའ་གཞས>> བདེ་ཆེན་སྒྲོལ་དཀར་གྱིས་བསྒྲིགས། མི་
རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོའི་ཟླ་ ༧ པར་པེ་ཅིང་དུ་པར་ཐེངས་དང་པོ་
བརྒྱབ།
༡༣༽<<དམངས་གཞས་ཕྱོགས་བསྒྲིགས>> དཔེ་སྐྲུན་ཁང་ནས་ཕྱོགས་
བསྒྲིགས་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར། ༡༩༩༩
ལོའི་ཟླ་བ་༢པར་པར་ཐེངས་དང་པོ་པར།
༡༤༽<<མང་ཚོགས་སྒྱུ་རྩལ>> སྤྱི་ལོ་ ༢༠༠༩ ལོའི་དུས་དེབ་གཉིས་པ།
<<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས། མཚོ་
སྔོན་མི་རིགས་པར་ཁང་ནས་པར།