སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག  །སྦྲ་ནག་གྲུ་བཞིའི་ཁྱིམ་གཞིས་ལས་གྲུབ་པའི་སྐད་ཡིག།

མཐོ་སྒང་འདི་ཡི་གཞི་འཛིན་དུ་གྱུར་པའི་སྐད་ཡིག  །ཐོན་མིའི་ཞལ་ཁྱིམ་དྲོ་མོ་ལས་བྱུང་བའི་སྐད་ཡིག།

བོད་ཀྱི་སྐད་ཡིག་་་་་་་་་་
ཁྱོད་ནི་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་ལྡན་ལ།  །ཁྱོད་ནི་ནང་བསྟན་འདི་ཡི་གཞི་འཛིན་གྱི་མ་མ་ཡང་ཡིན།།
ཁྱོད་ནི་མི་རིགས་ཀྱི་ལོ་རྒྱུས་གྱི་དཔང་པོ་དང་ལྡན་ལ།  །ཁྱོད་ནི་དུས་རབས་ཉི་ཤུ་པའི་ཞི་བདེའི་ཕོ་ཉ་ཡང་ཡིན།།

བོད་ཀྱི་སྐད་ཡིག་་་་་་་་་་
བོད་ཀྱི་སྐད་ཡིག་ཁྱོད་མེད་ན་བོད་མིའི་ཚེ་སྲོག་མེད་ལ།  །བོད་ཀྱི་སྐད་ཡིག་ཁྱོད་མེད་ན་བོད་མིའི་ངོ་བོ་ཡང་མེད།།
བོད་ཀྱི་སྐད་ཡིག་ཁྱོད་མེད་ན་བོད་མིའི་རྒྱུན་འཛིན་མེད་ལ།  །བོད་ཀྱི་སྐད་ཡིག་ཁྱོད་མེད་ན་བོད་མིའི་ཤེས་རིག་ཡང་མེད།།

བོད་ཀྱི་སྐད་ཡིག་་་་་་་་་་
ཁྱོད་ཡོད་ན་བོད་མི་རིགས་ཀྱི་དར་རྒྱས་ཡོད་ལ།  །ཁྱོད་ཡོད་ན་བོད་མི་རིགས་ཀྱི་ངོ་བོ་ཡང་ཡོད།།
ཁྱོད་ཡོད་ན་བོད་མི་རིགས་ཀྱི་ལ་རྒྱ་ཡོད་ལ  །ཁྱོད་ཡོད་ན་བོད་མི་རིགས་ཀྱི་མཚོན་བྱེད་ཀྱང་ཡོད།།

བོད་ཀྱི་སྐད་ཡིག་་་་་་་་་་
བོད་ཀྱི་སྐད་ཡིག་ཁྱོད་ནི་བོད་མིའི་ཚེ་སྲོག་ཡིན་ལ།  །བོད་ཀྱི་སྐད་ཡིག་ཁྱོད་ནི་མཐུན་འབྲེལ་གྱི་རྩ་བ་ཡིན།།
བོད་ཀྱི་སྐད་ཡིག་ཁྱོད་ནི་ཡར་ཐོན་གྱི་གཞི་ལྡན་ཡིན།  །བོད་ཀྱི་སྐད་ཡིག་ཁྱོད་ནི་ལ་རྒྱའི་ངོ་བོ་ཡང་ཡིན༌།།

མདོར་ན་གནས་ལུགས།།
མི་རིགས་ལོ་རྒྱུས་ཡུན་རིང་གནས་དགོས་ན།  །སྐད་ཡིག་བེད་སྤྱོད་གོང་འཕེལ་གཏོང་དགོས་ལ།།
མི་རིགས་ལོ་རྒྱུས་རྩ་མེད་གཏོང་དགོས་ན།  །སྔོན་ལ་སྐད་ཡིག་མེད་པར་བཟོ་དགོས་སོ།།

བདེན་པའི་གནས་ལུགས།།
བདེན་པའི་ཚིག་གི་དྲང་པོའི་ལམ་སྟོན་པས།  །རང་རེའི་སྐད་ཡིག་སྨྲ་བའི་གངས་ཅན་པ།།
རང་རེའི་སྐད་ཡིག་གཙང་མ་སེམས་ལ་ཟུངས། །རང་ཉིད་རྒྱལ་བའི་གནས་ལ་འགོད་པར་བརྩོན།།

འབྲོང་གྲྭ་སྐལ་བཟང་རྒྱལ་མཚན།

རྩོམ་ཡིག་འདི་ཐེངས་ 10564 བཀླགས་འདུག

 

Related Articles