ནགས་ལྷའི་གསོལ་མཆོད་ཀྱི་བྱུང་རིམ་ལ་དཔྱད་པ།

བསྟན་འཛིན་སྐལ་ལྡན།

སྤྱིར་བོད་གངས་ཅན་ལྗོངས་འདིར་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་འབྲེལ་བའི་རིག་གནས་མི་དམན་པ་ཞིག་དར་རྒྱས་བྱུང་བ་མ་ཟད།  དམིགས་བསལ་གངས་ཅན་ལྗོངས་འདིར་རི་ཆུའི་རིག་གནས་ལ་དགའ་ཞེན་དང་དར་རྒྱས་ཆེན་པོ་བྱུང་ཡོད།  འདི་དག་གི་རྒྱབ་ལྗོངས་སུ་ཁྲིམས་ལུགས་རིག་པའི་བསམ་བློ་དང་དད་མོས་ལམ་ལུགས་ཀྱིས་ཤུབས་རྐྱེན་ཤིན་ཏུ་གཏིང་གཟབ་ཏུ་གྱུར་ཏེ་མངའ་རིའི་སྐོར་གསུམ་དང་།  དབུས་གཙང་རུ་བཞི།  མདོ་ཁམས་སྒང་དྲུག་བཅས་བོད་ཁམས་ཡོངས་ལ་དར་རྒྱས་བྱུང་དང་འབྱུང་བཞིན་པ་ལྟར།  མདོ་ཁམས་ས་ཡི་ཐིག་ལེ།  འབྲི་ཆུ་སེར་པོའི་ལྷོ་རྒྱུད།  དངུལ་ཆུ་ཁམ་པའི་སྟོད་བརྒྱུད།  སྐྱིད་ཆུ་སྔོ་མོའི་མགོ་ཁུངས། 

ཤོད་ཆེན་བཅོ་བརྒྱད་ཀྱི་ཡང་རྩེ།  དབུ་མ་ནགས་ཀྱི་ནགས་ཤོད།  སྦས་ཡུལ་ལུང་གསུམ་སྨན་ལྗོངས་ཞེས་མཚན་ཡོངས་སུ་གྲགས་པའི་ནགས་ཤོད་འབྲི་རུའི་ལུང་བ་འདིར།  སློབ་དཔོན་པདྨས་ལུང་དུ་བསྟན་པར་གྲགས་རི་ཆེན་ཀུན་གྱི་གཙོ་བོ།  ཞི་བདག་ཡོངས་ཀྱི་རྒྱལ་པོ།  རི་རྒྱལ་ནགས་ལྷ་ཛམ་བྷ་ཞེས་ནགས་ཤོད་བ་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་རི་ཆེན་འདི་དང་འབྲེལ་བའི་རི་ཆུའི་རིག་གནས་ཞིག་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་བའི་ཁྲོད།  རི་རྒྱལ་ནགས་ལྷ་ཛམ་བྷའི་གཏམ་རྒྱུད་ནི་ཆེས་སྙན་གྲགས་ཅན་གྱི་རི་ཆུའི་རིག་གནས་ཞིག་དང་གནའ་གཏམ་རིང་མོ་ཞིག་ཀྱང་ཡིན།  ནགས་ཤོད་འབྲི་རུ་བ་ཀུན་གྱི་སེམས་ནང་དུ་འབྲི་ཆུ་སེར་པོའི་བཞུར་རྒྱུན་ལས་རིང་ལ།  དངུལ་ཆུ་ཁམ་པའི་རླབས་སྒྲ་ལས་ཆེས་ཆེར་ཆེ་བའི་ཆིག་སྒྲིལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་བ་མ་ཟད།  དད་མོས་ལམ་ལུགས་ཀྱིས་ཤུགས་རྐྱེན་འོག་གསོལ་མཆོད་བྱེད་སྲོལ་དར་རྒྱས་ཆེན་པོ་བྱུང་བའི་ཁྲོད་རི་རྒྱལ་ནགས་ལྷ་ཛམ་བྷའི་མིང་གི་རྣམ་གྲངས་དང་གསོལ་མཆོད་ཀྱི་བྱུང་རིམ་ཅུང་ཙམ་ཞིག་བྲི་རྒྱུ་ཡིན།  སྤྱིར་གསོལ་མཆོད་མང་དག་ཅིག་བྱུང་པར་ངེས་འདུག་ཀྱང་ད་ལྟར་མིག་ལམ་དུ་མཐོང་ཆོས་སུ་མེད་པར་གྱུར་ཟིན་པ་དག་ལ་དཔྱད་ཐབས་བྲལ་བས་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

མིང་གི་རྣམ་གྲངས།

རི་ཆེན་<<ནགས་ལྷའི་གསོལ་མཆོད་འདོད་འབྱུང་ནོར་བུའི་བང་མཛོད་>>ལས་མིང་འདོགས་པ་པོ་ལྷ་དང་།  ཞང་ཞུང་བོན།  རྩིས།  སློབ་དཔོན་པདྨ།  གནོད་སྦྱིན་ནོར་ལྷ།  ཀླུ།  གཉན།  ཡབ།  ཡུམ།  ལྷ་སྲིན་རྣམས་ཀྱིས་བཏགས་པའི་མཚན་རེ་རེ་བཞིན་ཡོད་པར་བཤད་ཡོད།  དེ་ཡང་སྐུ་ལྷ་ཡོ་བྱེད་དང་།  གཡུང་དྲུང་འགྱུར་མེད་དྲག་པོ་ལྷ།  འཛམ་བུའི་སྲས་རྒོད་གཉན་པོ།  སྦས་ཡུལ་གནས་སྐྱོང་ནགས་ལྷ།  ནོར་བདག་ནགས་ལྷ་འཛམ་བྷ།  ནོར་བུ་ཁྱུང་གཤོག་འབར་བ།  གཉན་རྒྱལ་ཁྲོ་ལྷ་འབར་བ།  གདུག་པ་ཀུན་འདུལ་ནགས་ལྷ།  འཇིག་རྟེན་ཀུན་སྐྱོང་།  སྡེ་བརྒྱད་དམག་དཔོན་ནགས་ལྷ།  ལྷ་རི་གཉེན་པོ། ཞེས་པ་སོགས་མིང་གི་རྣམ་གྲངས་མང་དག་ཞིག་བྲིས་ཡོད།  གསོལ་མཆོད་བྱུང་བ་ཁག་ནང་མང་ཤོས་བེད་སྤྱོད་བྱས་པ་ནགས་ལྷ་དང་།  ནགས་ལྷ་ཛམ་བྷ།  ལྷ་རི་གཉེན་པོ།  གཉན་སྲས་ནགས་ལྷ་བཅས་མང་ཤོས་བྲིས་པ་བྱུང་འདུག

གསོལ་མཆོད་ཀྱི་བྱུང་རིམ།

ནགས་ཤོད་འབྲི་རུ་བ་ཀུན་གྱི་གཙུག་ཏུ་བཀུར་བའི་རི་རྒྱལ་ནགས་ལྷ་ཛམ་བྷ་ཞེས་སྙན་གྲགས་རྒྱས་པའི་གནས་རི་འདིའི་གསོལ་མཆོད་གང་མང་ཞིག་བྱུང་ངེས་འདུག་ཀྱང་ཆ་ཚང་ལག་སོང་མ་བྱུང་བས་འབྲི་ཐབས་བྱས་མེད།  དེང་ལག་སོང་བྱུང་བའི་དཔྱད་ཡིག་ཁོ་ནར་གཞི་བྱས་ཏེ་གསོལ་མཆོད་ཀྱི་བྱུང་རིམ་རགས་རིམ་ཞིག་བཤད་འདོད་ཀྱང་།   གསོལ་མཆོད་འགའ་ཤས་ཀྱི་རྩོམ་པ་པོའི་མཚན་བྱང་མི་གསལ་བ་དང་།  ཡང་འགའ་ཤས་ཀྱི་མཚན་གསལ་པོར་འཁོད་ཀྱང་མཁས་པ་སུ་ཡིན་དང་དུས་རབས་གང་དུ་བྱུང་མིན་ངོས་འཛིན་བྱ་ཐབས་དཀའ་བ་སོགས་སུ་གྱུར་ཀྱང་།  སྔོན་བྱུང་མེས་པོ་རྣམས་ལ་དྲན་གསོ་ཙམ་བྱ་ཆེད་དུ་ཚོད་བགམ་བྱས་ན།  

༡༽ དུས་རབས་བཅོ་ལྔ་ནས་བཅུ་དྲུག་བར་དུ་བྱུང་བ།  ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་ཐོག་གསེར་རི་ཕྲེང་བ་ལྟར་བསྒྲིགས་པའི་ནང་གསེས་དགའ་ལྡན་ཁྲི་ཐོག་ཉི་ཤུ་བ།  སེ་ར་ཐེག་ཆེན་གླིང་གི་གདན་རབས་བཅུ་བཞི་པ།  ནགས་ཤོད་བསྟན་པའི་སྒྲོན་མེ་གསུམ་གྱི་ཡ་གྱལ་སྟག་ཕུ་སྐྱེ་ཕྲེང་གསུམ་པ་ངག་དབང་ཆོས་གྲགས་བཟང་པོས་༡༤༩༣༡༥༥༩ དད་ལྡན་བ་“བཙན་འགོ་ལྷ་བཟོས་མང་ཉུང་མཚམས་པ་ཞིག་དགོས་ཞེས་བསྐུལ་ངོར།  ཡུལ་ཕྱོགས་དགེ་ལེགས་འབྱུང་བའི་ཆེད་དུ་གསོལ་ཁའི་ཡིག་རྙིང་ཁ་ཤས་ལ་གཞི་བཅོལ།  ཤཱཀྱའི་དགེ་སློང་ངག་དབང་ཆོས་གྲགས་དཔལ་བཟང་པོས་སྟག་གདོང་རི་བོ་དཔལ་འབར་གྱི་གཙུག་ལག་ཁང་དུ་སྦྱར་བའོ་”ཞེས་མཇུག་བྱང་དུ་བཀོད་པ་<<ནག་ལྷའི་བསོལ་མཆོད་དགོས་འདོད་ནོར་བུའི་བང་མཛོད་ཀ་བསྟོད་སྙན་པའི་བ་དན། >>ཞེས་ཚིག་སྦྱོར་སྙན་ལ་བརྗོད་དོན་འགྲིག་པ་ཞིག་ལག་ཏུ་སོང་བྱུང་བ་འདི་ཉིད་ད་ལྟར་ཀུན་གྱི་མིག་ལམ་དུ་དངོས་མཐོང་ཡོད་པའི་ནགས་ལྷའི་གསོལ་མཆོད་དང་པོ་དེ་ཡིན་པར་སྣང་།  

༢༽ སློབ་དཔོན་པདྨས་མཛད་པར་གྲགས་པ་གཏེར་སྟོན་འོར་སྒོམ་ཞིག་པོ་གླིང་པས་རྨ་རྒྱལ་སྤོམ་རའི་དུང་མཚོ་ནས་གཏེར་ནས་དྲངས་ཞེས་མཇུག་བྱང་དུ་བཀོད་པ་འདི་ཉིད་གངས་ཅན་ལྗོངས་སུ་སྙན་གྲགས་རྒྱས་པའི་གཏེར་སྟོན་ཞིག་པོ་གླིང་པར་ངོས་འཛིན་བྱས་ན་<<ཇོ་བོ་ནགས་ལྷའི་གསོལ་འདོད་འབྱུང་ནོར་བུའི་བང་མཛོད། >>ཅེས་པ་ཤིན་ཏུ་རྒྱས་ལ་ཞིབ་ཆ་ལྡན་པ།  ནགས་ལྷའི་གཙོ་འཁོར་གྱི་སྐུ་མདོག་ཕྱག་མཚན་རེ་རེ་བཞིན་བརྗོད་དོན་ཕུན་གསུམ་ཚོགས་པར་བྲིས་པ།  མཇུག་བྱང་དུ་འོར་སྒོམ་ཞིག་པོ་གླིང་པ་ཞེས་པ་སྤྱི་ལོ་དུས་རབས་བཅུ་དྲུག་༡༥༢༤༡༥༨༣ནང་བྱུང་བའི་ཞིག་པོ་གླིང་བ་ཞེས་པ་འདི་ལ་ངོས་བཟུང་ན་འདི་ཉིད་རི་རྒྱལ་ནགས་ལྷའི་གསོལ་མཆོད་ཀྱི་བྱུང་རིམ་གཉིས་པ་དེ་ཡིན་པར་སྙམ།  ཡང་མཛད་བྱང་དུ་“བདག་གསང་སྔགས་རྣལ་འབྱོར་ཞིག་པོ་གླིང་པ་རང་བྱུང་རིག་པའི་ཏན་ཏྲ་ནས་ཁོལ་དུ་ཕྱུངས་ཏེ།  མེ་འབྲུག་སྨིན་ཟླའི་དུས་བཟང་པོར་རྨུགས་འཛིན་དབང་པོ་གནས་རིའི་ལྷ་ཞོལ་དུ་ཕབ་ཅིང་ལྷ་མཁར་དུ་སྲོག་ཁང་རྟེན་གཏོར་བཅས་འཆུག་མེད་ལག་ཏུ་བསྟར་བ་འདིས་ཀྱང་འགྲོ་རྣམས་ནམ་མཁའ་མཛོད་ལ་དབང་ཆུབ་པར་གྱུར་ཅིག་”ཅེས་བྲིས་པ།  མགོ་བརྗོད་དུ་<<དགོངས་པ་ཡིད་བཞིན་མཛོད་ལས།  རྨུགས་འཛིན་འཆོལ་བའི་འཕྲིན་ལས་འདོད་འབྱུང་དཔག་བསམ། >>ཞེས་པ་ཞིག་འདུག་པ་འདི་ཡང་རྩོམ་པོ་འོར་སྒོམ་ཞིག་ལོ་གླིང་པ་ཡིན་པར་ངེས་འདུག་པས་རྩོམ་པ་པོ་འདི་ཉིད་ནགས་ཤོད་དུ་དངོས་སུ་ཕེབས་ཏེ་གསོལ་མཆོད་རྒྱས་བསྡུས་གཉིས་བྲིས་པར་སྣང་བ་ཙམ་ལས་དཔྱད་ཡིག་གསལ་ཁ་ཅན་ཞིག་མེད་པས་བརྩམས་དུས་དང་།  རྩོམ་པ་པོའི་མཚན་མ་བཀོད་པར་སློབ་དཔོན་པདྨས་བརྩམས་ཚུལ་བཤད་པ་འདི་དག་སྣང་ལ་རུང་ཡང་ལོ་རྒྱུས་སུ་འབྲི་ཐབས་དཀའ་བ་ཞིག་ཏུ་གྱུར་ཡོད།

༣༽ སྤྱི་ལོའི་དུས་རབས་བཅུ་དྲུག་ནས་བཅུ་བདུན་བར་དུ་བྱུང་བ་བོད་གངས་ཅན་ལྗོངས་སུ་མཁས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས་པ།  འགོམ་དགོན་ཆོས་འཁོར་བྱམས་པ་གླིང་གི་གདན་འཛིན་དང་པོ་ཀུན་མཁྱེན་རིག་འཛིན་ཆོས་ཀྱི་གྲགས་པའི་༡༥༩༥༡༦༥༩གསུང་འབུམ་ང་པའི་ནང་<<འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པའི་ནགས་ལྷའི་བསང་>>ཞེས་པ་མཛད་བྱང་དུ་“འབྲི་གུང་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་གྲགས་པའི་ཆོས་འཁོར་བྱམས་པ་གླིང་གི་གཙུག་ལག་ཁང་གི་ཆོས་གྲྭ་ཆེན་པོའི་ཐོག་ཏུ་སྦྱར་བའོ། ”ཞེས་འགོམ་དགོན་ཆོས་འཁོར་བྱམས་པ་གླིང་དུ་བྲིས་པའི་ནགས་ལྷའི་གསོལ་མཆོད་རྒྱས་བསྡུས་མཚམས་པ་ཞིག་འདུག་པ་འདི་ཉིད་ལོ་དུས་ལ་བལྟས་ན་བྱུང་རིམ་གསུལ་པར་དྲངས་ཆོག་ཡོད།

༤༽ སྤྱི་ལོའི་དུས་རབས་བཅོ་བརྒྱད་ནང་མཚོ་སྐྱེས་པདྨའི་གདུང་ཚབ།  ནགས་ཤོད་བསྟན་པའི་སྒྲོན་མེ་གསུམ་གྱི་ཡ་གྱལ།  ཉི་སྤྲུལ་སྐུ་ཕྲེང་གཉིས་པ་པདྨ་ཐེག་མཆོག་རིན་པོ་ཆེས་མཛད་པ་ <<གནས་ཡུལ་སྐྱོང་བའི་མཐུ་ཆེན་ནགས་ལྷ་ཛམ་བྷ་འཁོར་བཅས་མཆོད་པའི་རིམ་པ་མཛད་མེད་ཀུན་བཟང་དགའ་སྟོན། >>ཞེས་དང་།  ཡང་<<ཇོ་བོ་ནགས་ལྷ་ཛམ་བྷའི་བསང་མཆོད་ཉུང་བསྡུས། >>ཞེས་པ་རྒྱས་བསྡུས་གཉིས་བྲིས་པ་དང་།  དང་པོའི་མཛད་བྱང་དུ་“དེ་ལྟར་ཡུལ་ལྷའི་མཆོད་ཐབས་འདི་ཉིད་ནི་དུས་རིང་མོ་ཞིག་ནས་བསྒྲིག་བསམ་པའི་རྟོག་པ་འོག་འགྱུའི་སྐབས་སུ་དགེ་ཚུལ་ངག་དབང་མཆོག་ལྡན་གྱིས་འབད་པས་བསྐུལ་བར་བརྟེན།  སློབ་དཔོན་ཆེན་པོས་མཛད་པའི་ནགས་ལྷའི་གསོལ་མཆོད་འདོད་འབྱུང་ནོར་བུའི་བང་མཛོད་ཆེན་པོ་ཞེས་གཏེར་སྟོན་འོར་སྒོམ་ཞིག་པོས་རྨ་རྒྱལ་སྤོམ་རའི་དུང་མཚོ་ནས་གདན་དྲངས་པ་ལ་གཞི་བྱས།  ༧འབྲི་གུང་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་མཛད་པ་རྣམས་དང་བསྟུན་ཏེ་ཚིགས་བཅད་ཀྱི་ཕྲེང་བ་རྡོ་བ་བཅལ་དུ་བཀྲམ་པ་ལྟ་བུ་འདི་ནི་དགེ་ཚུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཤིང་སྟག་སྒྲོན་གྱི་ཉ་བའི་ཚེས་ལ་སྲིད་མོ་རྫོང་དུ་སྦྱར་”ཞེས་གསལ་བར་གཞིགས་ན་འོར་སྒོམ་བརྩམས་པ་ལ་གཞི་བྱས།  འབྲི་གུང་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་མཛད་པར་བསྟུན་ཏེ་བྲིས་པར་གསུང་འདུག་པས་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་བྲིས་པ་འདི་དག་ད་ལྟར་མཐོང་ཆོས་སུ་མེད་པར་མཐོང་ཐུབ་པ་མ་ཟད།  འདི་ནི་གསོལ་མཆོད་ཀྱི་བྱུང་རིམ་བཞི་པ་དེ་ཡིན་པར་སྙམ།

༥༽ ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་ཡ་གྱལ་སྟག་ཕུ་སྐྱེ་ཕྲེང་བཞི་པ།  འབྲས་སྤུངས་ཚོགས་ཆེན་སྤྲུལ་སྐུའི་གོ་གནས་ཅན།  ངག་དབང་བློ་གྲོས་རྒྱ་མཚོའམ་བློ་བཟང་བསྟན་པའི་རྒྱལ་མཚན་༡༧༡༤༡༧༦༣གྱིས་བརྩམས་པའི་<<གཉན་སྲས་ནགས་ལྷའི་གསོལ་མཆོད་ཕན་བདེའི་འབྲས་སྟེར། >>ཞེས་པའི་མཛད་བྱང་དུ་“ལྷ་ཆེན་འདིའི་སྒེར་གསོལ་རྒྱས་པ་མོས་ན་འོལར་སྒོམ་གྱི་གཏེར་མ་ཉིད་རྒྱས་ཤིང་ཆ་ཚང་ནའང་།  འབྲིང་ལོགས་ཀྱང་ཆོས་རྗེ་དྷརྨའི་མཚན་གྱིས་མཛད་པ་རྒྱས་བསྡུས་མཚམས་ཤིང་ཚིག་སྦྱོར་ལེགས་པ་དང་།  བསྡུས་པ་འཕགས་མཆོག་སྤྲུལ་པའི་སྐུས་མཛད་པ་དང་།  གཞན་ཡང་ཡིག་བདུན་རང་ལུགས་དང་།  ཞེས་པ་འདི་ལྟ་བུའི་བཙུན་པའི་ཁུར་ཁྱེར་གྱི་དགོས་པ་མི་འདུག་ཀྱང་།  རང་ཉིད་ལྷ་འདིར་དགའ་ཞིང་མོས་པ་ཐོབ་པའི་རྐྱེན།  དད་ལྡན་བསོད་ནམས་འབུམ་གྱིས་བསྐུལ་བའི་མཚམས་སྦྱར་ཏེ།  གཙོ་བོ་འོར་སྒོམ་གྱི་གཏེར་མར་གྲགས་པ་ལ་གཞི་བྱས།  རྗེ་དྷརྨ་མཚན་གྱི་མཛད་པ་ལ།  འདི་དཔྱད་སྟེ་དེཚིགས་སུ་བཅད་པ་ཐམས་ཅད་གྲོང་ཚིག་རྐྱང་པར་སྤྱད་ནས།  གོ་བདེ་བར་བགྱིས་ཏེ།  བན་དྷེ་ཤཱཀ་གཟུགས་༧ངག་དབང་བློ་གྲོས་རྒྱ་མཚོས་ལྷ་ཆེན་གང་གི་ཕོ་བྲང་དང་ཉེ་བ་ནགས་ཤོད་སྟག་གདོང་རི་བོ་དཔལ་འབར་དུ་སྦྱར་”ཞེས་རྗེ་དྷརྨ་མཚན་གྱི་མཛད་པ་ཞིག་ཡོད་པར་བཤད་ཀྱང་ད་ལྟ་མཐོང་ཆོས་བསྡད་མེད།  འདི་ནི་གསོལ་མཆོད་བྱུང་རིམ་ཁྲོད་ནས་ལྔ་པ་ཡིན་པར་སེམས། 

༦༽ སྤྱི་ལོའི་དུས་རབས་བཅོ་བརྒྱད་སྨད་དང་བཅུ་དགུའི་ནང་ནགས་ཤོད་བསྟན་པའི་སྒྲོན་མེ་གསུམ་གྱི་ཡ་གྱལ་ཕྱག་ན་པདྨོའི་སྒྱུ་འཕྲུལ་ལས་བྱུང་བ་ཁྱབ་བདག་སྟག་ཕུ་སྐྱེ་ཕྲེང་ལྔ་པ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་ཡོངས་གྲགས་སུ་སྟག་ཕུ་གར་གྱི་དབང་པོས་ ༡༧༦༥ ༡༨༠༥  དད་ལྡན་མང་ཞུས་ངོར་ནགས་ལྷའི་གསོལ་མཆོད་གྲངས་མང་ཞིག་མཛད་འདུག་པ་ནི།  དད་ལྡན་སྔགས་རམ་པ་ངག་དབང་སྐལ་བཟང་གིས་བསྐུལ་ངོར་<<འདིར་ཡུལ་སྐྱོང་ནགས་ལྷ་བྱང་ཆུབ་ཆེན་པོ་གཙོ་འཁོར་རྣམས་ལ་གསེར་སྐྱེམས་རྒྱས་པ་འབུལ་ཚུལ། >>ཞེས་པ་མཛད་བྱང་དུ་“རང་གི་ལྟེ་གནས་དགེ་འཕེལ་བྱང་ཆུབ་གླིང་གི་ཡང་སྟེང་།  ཡུལ་སྐྱོང་ཆེན་པོའི་རྟེན་མཁར་གསོ་བ་ཤོགས་ཀྱི་ཐབ་གསོལ་སྐབས།  ཉེ་བར་མཁོ་བ་འདི་ལྟ་བུ་ཞིག་བྱེད།  གམ་དུ་བཅལ་བའི་མཛོད་པ་སྔགས་རམ་པ་ངག་དབང་སྐལ་བཟང་ནས་བསྐུལ་པ་བྱུང་བ་ལྟར་རིག་པ་འཛིན་པ་གར་གྱི་དབང་པོས་འཕྲལ་དུ་སྦྱར་བའོ། ”ཞེས་པ་ཞིག་དང་།   ཡང་ཁོང་གིས་མཛད་པ་<<གཉན་སྲས་ནགས་ལྷ་ཛམ་བྷར་རྟེན་བཞུགས་བྱ་ཚུལ་འདོད་དགུའི་དཔལ་གཏེར། >>ཞེས་པ་མཛད་བྱང་དུ་“དད་ནོར་དང་ལྡན་པ་བེ་ཧུ་བློ་བཟང་འགྱུར་མེད་རྣམ་རྒྱལ་ནས་བསྐུལ་མ་བྱུང་བའི་ངོར།  ཤཱཀྱའི་བན་གཟུགས་བློ་བཟང་ཆོས་ཀྱི་དབང་ཕྱུག་གིས་རང་གི་བསྟི་གནས་སུ་བཀོོད་པའོ། ”ཞེས་གཉན་སྲས་ནགས་ལྷ་ཛམ་བྷར་བརྟན་བཞུགས་བྱ་ཚུལ་ཞིག་དང་།  ཡང་ཁོང་གིས་མཛད་པ་<<ཡུལ་སྐྱོང་ནགས་ལྷ་ཛམ་བྷར་བསང་མཆོད་བྱ་ཚུལ་ནི། >>ཞེས་པ་མཛད་བྱང་དུ་“དད་ ནོར དང་ལྡན་པ་སྟོང་ཚ་བེ་ཧུ་ཆོས་སྐྱོང་ཁྲི་རྒྱལ་གྱི་བསྐུལ་ངོར་གར་གྱི་དབང་པོས་བྲིས། ”ཞེས་གསལ་བ་ཉུང་བསྡུས་ཤིག་དང་།   ཡང་<<ཡུལ་སྐྱོང་ནག་ལྷ་ཛམ་བྷར་མངོན་སྤྱོད་དྲག་པོའི་འཕྲིན་ལས་སྐུལ་བ་རྔམ་པའི་སྒྲ་དབྱངས་>>ཞེས་པ་མཛད་བྱང་དུ་“དད་ལྡན་རྒྱལ་འབུམ་ནས་བསྐུལ་མ་བྱུང་བའི་ངོར།  རིགས་སྔགས་འཆང་བའི་ཐ་ཤལ་གར་གྱི་དབང་པོས་བྲིས་པའོ། ”ཞེས་གསལ་བ་བཅས་དད་ལྡན་པ་རེ་རེ་ཞུས་ངོར་རྣམ་པ་མི་འདྲ་བ་རེ་བརྩམས་གནང་བ་རེད། 

༧༽ ཡང་ནགས་ཤོད་བསྟན་པའི་སྒྲོན་མེ་གསུམ་གྱི་ཡ་གྱལ་སྟག་ཕུ་སྐུ་ཕྲེང་བརྒྱད་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ།  གཏེར་ཆེན་པདྨ་བཛྲ་ ༡༨༧༦ ༡༩༣༥ གྱིས་མཛད་པའི་སྟག་ཕུའི་ཨར་གཞས་ལས་ནགས་ལྷའི་འཕྲིན་བཅོལ་ཐུང་ཙམ་ཞིག་བྱུང་བ་དང་། 

༩༽ ཡང་ནགས་ཤོད་བསྟན་པའི་སྒྲོན་མེད་གསུམ་གྱི་ཡ་གྱལ་ཞང་ཞུང་བ་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་བསྟན་འཛིན་ ༡༩༢༤ ༡༩༧༧ གྱིས་<<མདོ་སྟོད་ནགས་ཤོད་པའི་ཡུལ་སྐྱོང་དབང་པོ་དཀར་ཕྱོགས་ལྷ་ཡི་དགེ་བསྙེན་ཆེན་པོ་ནགས་ལྷ་རྨུགས་འཛིན་དབང་པོ་འཁོར་བཅས་ལ་གསོལ་མཆོད་བྱ་ཚུལ་དགེ་ལེགས་མེ་ཏོག་ཆར་འབེབས་>>ཞེས་པའི་མཛད་བྱང་དུ་“སྤྲུལ་མིང་བ་མཁས་གྲུབ་བསྟན་འཛིན་འཇིགས་བྲལ་ཆོས་ཀྱི་རྒྱལ་པོ་མཚན་ཆོས་དབང་གྲགས་པའི་དཔལ་གྱིས་མེ་སྤྲེལ་ཟླ་བ་ཚེས་༣ ཉིན་ཡུལ་སྐྱོང་ནགས་ལྷའི་རི་ཡི་ཤར་དུ་སྐྱོད་སྐབས་གློ་བུར་དུ་ཆར་དང་དབྱར་རྔའི་སྒྲ་དབྱངས་ཡུད་ཙམ་རླུང་ཆེན་ཤིན་ཏུ་མངའ་བ་སོགས་ཀྱིས་དགེ་མཚན་དུ་མ་ལ་རྟེན་བརྟེནནས་ཟླ་བ་ཡར་ཚེས་བཟང་པོར་སྐྱིད་རུ་དཔོན་ཚང་དང་ཉེ་བར་སྦྱར་”ཞེས་གསུང་པ་ནི་དུས་འགྱུར་སྔོན་གྱི་ནགས་ལྷའི་གསོལ་མཆོད་བརྩམས་ཆོས་ཀྱི་མཐའ་མ་དེ་ཡིན་ནམ་སྙམ།

གཞན་ཡང་རི་ཆེན་ནགས་ལྷ་ཛམ་པའམ་ལྷ་རི་གཉེན་པོའི་གསོལ་མཆོད་ཡིན་པ་ལ་རྩོམ་པ་མི་གསལ་བ་<<ནགས་ལྷའི་བསྟོད་པ་ནི། >>ཞེས་པ་དང་།  ཡང་<<ནགས་ལྷ་ཛམ་བྷའི་བསང་མཆོད་ནི། >>ཞེས་པ་གཉིས་ལག་སོང་བྱུང་ཡང་དུས་རབས་དང་མཛད་པ་པོ་མི་གསལ་བས་དཔྱད་ཐབས་བྲལ།  ཡང་རྩོམ་པ་གསལ་ཡང་སུ་ཡིན་ངོས་འཛིན་མི་ཐུབ་པ་<<ལྷ་ཆེན་ནགས་ལྷ་ཛམ་བྷའི་བསང་མཆོད་རྒྱས་པ་>>ཞེས་པ་མཛད་བྱང་དུ་“དྭགས་བཙུན་ཙནྜའི་མིང་གིས་སྦྱར་བ། ”ཞེས་པ་ད་ལྟ་འབྲོང་ངུར་དགེ་སློང་ཀར་བསྟན་ཕྱག་དཔེའི་ནང་དུ་བཞུགས་པ་ཞིག་ལག་སོང་བྱུང་ཡང་རྩོམ་པ་པོའི་འཁྲུངས་འདས་དང་བརྩམས་དུས།  རྩོམ་ཡུལ་གང་དུ་ཡིན་མིན་གསལ་པོར་མ་ཤེས།  མ་འོངས་པར་བློ་ལྡན་ཚོས་སུ་ཡིན་ངོ་སྤྲོད་གནང་སྐྱོང་ཡོང་པར་རེ་སྒུག་བྱ་རྒྱུ་ལས་ཐབས་གཞན་མ་བྱུང་།

Related Articles