སུམ་རྟགས་དག་གསུམ་སྐོར་ལ་སྦྱང་དགོས་ཚུལ།

བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བར་སུམ་རྟགས་དག་གསུམ་སྐོར་ལ་སྦྱང་དགོས་ཚུལ་དང་།
ཇི་ལྟར་སྦྱང་ན་དགེ་མཚན་དང་ཕན་རླབས་ཆེ་བའི་སྐོར།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
བཀྲ་ཤིས་རྒྱལ་མཚན།

ཐོག་མར་བརྡ་སྤྲོད་རིག་པའི་བགྲོ་གླེང་ལ་ཕེབས་མཁན་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན། མཁྱེན་གསལ་ལྟར་གུས་པའི་གཏམ་བཤད་ཀྱི་བརྗོད་གཞི་ནི། "བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བར་སུམ་རྟགས་དག་གསུམ་སྐོར་ལ་སྦྱང་དགོས་ཚུལ་དང་། ཇི་ལྟར་སྦྱང་ན་དགེ་མཚན་དང་ཕན་རླབས་ཆེ་བའི་སྐོར།"ཞེས་པ་དེ་ཡིན་པ་དང་། དེ་ཡང་སུམ་རྟགས་དག་གསུམ་བསླབ་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བར་ཕན་ཚུལ་དང་དེ་ཇི་ལྟར་་སྦྱང་ན་དགེ་མཚན་ཆེ་ཚུལ་སྐོར་དོན་གནད་གསུམ་གྱི་སྒང་ནས་བཤད་པར་བྱ།

གཅིག བོད་ཀྱི་རིག་གནས་སྤྱི་ལ་བལྟོས་ནས་སྦྱང་དགོས་ཚུལ།
སྤྱིར་བོད་ལ་རིག་གནས་ཆེ་བ་ལྔ་ཡོད་པ་དང་། དེ་དག་གི་ཁྲོད་དུ་སུམ་རྟགས་གཉིས་ཀྱིས་གོ་ས་ཅི་འདྲ་ཞིག་བཟུང་ཡོད་མེད་ནི་གཤམ་གསལ་ལྟར་ཡིན།

རིག་གནས་ཆེ་བ་ལྔ།  སྒྲ་རིག་པ།  ཚད་མ་རིག་པ།  བཟོ་རིག་པ།  གསོ་བ་རིག་པ།  ནང་དོན་རིག་པ།
རིག་གནས་ཆུང་བ་ལྔ།  སྡེབ་སྦྱོར།  ཟློས་གར།  མངོན་བརྗོད།  སྙན་ངག །  སྐར་རྩིས།

སྤྱིར་ཡོངས་གྲགས་སུ་སུམ་རྟགས་(དག་ཡིག་ནི་སུམ་རྟགས་གཉིས་ལས་འཕྲོས་)ཞེས་འབོད་པའི་གཞུང་འདི་གཉིས་ནི། གཞུང་ཚན་དང་།(ཚིག་ཚོགས་ཉུང་བ་)ནང་དོན།(གནད་དུ་བསྡུད་པ།)རྗོད་བྱེད་(རྗོད་བྱེད་ཚིག་གོ་སླ་བ་)གང་གི་ཐད་ནས་ཀྱང་ཧ་ཅང་སྟབས་བདེའི་རང་བཞིན་ཅན་ཞིག་ཡིན་ན་ཡང་། སྔར་རྒྱ་བོད་དུ་གྲགས་པའི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གྱི་སྒྲ་རིག་པ་ཞེས་པ་ནི་གཞུང་འདི་ཉིད་ཡིན་པས་གལ་ཆེ་བ་དང་།་རིག་གནས་ཆུང་བ་ལྔའི་ནང་གི་སྐར་རྩིས་ཕུད་པའི་གཞན་ཐམས་ཅད་འདིའི་ཁོངས་གཏོགས་ཡིན་པས་དེ་བས་ཀྱང་གལ་འགངས་ཆེ་བ་སོགས་རྒྱུ་མཚན་གང་གི་ངོས་ནས་བཤད་ཀྱང་། རིག་གནས་ཆེ་བ་ལྔའི་ནང་ནས་ཀྱང་བརྡ་སྤྲོད་ཀྱི་གཞུང་འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན་ལ། འདིས་བོད་ཀྱི་ཤེས་རིག་ཁྲོད་དུ་གཞན་གང་གིས་ཀྱང་བསྒྲུན་དུ་མེད་པའི་གོ་ས་ཆེན་པོ་བཟུང་ཡོད། སུམ་རྟགས་གཉིས་ལེགས་པོ་ཞིག་མ་ཤེས་པར་བོད་ཀྱི་རིག་གཞུང་ལེགས་པོ་ཞིག་ཤེས་ཐབས་མེད་ལ། བོད་ཀྱི་རིག་གཞུང་ལ་འཐུས་ཚང་དང་ཡར་རྒྱས་མེད་ཚེ་དེའི་གཞི་རྟེན་དུ་གྱུར་པའི་སྐད་ཡིག་ལ་ཡང་ཡར་རྒྱས་ཡོང་མི་སྲིད། དེ་བས་བོད་ཀྱི་རིག་གནས་སྤྱི་ལ་བལྟོས་ནས་བཤད་ན། བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བར་སུམ་རྟགས་གཉིས་མ་སྦྱངས་ཐབས་མེད་ཡིན། དཔེར་ན་སྐད་ཡིག་ནི་སྒྲོན་མེ་ལྟ་བུ་དང་རིག་གཞུང་ནི་དེའི་མར་ཁུ་ལྟ་བུ་ཡིན་པ་དང་། སྒྲོན་མེ་མུ་མཐུད་དེ་འབར་མིན་ནི་དེའི་སྲོག་ཏུ་གྱུར་བའི་མར་ཁུ་ལ་ཐུག་ཡོད་པ་ཇི་བཞིན། སྐད་ཡིག་གནས་མིན་དང་ཡར་རྒྱས་ཡོང་མིན་དེ་དེའི་སྲོག་ཏུ་གྱུར་པའི་རིག་གཞུང་ལ་ཡར་རྒྱས་ཡོད་མེད་ལ་ཐུག་ཡོད། སྐད་ཡིག་ཡར་རྒྱས་ཡོང་མིན་དེ་ངེས་པར་དུ་རིག་གཞུང་སྤྱིའི་གནས་བབ་ཀྱི་སྒང་ནས་བལྟ་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན། རྒྱུ་མཚན་དེའི་ཕྱིར་ན་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་རྟགས་གཉིས་ནི་རིག་པའི་གནས་བཅུ་ཡི་ཁྲོད་དུ་གལ་འགངས་ཆེན་པོ་ཡིན་པར་མ་ཟད། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་རིག་གཞུང་གི་རྟེན་གཞི་ཡིན་པ་དང་སུམ་རྟགས་གཉིས་ནི་བོད་ཀྱི་སྐད་ཡིག་གི་གཞུང་ལུགས་ཡིན་པའི་ཆ་ནས་རིག་གཞུང་སྤྱི་ལ་བལྟོས་ནས་བཤད་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་མིན་དེ་སུམ་རྟགས་གཉིས་ཀྱི་གོ་རྟོགས་ཡར་རྒྱས་ཡོང་མིན་ལ་འབྲེལ་བ་དམ་ཟབ་ཡོད།

གཉིས། བྱེ་བྲག་བོད་ཀྱི་སྐད་ཡིག་གི་གཞུང་ལུགས་ཡིན་པའི་ཆ་ནས་སྦྱང་དགོས་ཚུལ།
བོད་ཀྱི་སྐད་ཡིག །  མིང་ཚིག  ། བྱ་ཚིག ། ཚིག་ཕྲད།
དག་ཡིག །མིང་ཚིག ། རྟགས་འཇུག །བྱ་ཚིག ། སུམ་བཅུ་པ། ཚིག་ཕྲད།

མདོར་བསྡུས་ཏེ་བཤད་ན་བོད་ཀྱི་སྐད་ཡིག་ནི་གོང་གསལ་གྱི་མིང་ཚིག་དང་། བྱ་ཚིག །ཚིག་ཕྲད་གསུམ་གྱིས་གྲུབ་ཡོད། དེ་དག་ལས་གཅིག་མ་ཚང་ན་དོན་ཆ་ཚང་ཞིག་སྟོན་མི་ནུས། དེ་ཡང་མིང་གི་སྐོར་མ་ཤེས་ན་སྐད་ཆ་བཤད་ཐབས་མེད་ལ་ཡི་གེ་འབྲི་ཐབས་མེད། དཔེར་ན་ཁང་པ་མ་ཤེས་ན་ཁང་པའི་སྐོར་གྱི་སྐད་ཆ་བཤད་ཐབས་མེད་ལ་ཡི་གེ་འབྲི་ཐབས་མེད། མིང་ཚིག་དག་པོ་ཞིག་འབྲི་མ་ཤེས་ན་དོན་ཡང་དག་ཅིག་སྟོན་མི་ནུས། དཔེར་ན། ཁང་པ་ལ་ཁངས་པ་ཞེས་བརྗོད་ཚེ་དོན་ཡང་དག་ཅིག་སྟོན་མི་ནུས་པས་དག་ཡིག་སྦྱང་རྒྱུ་གལ་ཆེ་བ་རེད། ཕྲད་ཀྱི་སྐོར་ནི་སུམ་ཅུ་པར་བཤད་ཡོད་དེ། དཔེར་ན། ལྗོན་དབང་ལས། ས་སུ་ག་བ་དྲག་མཐར་ཏུ།། ང་ད་ན་མ་ར་ལ་དུ།། འ་དང་མཐའ་མེད་ར་དང་རུ།། ཞེས་སོགས་ཀྱིས་ཚིག་ཕྲད་ཀྱི་རྣམ་གཞག་གཏན་ལ་ཕབ་ཡོད་པ་དང་། ཚིག་ཕྲད་དེ་དག་མེད་ཚེ་སྐད་ཆ་ཆ་ཚང་ཞིག་བཤད་ཐབས་མེད། དཔེར་ན། ཁང་པའི་ནང་དུ་མི་གཅིག་གིས་གཏམ་བཤད་བྱས་ཞེས་པ་ལ་ཁང་པ་ནང་མི་གཅིག་གཏམ་བཤད་བྱས་ཟེར་བ་ལྟ་བུ་རེད། དེ་བས་ཕྲད་ཀྱི་རྣམ་གཞག་ཤིན་ཏུ་གལ་ཆེ་བ་ཡིན།       བྱ་ཚིག་མེད་ཚེ་བྱ་དངོས་གང་གི་ཡང་འགུལ་བསྐྱོད་སྟོན་མི་ནུས། དཔེར་ན།་བརྩེགས་ཞེས་པའི་བྱ་ཚིག་མ་ཤེས་ཚེ་ཁང་པ་བརྩེགས་པའི་འགུལ་བསྐྱོད་ཀྱི་སྐོར་བཤད་མི་ཤེས་པ་ལྟ་བུ་རེད། དེ་བས་བྱ་ཚིག་ཀྱི་སྐོར་ནི་རྟགས་འཇུག་གི་ནང་དུ་བཤད་ཡོད། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟར་ཆེད།།མོ་ནི་བདག་ད་མ་འོངས་ཕྱིར།།ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།ཞེས་སོགས་ཀྱིས་བསྟན་ཡོད། དེ་བས་རྟགས་འཇུག་གི་གོ་རྟོགས་མེད་ཚེ་བྱ་ཚིག་ལེགས་པོ་ཞིག་བཀོལ་མི་ཤེས་བས་འདི་ཡང་གལ་ཆེ་བ་ཡིན།

གསུམ་པ། ཇི་ལྟར་སྦྱོང་ན་དགེ་མཚན་ཆེ་བའི་སྐོར།
གཅིག ། སུམ་རྟགས་དག་གསུམ་ཇི་ལྟར་སྦྱོང་ན་དགེ་མཚན་ཆེ་ཚུལ་སྐོར་ནི། དང་པོ་སུམ་རྟགས་དག་གསུམ་གྱི་རྩ་ཚིག་ངག་ལ་འཛིན་དགོས། འདི་ནི་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱེད་ཕྱོགས་ཀྱི་སྤྱི་སྲོལ་ལྟ་བུ་ཞིག་ཡིན་ཏེ། གཞུང་བཀའ་པོད་ལྔ་(ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ།) ་སོགས་རིག་པའི་གནས་གང་ཡིན་ཀྱང་རྩ་ཚིག་གཞི་རྐང་དུ་བཟུང་ནས་སྦྱོང་བར་བྱེད་པ་རེད།་གཉིས་པ། རྩ་ཚིག་ངག་ལ་གོམས་བྱང་དུ་གཏོང་དགོས། དེ་ཡང་ངག་ལ་ཡོད་པའི་རྩ་ཚིག་དེ་ཡིས་གཞུང་ལུགས་དང་ལག་ལེན་གཉིས་ལ་འབྲེལ་མཐུན་བྱེད་དགོས་པས། རྩ་བ་ངག་ལ་འཇུས་པ་ཙམ་མིན་པར་ངག་ལ་གོམས་བྱང་དུ་སོང་བ་ཞིག་ཡོད་དགོས། དེ་ལྟར་མེད་ཚེ་རྩ་བའི་གཞུང་ལུགས་ལག་ལེན་དུ་འདེབས་པར་དཀའ་པ་རེད། དཔེར་ན། ས་ཡི་རྗེས་ལ་སུ་ཐོབ་པ་དང་། ག་དང་། བ། ད་དྲག་གི་རྗེས་སུ་ཏུ་འཐོབ་པའི་ཐོབ་ཐང་གི་རྣམ་གཞག་དེ་ལག་ལེན་གྱི་ཁྲོད་ནས་ནོར་འཕྱུག་མེད་པ་ཞིག་འབྲི་བ་ལ། ངག་ལ་གོམས་བྱང་དུ་སོང་བའི་རྩ་ཚིག་གི་རམ་འདེགས་བྱ་ཐུབ་པ་རེད། དེ་ཡང་ས་སུ་ག་བ་དྲག་མཐར་ཏུ།། ཞེས་སོགས་ཀྱིས་རྩ་ཚིག་ངག་ལ་གོམས་བྱང་དུ་སོང་ཡོད་ཚེ་ལག་ལེན་ཁྲོད་ཧ་ཅང་སྟབས་བདེ་བ་མྱོང་བས་གྲུབ་བོ། འདི་ལྟར་བྱས་ན་སུམ་རྟགས་དག་གསུམ་སྦྱངས་བ་དང་། དེའི་འབྲས་བུ་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་དེ་ལག་ལེན་ལ་འདེབས་པར་ཕན་པ་ཆེ་བ་ལ་ནུས་པ་ཐོན་པར་འདོད་དོ།།

ཉིས་སྟོང་བཅོ་ལྔའི་ཟླ་བ་གཉིས་པའི་ཚེས་ཉེར་གཅིག་ལ་ས་རྭ་མཐོ་སློབ་ཏུ་བྲིས།།

 

རྩོམ་ཡིག་འདི་ཐེངས་ 1344 བཀླགས་འདུག

Related Articles