སྙིང་སྟོབས།
འདི་ནི་ནོར་བུ་བསམ་གྲུབ་ཀྱིས་མཛད་པའི་བརྡ་སྤྲོད་བློ་གསར་ཉེར་མཁོ་དང་བསྟུན་ནས་བསྒྲིགས་པ་ཡིན།
༡༽ རབ་བྱུང་བཅུ་བཞི་པའི་ས་སྦྲུལ། སྤྱི་ལོ་ ༡༨༠༩། གཙང་གཡས་རུའི་བྱེ་བྲག་བཀྲིས་དགེ་འཕེལ་གྱི་ཉེ་འདབས་བཞད་ཅེས་པའི་ཡུལ་དུ་འཁྲུངས། ཡབ་དྷརྨ་བྷ་དྲའི་གཅུང་བཀྲིས་དང་། ཡུམ་ཚེ་རིང་སྲིད་ཆོས་སོ། མཚན་ལ་འཇམ་དབྱངས་རྡོ་རྗེ་ཞེས་གསོལ།
༢༽ དགུང་ལོ་ལྔ། ཁུ་བོ་དྷརྨ་བྷ་དྲའི་དྲུང་དུ་འབྲི་ཀློག་བསླབས།
༣༽ དགུང་ལོ་དྲུག སྦྱོར་ཀློག་བློ་འཛིན་སོགས་ལ་ཐོགས་པ་མེད་པར་གྱུར།
༤༽ དགུང་ལོ་བཅུ་གཅིག རབ་བྱུང་བཅུ་བཞི་པའི་ས་ཡོས། སྤྱི་ལོ་ ༡༨༡༩། བཀྲིས་དགེ་འཕེལ་དགོན་དུ་ཕེབས་ནས་གྲྭ་པ་མཛད། དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མདུན་དུ་སྐྲ་ཕུད་ཕུལ། བློ་བཟང་ཆོས་འཕེལ་དུ་མཚན་གསོལ།
༥༽ དགུང་ལོ་བཅུ་གཉིས། རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག སྤྱི་ལོ་ ༡༨༢༠། དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་མི་ལའི་རྣམ་མགུར་སོགས་གཞུང་མང་མཐར་ཕྱིན་པར་སྦྱངས།
༦༽ དགུང་ལོ་བཅུ་དགུ། བླ་མ་དྷརྨ་བྷ་དྲའི་ཞབས་བཏུགས་ཀྱིས་སྒྲ་རྩིས་སྙན་གསུམ་དང་། མདོ་སྔགས་ཀྱི་གཞུང་ཆེན་མོ་གསན་འགོ་ཚུགས།
༧༽ དགུང་ལོ་སོ་བཞི། བླ་མའི་དྲུང་ནས་སྙན་ངག་དང་། སྒྲ་ཀཱ་ལ་པའི་རྒྱུགས་ཕུལ། བླ་མས་ཐུགས་མཉེས་ཆེན་པོས་ལེགས་སོ་དང་ལྷ་རྫས་སྲིད་དུ་རིང་བ་མགུལ་དུ་བསྩལ་ཏེ་ཀུན་བཤད་ཀྱི་མཚན་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གནང་། ཟླ་བ་བཞི་པར་བླ་མའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། དེ་ནས་བཟུང་འདུལ་བའི་སྐོར་གྱི་གཟབ་ཁྲིད་རྒྱ་མཚོ་ལྟ་བུ་གསན། རིག་གནས་ཆེ་ཕྲ་ཀུན་ལ་མཁས་པའི་ཡང་རྩེར་སོན། བླ་མའི་གསུང་རྩོམ་འགའི་ཡི་གེའང་ཁོང་གིས་མཛད།
༨༽ དགུང་ལོ་ཞེ་གསུམ། རབ་བྱུང་བཅུ་བཞི་པའི་ལྕགས་ཕག ༼སྤྱི་ལོ་ ༡༨༥༡༽ ལོའི་ཟླ་བ་བཞི་པའི་ཚེས་བརྒྱད། བླ་མ་དམ་པ་སྐུ་བཤེགས། ཁོང་གི་པུར་ཁང་བརྩིགས་པ་དང་། དངུལ་གྱི་གདུང་རྟེན་བཞེངས་པ་སོགས་དགོངས་རྫོགས་ཀྱི་བྱ་བ་ལེགས་པར་བསྒྲུབས། བླ་མའི་རྗེས་འཛིན་མཛད་ནས་གདན་ས་ ༼བཀྲིས་དགེ་འཕེལ་དགོན་ཡིན་པ་འདྲ།༽ རྒྱ་བསྐྱེད་དང་། སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད། བླ་མའི་གསུང་འབུམ་པར་དུ་བརྐོས།
༩༽ དགུང་པོ་རེ་གཅིག རབ་བྱུང་བཅོ་ལྔ་པའི་ས་སྦྲུལ། སྤྱི་ལོ་ ༡༨༦༩། དབུས་སུ་ཕེབས། དགོན་གནས་དང་རྟེན་ཁྱད་འཕགས་ལ་ཕྱག་མཆོད་དང་བླ་དཔོན་ཆེན་པོ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ།
༡༠༽ དགུང་ལོ་རེ་གཉིས། ཕྱིར་གདན་སར་ཕེབས། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། གངས་ཅན་མཁས་པ་ཡོངས་ཀྱིས་གཙུག་གི་ཏོག་ལྟར་བཀུར།
༡༡༽ སློབ་མ། རྗེ་དྲུང་སངས་རྒྱས་རྒྱ་མཚོ། ཆབ་མདོ་འཕགས་པ་ལྷ། ཆུ་བཟང་ཧུ་ཐོག་ཐུ་བློ་བཟང་འཇིགས་མེད་སོགས་བླ་ཆེན་མཁས་མཆོག་ཤིན་ཏུ་མང་།
༡༢༽ བརྩམས་ཆོས། གསང་སྔགས་སྒྲུབ་ཐབས་སྐོར། ཐུན་མོང་གི་རིག་གནས་སྙན་ངག་སུམ་རྟགས་སྐོར་སོགས་པོ་ཏི་གསུམ་བཞུགས།
༡༤༽ དགུང་ལོ་དོན་དགུ། རབ་བྱུང་བཅོ་ལྔ་པའི་མེ་ཕག ༼སྤྱི་ལོ་ ༡༨༨༧༽ ལོའི་ཟླ་བ་བཅུ་པའི་ཚེས་དྲུག དགོངས་པ་རྫོགས། ༡༢/༡༡/༢༠༡༣།
རྩོམ་ཡིག་འདི་ཐེངས་ 1863 བཀླགས་འདུག