དགོས་ཆེད་ལ་རགས་ཙམ་དཔྱད་པ།

མཚམས་སྤྲིན་གསར་པའི་བླ་གོས་ཀྱིས་མཛེས་ལྷུན་ཆགས་རི་བོ་འགྱིངས་བའི་སྤོར། །མཁྱེན་རབ་རལ་གྲིའི་འོད་ཞགས་ཀློང་ནས་ཡེ་ཤེས་མེ་དཔུང་བཀྱེ་བ་ན། །

རྨོངས་མུན་ཚང་ཚིང་སྐད་ཅིག་གཞོམ་བཞིན་སྨྲ་བ་ངག་གི་སྒོ་དབྱེ་བར། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་བྱོན་རྒྱལ་ཀུན་ཡབ་ཅིག་འཇམ་དཔལ་དབྱངས། །

གྲངས་མེད་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཡིད་འོངས་ཆུ་སྐྱེས་གཞོན་ནུ་མའི། །
འཇམ་མཉེན་ཕྱག་གི་འདབ་མ་གཡོ་བས་རྒྱུད་མངས་འབུམ་ཕྲག་བསྐྱོད་པ་ན། །
སྙན་འཇེབས་དྲི་ཟའི་གླུ་རུ་འཁྲུལ་བའི་ཏམ་བུ་ར་ཡི་སྒྲ་བརྒྱ་བརྩེགས། །
འཇོ་སྒེག་གར་ལྡེམ་འཁྲི་ཤིང་བསྐྱོད་འདྲ་དབྱངས་ཅན་མ་ཀྱེ་སྙིང་དུ་བརྩེན། །

གཏིང་མཐའ་དཔག་དཀའ་སྒྲ་ཚད་རྒྱ་མཚོ་བརྩོན་པའི་མགྱོགས་འགྲོས་བསྲུབས་པ་ལས། །
དབྱངས་གསལ་ཉི་ཟླའི་རྣ་ཆ་གཡོ་བའི་འཇུག་བཞིའི་ཆུ་གཏེར་སྐ་རགས་བཅིངས། །
སྒྲ་སྦྱོར་གཟའ་ཆེན་བརྒྱད་དུ་གྲགས་པའི་བརྡ་སྤྲོད་བརྩམས་པའི་སྟོད་གཡོགས་ཅན། །
བཀའ་དྲིན་དཔལ་གྱིས་མངོན་པར་མཐོ་བའི་ལོ་ཆེན་ཐོན་མི་ལྷུན་པོ་རྒྱལ། །

དེ་ཡང་གང་བརྗོད་པར་བྱ་བ་ནི། སེར་བྱེས་དགེ་བསྐོས་མཆོག་དང་ལྗང་རླུང་ཚོགས་པ་ཐུན་མོང་ནས་རིག་གནས་བགྲོ་གླེང་ཐེངས་དང་པོ་གོ་སྒྲིག་གནང་བའི་རྩོམ་གཞིར་གསེར་ཕྲེང་དུ་ཤེར་ཕྱིན་ལ་ཕྱག་འཚལ་ལོ་ཞེས་པའི་ལ་ཡིག་རྣམ་དབྱེ་བཞི་པར་བཞག་པ་དང༌། མུ་ཏིག་ཕྲེང་མཛེས་སུ་དཀོན་མཆོག་དེ་ལ་ཕྱག་འཚལ་ལོ་ཞེས་པའི་ལ་ཡིག་གཉིས་པར་བཞག་པ་གཉིས་ཀྱི་ཁྱད་པར་ཅུང་ཙམ་དཔྱད་ན། མུ་ཏིག་ཕྲེང་མཛེས་ལས། བཞི་པའི་སྤྱིར་བཏང་གི་དོན་སྦྱིན་པའི་སྣོད་ལ་སོགས་པ་བྱ་བ་གང་ཡིན་ཡང་བྱ་ཡུལ་དེའམ་དེ་དང་འབྲེལ་བའི་དོན་དུ་སོང་བ་ཞིག་དགོས་པ་ལས་ཡུལ་ཁྱད་པར་ཅན་ལ་ཕྱག་བྱེད་པ་ནི་ཕྱག་བྱེད་པོ་ཉིད་དམ་དེ་དང་འབྲེལ་བའི་དོན་ལས་ཕྱག་ཡུལ་དེའི་ཆེད་དུ་མིན་པ་ནི་གནག་རྫིས་ཀྱང་རྟོགས་སླ་བའི་ཕྱིར་ཕྱག་གི་ཡུལ་ལ་རྣམ་དབྱེ་གཉིས་པ་འཇུག་པ་ལས་འོས་མེད་དོ། །ཞེས་རང་ལུགས་བཞག་ནས་གནས་བརྒྱད་རྩ་འགྲེལ་ལ་དགག་པ་ཇི་སྙེད་ཅིག་མཛད་དོ། །འོན་ཀྱང་རང་ལུགས་བཞག་པའི་སྐབས་སུ་བཞི་པའི་ངོ་བོ་ནི། བྱ་བ་གང་ཞིག་གིས་བྱ་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ཞེས་གསུངས་པ་མཁས་པའི་གསུང་ཉམས་ཤིག་ཡིན་དུ་ཆུག་ཀྱང༌། ཐོན་མིའི་དགོངས་པར་སོང་མིན་བརྟག་དགོས་ཏེ། སུམ་ཅུ་པར། ལས་དང་ཆེད་དང་རྟེན་གནས་དང༌། ཞེས་པས་ཆེད་དུ་བྱ་བའི་དོན་ཅན་ཅིག་གོ་ཡང༌། བྱ་ཡུལ་དང་བྱེད་པོ་གང་གི་ཆེད་དུ་སོང་བ་མི་གསལ་བས་དོགས་པའི་གནས་སུ་གྱུར་བ་དང༌། རྟགས་འཇུག་ལས་ཀྱང༌། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། །ཞེས་པ་སྦྱིན་པས་དགོས་ཆེད་ཅིག་བསྟན་ཀྱང༌། བྱ་ཡུལ་དང་བྱེད་པོ་གང་གི་ཆེད་དུ་བྱས་པ་གསལ་ཁ་མ་བྱུང་བས་སློང་མོ་བའི་ཆེད་དུ་སོང་བ་དང༌། གཏོང་བ་པོའི་ཆེད་དུ་མ་སོང་བ་ཚིག་བརྗོད་འདི་དག་གིས་ཇི་ལྟར་བསྟན་སྙམ་ནས་དོགས་སོ། །སྦྱིན་དང་ཞེས་པའི་ཚིག་འདི་ལ་དཔྱད་དགོས་པ་ཞིག་སྣང་སྟེ། སྤྱིར་སྦྱིན་པ་ལ་ཡུལ་དབུལ་འཕོངས་ཞིག་ལ་སྦྱིན་དགོས་པའི་ངེས་པ་ཅི་ཡང་མེད་ལ། བྱེ་བྲག་སྦྱིན་ཞེས་པའི་ཚིག་གྲོགས་ལ་བྱེད་པོ་དང་བྱ་ཡུལ་གཉིས་དང་འབྲེལ་བས།བྱ་ཡུལ་སློང་ལ་སྦྱིན་ཞེས་འབྲེལ་ཚེ་ལ་དོན་གྱིས་བྱ་ཡུལ་གྱི་དགོས་པ་གཙོ་བོ་སྟོན་པ་དང༌། དེ་ཡང་སློང་མོ་བས་རྙེད་པ་དེའི་དོན་དུ་སློང་བས་དེ་ལ་སྦྱིན་པ་ན་རྙེད་པ་རེག་པ་བྱ་ཡུལ་གྱི་དགོས་པ་ཡིན་ཏེ། རབ་ཏུ་སྦྱོར་སྒོའི་འགྲེལ་པར། བྲམ་ཟེ་སློང་བ་རྙེད་པ་དེའི་ཕྱིར་སློང་བ་ལ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །བྱེད་པོ་དང་འབྲེལ་སྐབས་སློང་མོ་བ་བྱ་བའི་གཞི་བཟུང་ཡང་ཆེད་དུ་བྱ་བའི་ཡུལ་དུ་གཙོ་བོ་མ་བཟུང་བར་སྦྱིན་པའི་འབྲས་བུ་རང་ཉིད་ལ་ལོངས་སྤྱོད་འབྱུང་བ་ཆེད་དུ་བྱ་བའི་ཡུལ་དུ་བཟུང་ནས་སློང་ལ་སྦྱིན་པ་ན། སློང་མོ་བ་སྦྱིན་པའི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་སྦྱིན་པ་སྟོན་བའི་ཆེད་ཡིན་པར་འགྱུར་བས་བཞི་པ་བྱ་བའི་ཆེད་ཀྱི་དོན་དུ་དྲང་དགོས་ཏེ། རབ་ཏུ་སྦྱོར་སྒོའི་འགྲེལ་པར། བྲམ་ཟེ་ལ་བ་ལང་སྦྱིན་པ་ནི་ཆོས་དང་ལྡན་པའོ་ཞེས་གསུངས་པས་བྱ་ཡུལ་དང་བྱེད་པོ་གང་རུང་གི་ཆེད་ཀྱི་དོན་དུ་འགྱུར་བ་ཡོད་པ་མ་ཟད་གཉིས་ཀའི་ཆེད་ཀྱི་དོན་དུ་འགྱུར་བའང་ངེས་པར་དུ་འདོད་དགོས་སོ། །སྤྱིར་འཕགས་ཡུལ་གྱི་བརྡ་སྤྲོད་པའི་གཞུང་ལུགས་དག་ཏུ་དགོས་ཆེད་ལ། ཡང་དག་པར་སྦྱིན་པ་རྣམ་པ་གསུམ་འབྱུང་བས་སློབ་དཔོན་ཐོན་མིས་ཀྱང་སུམ་ཅུ་པའི་སྐབས་སུ་ཆེད་དང་ཞེས་པས་དགོས་ཆེད་དང་རྟགས་འཇུག་ཏུ་སྦྱིན་དང་ཞེས་པས་དགོས་ཆེད་ཀྱི་མཚན་གཞིར་བཟུང་ནས་འཕགས་ཡུལ་བརྡ་སྤྲོད་དང་མཐུན་པར་བསྟན་པ་མཛད་དོ། སྦྱིན་པ་རྣམ་པ་གསུམ་གང་ཞེ་ན། སྦྱོར་སྒོའི་འགྲེལ་པར། སློང་བ་དང༌། རྗེས་སུ་བྱེད་པ་དང༌། སློང་བ་མེད་པ་རྣམས་ལའོ། །སློང་བ་ནི་ཇི་ལྟར་བྲམ་ཟེ་ལ་བ་ལང་སྦྱིན་པ་ནི་ཆོས་དང་ལྡན་པའོ། །བྲམ་ཟེ་སློང་བ་རྙེད་པ་དེའི་ཕྱིར་སློང་བ་ལ་ཞེས་བརྗོད་དོ། །རྗེས་སུ་བྱེད་པ་ནི་ཇི་ལྟར་མགྲོན་པོའི་ཕྱིར་ཤིང་སྦྱིན་པའི་ཚུལ་ཏེ་དེ་དག་གི་ཕྱིར་མ་བསླངས་པར་མགྲོན་གྱིས་ཤིང་གི་རྩ་བ་ཁྱེར་བ་ནི་སེམས་ཀྱི་རྗེས་སུ་བྱེད་པ་ཞེས་བརྗོད་དོ། །སློང་བ་མེད་པ་ནི། མཆོད་རྟེན་ལ་མེ་ཏོག་འབུལ་བའི་སྐྱེས་བུ་ལྟ་བུའོ། །ཞེས་གསུངས་པས། དཔེར་བརྗོད་གསུམ་ཀ་དགོས་ཆེད་དུ་གསུངས་པས་སློང་མཁན་མེད་པར་སྦྱིན་པ། མཆོད་རྟེན་ལ་མེ་ཏོག་འབུལ་བ་བཞི་པ་དགོས་ཆེད་དུ་སོང་བས་བྱེད་པོའི་དོན་དུ་སོང་བ་དགོས་ཆེད་དུ་གསལ་བར་གསུངས་པས་འཕགས་ཡུལ་མཁས་པའི་གསུང་ཉམས་དང་མཐུན་པར་སློབ་དཔོན་གྱི་དགོངས་པར་འབྱོར་བ་རྗེ་བླ་མའི་གསུང་ཚིག །ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ་ཞེས་པ་རྡོ་རྗེའི་གསུང་ཚིག་ཏུ་སྣང་ངོ༌། ། ད་དུང་དཀོན་མཆོག་དེ་ལ་ཕྱག་འཚལ་ཞེས་པའི་ལ་ཡིག་དཀོན་མཆོག་གི་ཆེད་དུ་མ་སོང་བ་གསུངས་པ་ནི་དེའི་ཆེད་དུ་སོང་ན་དེ་ལ་ཕན་དགོས་པར་རང་ལུགས་སུ་བཟུང་བའི་དབང་གིས་ཡིན་ནོ། །ཕྱག་འཚལ་བས་ཕྱག་ཡུལ་ལ་མི་ཕན་པ་འདོད་པ་བདེན་མོད་ཕྱག་ཡུལ་གྱི་ཆེད་དུ་སོང་བ་ལ་འགལ་བ་ཅི་ཡང་མེད་དོ། ། ཕྱག་མཁན་གྱིས་དགོས་པ་གཉིས་མཐོང་ནས་ དགོས་པ་དེ་ཆེད་དུ་བྱ་བའི་ཡུལ་དུ་བཟུང་ནས་དེའི་ཆེད་དུ་ཕྱག་འཚལ་བས་དཀོན་མཆོག་གི་ཆེད་དུ་འགྱུར་བའི་ཕྱིར་ཏེ། དཔེར་ན་དངུལ་གྱི་ཆེད་དུ་བརྩོན་པ་བྱེད་པ་དེས་དངུུལ་ལ་མི་ཕན་ཡང་དངུལ་གྱི་ཆེད་དུ་འགྱུར་ཏེ་དངུལ་གྱི་འབྲས་བུ་མཐོང་ནས་འབྲས་བུ་དེ་ཆེད་དུ་བྱ་བའི་ཡུལ་དུ་བཟུང་ནས་དོན་དུ་གཉེར་བ་དངུུལ་གྱི་ཆེད་དང༌། བྱ་བ་དེས་དངུལ་ཐོབ་པ་ལ་བརྟེན་ནས་བྱེད་པ་པོ་དངུལ་གྱི་འབྲས་བུ་ལ་ལོངས་སྤྱོད་རྒྱུ་བྱུང་བས་འབད་བརྩོན་བྱེད་པ་དངུལ་གྱི་ཆེད་དུ་སོང་བ་ཡིན་ནོ། །དོན་འདི་དག་ལ་བརྟེན་ནས་རྗེ་བླ་མས་ཀྱང་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པར་ལྟར། ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ། །ཞེས་པ་ཤེར་ཕྱིན་ལ་ཕྱག་འཚལ་བའང་ཤེར་ཕྱིན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེད་དང་མཆོད་བརྗོད་ཀྱི་གདུལ་བྱའི་ཆེད་ཡིན་པར་འགྱུར་བས་བཞི་པ་ཡིན་ཞེས་པའོ། །སྡོམ་ལས་ཀྱང༌། རང་དོན་དགོས་པ་བསོད་ནམས་དཔག་མེད་བསྐྱེད། །བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་འགྱུར། །གཞན་དོན་དགོས་པ་གདུལ་བྱས་དམ་པར་གོ །དེ་ཡི་དགོས་པས་དད་འབྲངས་ཆོས་ལ་འཇུག །ཞེས་དང༌། འགྲེལ་བར་འཕགས་པ་བྱམས་པ་རང་ཉིད་ཅེས་སོགས་དང་གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ལ་དོན་གྱི་འཇུག་པ་བྱ་བའི་ཕྱིར་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ་ཞེས་དང༌། དང་བ་དེ་བྱང་ཆུབ་ཀྱི་དང་པོའི་རྒྱུ་རུ་གཟིགས་ནས་དེ་བསྐྱེད་པའི་ཐབས་སུ་མཆོད་བརྗོད་མཛད་དོ། ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པ་ལྟར་ཞེས་པའི་གོང་གི་དཔེ་དྲངས་པ་འདིས་ལ་ཡིག་ཤིང་གི་ཆེད་དུ་སྦྱར་བ་བཞི་པའི་དོན་ཅན་བསྟན་པས་ཤིང་སྨིན་པ་དང་རྒྱས་པའི་ཆེད་དུ་ཆུ་འདྲེན་པའི་དགོས་པ། ཤིང་སྨིན་པ་དང་རྒྱས་པར་གྱུར་པ་ན། ཀ་བ་ལ་སོགས་པའི་ཤིང་གི་དངོས་པོ་ཆེད་དུ་བྱ་བའི་ཡུལ་དུ་བཟུང་ནས་ཆུ་འདྲེན་པར་སོང་བས་དོན་གྱིས་ཆུ་འདྲེན་པ་པོའི་ཆེད་ཡིན་པར་འགྱུར་བས་བཞི་པ་དང༌། གཞན་གྱི་ཆེད་དུ་དེ་ལྟར་འདྲེན་པ་གཞན་དོན་དགོས་པ་བཞག་ཆོག་པ་དོན་གྱིས་རིགས་མཚུངས་སོ། དོན་གྱི་དབང་འདི་དག་གིས་ཆེད་དུ་བྱ་བའི་དོན་ལ་འཇུག་ཚུལ་མིག་ལེགས་པར་ཕྱེས་འདུག་ཀྱང་ད་དུང་དགོངས་པ་དང་དགོངས་གཞི་གཞན་དུ་འཚོལ་བ་དག་རང་ཉིད་ངལ་བ་ཙམ་དུ་ཟད་དོ། །

 

མཁས་མཆོག་ཉི་ཟླ་རྒྱུ་བའི་ལྷ་ལམ་ན། །མེ་ཁྱེར་སྲིནབུའི་མེ་འབུད་མི་མཁོ་ཡང༌། །
བྱང་བསྟན་ཕུགས་པ་དོགས་པོའི་གྲྭ་ཟུར་ན། །བག་ཉལ་དཀའ་གནད་འབྱུང་བྱ་མཐོང་ཕྱིར་རོ། །

སྤྱི་ལོ་༢༠༡༠ ཕྱི་ཟླ་༩པའི་ཚེས་༢༨ཉིན་སེར་ལྷོ་ནགས་ཤོད་པ་སྐལ་རྒྱན་གྱིས་བྲིས་སོ།།

 

 

 

རྩོམ་ཡིག་འདི་ཐེངས་ 1604 བཀླགས་འདུག


 

Related Articles