རབ་བྱེད་བཅོ་བརྒྱད་པའི་དཔྱད་རྩོམ།

འབྲི་ལྷ་རམས་དགེ་བཤེས་ངག་དབང་ཐོགས་མེད།

ཐེག་གསུམ་བྱང་ཆུབ་བགྲོད་ལ་ལྟ་བའི་མིག །
ཡང་དག་ཇི་བཞིན་གསལ་བར་སྟོན་མཛད་པའི།།
སྟོན་མཆོག་ཤིང་རྟ་ཆེན་པོ་ཡབ་སྲས་དང་།།
འཇམ་མགོན་བླ་མ་སྲས་དང་བཅས་ལ་འདུད།།

རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་ཆོས་ཀྱི་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་དུ། 

མཁས་པའི་བགྲོ་གླེང་གི་སྐབས་སུ། གུས་ལ་བརྗོད་གཞི་རྩ་ཤེས་རབ་བྱེད་བཅོ་བརྒྱད་པའི་དཀའ་གནད་ཞིག་ལ་དཔྱད་རྩོམ་དགོས་ཞེས་བཀའ་གནང་བ་ལྟར། འདིར་རབ་བྱེད་བཅོ་བརྒྱད་པའི་དོན་ལ་ཅུང་ཟད་དཔྱད་ན།། རབ་བྱེད་བཅོ་བརྒྱད་པའི་བརྗོད་བྱ་བསྟན་ཚུལ་ནི།  དབུ་མའི་གཞུང་ཆེ་མོ་རྣམས་སུ་ཆོས་ཅན་སོ་སོ་བ་དཔག་དུ་མེད་པ་ལ་རང་བཞིན་འགོག་པའི་རིགས་པ་ཡང་ཚུལ་དུ་མ་གསུངས་ཀྱང་། འདིར་རྣལ་འབྱོར་པས་ཐོག་མར་འཇུག་པའི་ཚེ། འཇིག་ལྟས་བཟུང་བའི་བདག་དེ་ཕུང་པོ་དང་གཅིག་ཐ་དད་གང་དུ་ཡོད་བརྟགས་ཏེ།  དེའི་ཡུལ་སུན་ཕྱུང་བའི་སྒོ་ནས་བདག་དང་བདག་གི་བ་ལ་རང་བཞིན་མེད་པ་གཏན་ལ་ཕབ་ནས་བསྒོམ་པ་ནི། རབ་བྱེད་འདིའི་དོན་ཡིན་པར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པའི་རྗེས་སུ་འབྲངས་ནས་དཔལ་ལྡན་ཟླ་བའི་འཇུག་པར་གང་ཟག་གི་བདག་མེད་སྟོན་པ་རྣམས་ཀྱང་རབ་བྱེད་བཅོ་བརྒྱད་པ་འདི་ཉིད་རྒྱས་པར་འཆད་པ་ཡིན་ནོ།  འོ་ན་རབ་བྱེད་བཅོ་བརྒྱད་པ་འདིས་བདག་དང་བདག་གི་བ་མེད་པ་གཏན་ལ་འབེབས་པའི་ཚུལ་ཇི་ལྟ་བུ་ཞིག་གོ་སྙམ་ན།  འདི་ལ་ཚིགས་སུ་བཅད་པ་བཅུ་གཉིས་ལས། དང་པོས་ནི་གནད་བཞིའི་སྒོ་ནས་འཇིག་ལྟའི་ཞེན་ཡུལ་འགོག་ཚུལ་བསྟན། འདི་གལ་ཆེ་བ་མཐོང་སྟེ་ཅུང་ཟད་སྤྲོས་ནས་འོག་ཏུ་འཆད་པར་འདོད་དོ།  དེ་ནས་ཚིག་རྐང་གཉིས་ཀྱིས་བདག་གི་བ་ལ་རང་བཞིན་མེད་པ་བསྟན། དེ་ནས་རྐང་པ་གཉིས་ཀྱིས་དེ་འདྲའི་བདག་མེད་རྒྱུན་ལྡན་དུ་བསྒོམས་པས་འཇིག་ལྟ་ལྡོག་པའི་ཚུལ་བསྟན། དེ་ནས་ཚིགས་སུ་བཅད་པ་གཅིག་གིས་བདག་མེད་བསྒོམས་པ་དང་བདག་འཛིན་སྤོང་བའི་རྣལ་འབྱོར་པ་ཡོད་པས་བདག་ཡོད་དོ་ཞེས་རྩོད་པའི་ལན་བསྟན། དེ་ནས་གཅིག་གིས་ཕྱི་ནང་གི་ཆོས་ལ་བདག་དང་བདག་གི་བ་ཟད་པས་ལེན་པ་ཟད་པ་དང་། དེ་ཟད་པས་སྐྱེ་བ་ཟད་པ་བསྟན། དེ་ནས་གཅིག་གིས་རྒྱུ་གང་ཞིག་ཟད་པས་ལས་ཉོན་ཟད་པ་དང་།    དེ་ཟད་པས་ཐར་པ་ཐོབ་པར་བསྟན་ཏོ།   །ཤེས་རབ་སྒྲོན་མར།  སྔ་མ་འདི་ཡན་ཆད་ཀྱིས་ཉན་རང་གི་ཐར་པ་དང་། ཕྱི་མ་འདིས་ཐེག་ཆེན་གྱི་ཐར་པ་བསྟན་པར་འཆད་ལ། བུདྡྷ་པཱ་ལི་ཏ་དང་ཚིག་གསལ་ལས། དེ་གཉིས་ཀས་འཁོར་བ་ལས་གྲོལ་བའི་ཐར་པ་ཐེག་པ་ཆེ་ཆུང་ཐུན་མོང་བ་བསྟན་པར་བཞེད་དོ། །དེ་ནས་གཅིག་གིས་ལུང་དང་མི་འགལ་བ་བསྟན་པ་སྟེ། མདོ་སྡེ་འགའ་ཞིག་ཏུ་བདག་ཡོད་པར་གསུངས་པ་དང་།  ཁ་ཅིག་ཏུ་མེད་པ་བསྟན་པ་དང།   ཁ་ཅིག་ལས་བདག་དང་བདག་མེད་པ་འགའ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་ཀྱང་བསྟན་པ་ནི། གདུལ་བྱ་དམན་པ་རྣམས་ལ་སྐུར་འདེབས་སོགས་སྡིག་པ་ལས་བཟློག་པའི་ཕྱིར་དང་། བར་མའི་གདུལ་བྱ་རྣམས་འཇིག་ལྟ་ལྷོད་པ་དང་མྱང་འདས་ལ་འདུན་པ་བསྐྱེད་པའི་ཕྱིར་དང་། བློ་མཆོག་གི་གདུལ་བྱ་རྣམས་ལ་ཟབ་མོའི་དོན་བསྟན་པར་མཛད་དོ། ཞེས་བདག་ཡོད་པར་གསུངས་པའི་དགོངས་པ་བསྟན་ནས་ལུང་དང་མི་འགལ་བ་བསྟན་ཏོ། དེ་ནས་གཅིག་གིས་དོན་དམ་པར་བརྗོད་མི་ནུས་པའི་རྒྱུ་མཚན་དཔེ་དང་བཅས་པ་གསུངས་སོ།

ཡང་ན་འདི་གོང་དུ་སྤྲོས་པ་སྟོང་ཉིད་ཀྱིས་འགག་པར་བསྟན་པ་ལ། ཇི་ལྟར་འགག་ཚུལ་དྲིས་པའི་ལན་དུའང་བྱའོ། །ཡང་ན་སྔར་ཕྱི་ནང་གི་དངོས་པོ་མ་དམིགས་པའི་དེ་ཁོ་ན་ཉིད་བསྟན་པ་དེ་སྒྲས་བརྗོད་པ་དང་ཤེས་པར་ནུས་སམ་ཞེས་དྲིས་པའི་ལན་དུ་སྦྱར་ཏེ་བཤད་པ་ནི་སྔར་བཞིན་ནོ། །དེ་ནས་གཅིག་གིས་བརྒྱ་པ་ལས། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ།  །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་གདུལ་བྱ་ལམ་ལ་བཀྲི་བའི་རིམ་པ་ལ་མཁས་དགོས་པར་བསྟན་ཏོ། དེ་ནས་གཉིས་ཀྱིས་ལོག་རྟོག་སེལ་བ་ལ་བལྟོས་པའི་དོན་དམ་མཚན་ཉིད་ལྔ་ལྡན་དང་། ཀུན་རྫོབ་མཐའ་གཉིས་དང་བྲལ་བའི་རྟེན་འབྲེལ་གྱི་དོན་བསྟན་ཏོ། དེ་ནས་ཐ་མ་གཉིས་ཀྱིས་སངས་རྒྱས་རྣམས་ཀྱིས་བསྟན་པའི་བདུད་རྩི་དམ་པའི་ཆོས་ཀྱི་སྙིང་པོ། མཐའ་ཐམས་ཅད་དང་བྲལ་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་འདི་ནི་ངེས་པར་འབད་པས་བསྒྲུབ་དགོས་ཏེ། གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ཀྱང་ཕྱི་མར་འབད་པ་མེད་པར་ངེས་པར་འཐོབ་པར་འགྱུར་བའི་ཚུལ་བསྟན་ཏོ། །ད་ནི་སྔར་བསྟན་པའི་གནད་བཞིའི་དོན་ཅུང་ཟད་བཤད་ན། འདི་ལ་བཞི། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད།  གཅིག་བྲལ་དུ་ངེས་པའི་གནད། དུ་བྲལ་དུ་ངེས་པའི་གནད་དང་བཞིའོ། །

དང་པོ་ལ། ཐོག་མར་དགག་བྱ་ངོས་ཟིན་དགོས་པའི་རྒྱུ་མཚན་ཁུངས་དང་བཅས་པ། དགག་བྱ་ངོས་ཟིན་གྱི་ཚད་བསྟན་པ། དེ་ལ་ལུང་རིགས་ཀྱིས་དོགས་པ་དཔྱོད་པའོ། དང་པོ་ནི།  སྤྱིར་དགག་བྱ་ལ་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས་ལས། འདིར་རིགས་པའི་དགག་བྱ་ཡིན་ལ། དེ་ལའང་ཕྱིན་ཅི་ལོག་གི་འཛིན་པ་ལ་དགག་བྱ་དང་། དེས་བཟུང་བའི་ཡུལ་ཡོད་པ་ལ་དགག་བྱར་གསུངས་པ་གཉིས་ལས། འདིར་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཕྱིན་ཅི་ལོག་གི་བློ་ལྡོག་པ་ལ་དེས་གཟུང་བའི་ཡུལ་ཐོག་མར་དགག་དགོས་པས་སོ། དེ་ཡང་ཕྱིན་ཅི་ལོག་ཏུ་འཛིན་པའི་རྟོག་པ་གང་ཡིན་དང་དེས་གཟུང་བའི་ཡུལ་གང་ཡིན་ལ་མི་བྱེད་ཀྱི།  བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པ་ལྟར་འདིར་སྲིད་པའི་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་གཏི་མུག་བདེན་འཛིན་ཡིན་ལ། དེས་གཟུང་བའི་ཡུལ་རིགས་པས་སུན་ཕྱུང་ནས་འགོག་པ་ལ། དཔེར་ན་མདའ་བརྡེག་པ་ལ་འབེན་ངོས་ཟིན་དགོས་ཀྱི་ངོས་མ་ཟིན་པར་མདའ་བརྡེགས་ཀྱང་གནད་དུ་མི་ཐིག་པ་ལྟར། ཐོག་མར་དེ་ལ་ཇི་ལྟར་སྣང་བ་དང་སྣང་བ་ལྟར་དུ་ཞེན་པའི་ཡུལ་གྱི་དགག་བྱའི་སྤྱི་ལེགས་པར་ཤར་ནས་ངེས་པར་ངོས་ཟིན་པ་དགོས་སོ། །

དེ་ཡང་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཆོས་བདག་ཏུ་སྒྲོ་བཏགས་པའི་བདེན་འཛིན་གྱིས་འཛིན་ཚུལ་ཙམ་དང་རང་གི་བློས་བཅོས་ནས་ངོས་བཟུང་བ་ཙམ་གྱིས་མི་ཆོག་པར། ལྷན་སྐྱེས་ཀྱི་བློ་ཐོག་མའི་མ་རིག་པ་འདིས་ཡུལ་ལ་འཇུག་ཚུལ་ལེགས་པོ་ངོས་ཟིན་པ་བྱས་ནས་དེས་གཟུང་བ་ལྟར་གྱི་ཡུལ་དེ་འགོག་པ་གནད་ཀྱི་དོན་ཡིན་ཏེ། ཉེས་སྐྱོན་ཀུན་གྱི་རྩ་བ་ཐོག་མའི་མ་རིག་པ་འདི་ཉིད་ལྡོག་དགོས་པས་སོ།  འོན་ཀྱང་བློ་འདི་ལ་ཡུལ་དེ་སྣང་བ་ཙམ་དང་སྣང་བ་ལྟར་ཞེན་པའི་ཆ་གཉིས་ལས་ཕྱི་མ་འདི་འགོག་པ་ཡིན་གྱི་སྣང་བ་ཙམ་འགོག་མི་རིགས་སྟེ། དེ་བཀག་ན་ཆད་མཐར་ལྷུང་བས་སོ། མདོར་ན་བློ་དེས་གང་ཟག་རང་ངོས་ནས་གྲུབ་པ་འཛིན་པའི་འཛིན་སྟངས་ཀྱི་ཡུལ་འགོག་པ་ཡིན་གྱི། དམིགས་ཡུལ་གྱི་གང་ཟག་ཙམ་འགོག་པ་མིན་ཏེ།  སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག  །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་གང་ཞིག་དགག་པ་དང་གང་ཞིག་མི་དགག་པའི་ཆ་གཉིས་སུ་གསུངས་པ་ལྟར། བློ་ངོར་ལ་ཡང་དེ་གཉིས་ཀྱི་ཁྱད་པར་ངོས་བཟུང་ནས་དགག་སྒྲུབ་ཀྱི་ཚུལ་ཡང་དེ་ལྟར་བྱ་དགོས་ཀྱི།  དེ་ལྟར་མ་བྱས་ཚེ་གང་ཞིག་ཐ་སྙད་དུ་ཡོད་པ་དང་།   གང་ཞིག་མེད་པའི་ཁྱད་པར་མ་ཕྱེ་བར་ཐམས་ཅད་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དུ་སོང་ནས། ཁ་ཅིག་དབུ་མ་པར་ལས་འབྲས་སོགས་མི་འཐད་པས་ཆད་མཐའ་བ་ཞེས་བཀག་ནས་རང་ཉིད་རྟག་པའི་མཐར་ལྟུང་བ་དང་། འགའ་ཞིག་དབུ་མའི་ལྟ་བ་ལ་མོས་པ་སྐད་བྱས་ནས་ལས་འབྲས་སོགས་རིགས་པས་ཁེགས་སོ་ཞེས་རང་ཉིད་ཆད་པའི་མཐར་ལྟུང་བ་ཡང་འདི་འདྲའི་གནད་མ་ཤེས་པའི་སྐྱོན་ལས་མ་འདས་སོ།

དེས་ན་མཐའ་གཉིས་ལས་གྲོལ་བའི་ལྟ་བ་རྣམ་དག་རྙེད་མི་རྙེད་ནི། རིགས་པས་སྒྲུབ་པའིི་སྔ་རོལ་ཏུ་གང་དགག་རྒྱུའི་དགག་བྱ་ངོས་ལེགས་པར་ཟིན་མ་ཟིན་གྱི་གནད་འདི་ལ་ཐུག་པས།  རྗེ་བཙུན་འཇམ་དབྱངས་ཀྱིས་སྣང་སྟོང་ལ་ཉེ་རིང་གཏན་ནས་བྱ་མི་རུང་ཞེས་དང་། སྣང་བ་ལ་གཙིགས་སུ་གྱིས་ཞེས་གདམས་པ་སྟེ། སྣང་བ་ལ་མོས་བློས་སྟོང་པ་ཁྱད་དུ་གསོད་པ་དང་།     སྟོང་པར་མོས་བློས་སྣང་བ་ཁྱད་དུ་གསོད་པ་གཉིས་ཀ་དབུ་མའི་ལྟ་བ་ལས་རིང་དུ་བྱས་པ་ཡིན་ནོ།  ཕྱི་མའི་དོན་ཡང་སྟོང་ཉིད་གཏན་ལ་འབེབས་པ་ན་ཕར་དགག་ཕྱོགས་གཙོ་བོར་མ་བྱས་པར་སྣང་བ་རྟེན་འབྲེལ་ཕྲ་མོའི་འཇོག་ཚུལ་ལ་གཙིགས་ཆེན་པོས་འབད་པར་བྱ་དགོས་ཏེ། ཕར་བཏགས་ཙམ་གྱི་རྟེན་འབྲེལ་ལ་གོ་སྟོབས་ཅི་ཙམ་རྙེད་ཚོད་ཀྱིས།   རང་ངོས་ནས་གྲུབ་པའི་སྣང་ཚུལ་དང་ཞེན་ཚུལ་ཀྱང་དེ་ཚོད་ཀྱི་གོ་བ་ཚེགས་མེད་པར་རྙེད་ཅིང་། མཐར་སྣང་བ་རྟེན་འབྲེལ་ལ་ངེས་པ་དྲངས་སྟོབས་ཀྱིས་དགག་བྱ་ཁེགས་པ་བྱུང་ན། མཐའ་གཉིས་ལས་གཅིག་ཅར་དུ་གྲོལ་བར་འགྱུར་བས། སྣང་བ་ལ་གཙིགས་སུ་གྱིས་ཞེས་པའི་གདམས་པ་འདི་ཚིག་ཉུང་ཡང་མན་ངག་ཆེན་པོར་སྣང་ངོ་། འདིའི་ཚུལ་རྒྱས་པ་དགོངས་པ་རབ་གསལ་གྱི་དགག་བྱ་ངོས་འཛིན་ཐད་ཀྱི་གཞུང་ལས་གསལ་བར་ཡོད་དོ། །དེའི་ཕྱིར་ལྟ་བ་རྟོགས་པའི་སྔ་རོལ་དུ་དགག་བྱ་ངོས་ཟིན་དགོས་པ་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་དབུ་མའི་གཞུང་ཆེ་མོ་རྣམས་སུ་ཡང་ཡང་བྱུང་སྟེ། ལམ་རིམ་ཆེ་མོར། དཔེར་ན།  གང་ཟག་འདི་མི་འདུག་སྙམ་དུ་ངེས་པ་ལ་མེད་རྒྱུའི་གང་ཟག་དེ་ཤེས་དགོས་པ་ལྟར། བདག་མེད་པ་དང་རང་བཞིན་མེད་པ་ཞེས་པའི་དོན་ངེས་པ་ལའང་མེད་རྒྱུའི་བདག་དང་རང་བཞིན་དེ་ལེགས་པར་ངོས་ཟིན་དགོས་ཏེ།  དགག་པར་བྱ་བའི་སྤྱི་ལེགས་པར་མ་ཤར་ན་དེ་བཀག་པའང་ཕྱིན་ཅི་མ་ལོག་པར་མི་ངེས་པའི་ཕྱིར་ཏེ། ཞེས་དང་། ཡང་། འདི་ཡང་དགག་བྱའི་གནད་མཐར་གཏུགས་པའི་ཕྲ་བ་ནས་མ་ཁེགས་པར་ལྷག་མ་ལུས་ན་ཡོད་པའི་མཐར་ལྟུང་ཞིང༌། དངོས་པོར་མངོན་པར་ཞེན་པ་བསྐྱེད་པས་སྲིད་པ་ལས་གྲོལ་བར་མི་ནུས་སོ། །

ཧ་ཅང་ཐལ་ཆེས་ནས་དགག་པར་བྱ་བའི་ཚོད་མ་ཟིན་པར་བཀག་ན་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་སུན་ཕྱུང་བས་ཆད་པའི་མཐར་ལྟུང་ཞིང་ལྟ་བ་དེ་ཉིད་ཀྱིས་ངན་འགྲོར་འཁྲིད་པར་བྱེད་དོ།  །དེའི་ཕྱིར་དགག་བྱ་ལེགས་པར་ངོས་ཟིན་པ་གལ་ཆེ་སྟེ། འདི་ངོས་མ་ཟིན་ན་ཡང་ན་རྟག་ལྟ་དང་ཡང་ན་ཆད་ལྟ་གདོན་མི་ཟ་བར་བསྐྱེད་པའི་ཕྱིར་རོ། །ཞེས་དགག་བྱ་ངོས་ཟིན་དགོས་པའི་རྒྱུ་མཚན་དང་བཅས་པ་རྒྱས་པར་གསུངས་པ་ལྟ་བུ་སྟེ་གཞན་མང་བས་འཇིགས་ནས་མ་བྲིས་ལ། སྤྱོད་འཇུག་ལས།  བཏགས་པའི་དངོས་ལ་མ་རེག་པར།  །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང་། འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཞིང༌།  །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་པ་འདིས་ཀྱང་ལྟ་བ་མ་རྟོགས་པའི་སྔོན་ཉེས་སྐྱོན་ཐམས་ཅད་འཇིག་ལྟ་ལས་བྱུང་བ་མཐོང་ནས་འཇིག་ལྟའི་བདག་འགོག་པར་གསུངས་པས། དེའི་སྔོན་དུ་འཇིག་ལྟའི་བློ་ངོས་ཟིན་ན་དེས་འཛིན་ཚུལ་གྱི་ཁྱད་པར་ཡང་ངོས་ཟིན་དགོས་པས་དགག་རྒྱུའི་བདག་ངོས་ཟིན་པ་ཡང་བསྟན་ཏོ། དེས་ན་བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། ཞེས་པའི་བདག་དང་། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།། ཅེས་པའི་བདག་གཉིས་མི་གཅིག་སྟེ། སྔ་མ་ནི་ཐ་སྙད་དུ་ཡོད་པའི་བདག་དང་། ཕྱི་མ་ནི་གང་དགག་རྒྱུའི་བདག་ལ་བྱེད་དགོས་ཏེ། འདིའི་རང་འགྲེལ་ལས། དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ཡོངས་སུ་སྤོང་བར་འདོད་པས་འཇིག་ཚོགས་ལ་ལྟ་བ་ཁོ་ན་སྤང་བར་བྱ་བ་ཡིན་ལ། དེ་ཡང་བདག་གིས་བདག་མེད་པ་ཉིད་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས་ཐོག་མར་རྣལ་འབྱོར་པས་བདག་ཁོ་ན་འགོག་པར་བྱེད་དོ། ཞེས་བདག་སྔ་ཕྱི་གཉིས་ཀྱི་འབྲུ་འགྲེལ་ལ་བརྟགས་ན་གསལ་ཏེ། འདི་ལྟར་དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ཞེས་གསུངས་པའི་དམིགས་པ་དེ་དམིགས་ཡུལ་དང་འཛིན་སྟངས་གཉིས་སུ་ཕྱེ་བའི་དམིགས་ཡུལ་ལ་འཇོག་དགོས་ཏེ། འདིའི་རྟགས་འགོད་པ་ན་ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། ཞེས་པའི་དོན་ངར་འཛིན་ནི་དམིགས་པ་གང་ཟག་ལ་དམིགས་ནས་རྣམ་པ་རང་ངོས་ནས་གྲུབ་པ་འཛིན་པའི་ཡུལ་ཅན་ཡིན་པའི་ཕྱིར་ན།  དེའི་དམིགས་པ་ང་ཁོ་ན་ཡིན་ཞེས་བསྒྲུབས་པའོ། ད་དུང་འདིའི་གཞུང་འོག་མ་རྣམས་སུ་མུ་སྟེགས་བྱེད་སོགས་ཀྱིས་བཏགས་པའི་བདག་ཐ་སྙད་དུ་ཡང་མེད་པས་ངར་འཛིན་གྱི་རྟེན་ནམ་དམིགས་པ་འདོད་པ་བཀག་ནས། རང་ལུགས་གདགས་གཞི་ཕུང་པོ་ཚོགས་པ་ལ་བརྟེན་ནས་ཕར་བཏགས་པ་ཙམ་གྱི་བདག་ངོས་བཟུང་ནས་བདག་མེད་བསྒྲུབ་ཚུལ་འདི།  ཐུན་མོང་མིན་པའི་བདག་མེད་རྟོགས་པའི་ཐབས་བཟང་པོ་ཡིན་ཞེས་རྗེས་བསྔགས་པ་ཆེན་པོར་མཛད་པས།  འདིའི་གཞུང་གོང་འོག་ཀུན་ལ་ཞིབ་ཏུ་བརྟགས་ནས་ཤེས་དགོས་སོ།  །དབུ་མ་རྩ་བར།  ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་སོགས་ཀྱི་གཞུང་དོན་དཔྱིས་ཕྱིན་པར་གོ་ན་ལྟ་བ་མ་རྟོགས་པའི་སྔོན་དགག་བྱ་ངོས་ཟིན་དགོས་པའི་གནད་ཀྱང་འཁུམས་པར་འགྱུར་རོ། །

གཉིས་པ་ནི། མ་བརྟགས་མ་དཔྱད་པར་ངང་ངམ་ཤུགས་ཀྱིས་འབྱུང་བའི་རང་རྒྱུད་ཀྱི་ངའོ་སྙམ་དུ་འཛིན་པའི་བློ་འདིའི་འཛིན་ཚུལ་ངོས་གཟུང་བ་ཡིན་ལ།  འདི་ལའང་བདེན་པར་གྲུབ་མ་གྲུབ་ཀྱིས་ཁྱད་པར་དུ་མ་བྱས་པའི་ང་ཙམ་འཛིན་པ་ཞིག་དང་། བདེན་པར་གྲུབ་པས་ཁྱད་པར་དུ་བྱས་པའི་ངའོ་སྙམ་དུ་འཛིན་པ་དང་། བདེན་མེད་ཀྱིས་ཁྱད་པར་དུ་བྱས་ནས་དེ་ལྟར་དུ་འཛིན་པ་སོགས་ལས། ཕྱི་མ་འདི་ལྟ་བ་མ་རྟོགས་པར་མི་འབྱུང་བར་གསུངས་པས་དང་པོ་གཉིས་ལ་དཔྱོད་པ་ཡིན་ལ། འདི་གཉིས་ཀྱང་དགག་བྱ་ངོས་རྣལ་མ་མ་ཟིན་པར་འོ་ཆུ་འདྲེས་པ་ལྟར་ཤིན་ཏུ་དབྱེ་དཀའ་བར་འབྱུང་ངོ། །དེས་ན་མ་བརྟགས་མ་བཅོས་པའི་བློ་ལྷན་སྐྱེས་ལ་ཐོག་མར་ང་ཇི་ལྟར་སྣང་ཚུལ་དང་།   དེ་ནས་སྣང་ཚུལ་དེའི་རྗེས་སུ་ཞུགས་པའི་སྣང་བ་ལྟར་དུ་ངའོ་སྙམ་དུ་འཛིན་པ་ཞུགས་ཚུལ་ཇི་ལྟར་ཡིན་བློ་ཟུར་པ་ཞིག་གིས་མངོན་གསལ་ཆུང་ངུས་དཔྱོད་པ་དགོས་སོ། དེ་ལྟར་བརྟགས་པ་ན་གདགས་གཞིའི་སྟེང་ནས་ང་ཞེས་ལིང་ངེ་བ་ཞིག་མིང་བརྡས་ཕར་བཏགས་ཙམ་མིན་པར་ཁོ་རང་གི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པའི་སྣང་བ་ཞིག་ལམ་གྱིས་ཤར་བ་བྱུང་ན་དེ་དགག་བྱའི་སྣང་ཚུལ་འཕྱུག་མེད་ཡིན་པས། དེ་ཉིད་མྱོང་སྟོབས་ཀྱིས་ངོས་ཟིན་པ་ན་དགག་བྱ་ངོས་ཟིན་པ་ཡིན་ཏེ། དེ་འདྲའི་སྣང་ཚུལ་དེ་གང་དགག་རྒྱུའི་དགག་བྱ་ཡིན་པས་སོ།  དེ་ལྟར་ཡང་བཞི་བརྒྱ་པའི་འགྲེལ་པར།  དེ་ལ་བདག་ཅེས་བྱ་བ་ནི། གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ།  །ཞེས་གསུངས་པའི་དོན།  རྗེའི་ལམ་རིམ་དུ། དེ་ལ་གཞན་ལ་རག་མ་ལས་ཞེས་པ་ནི་རྒྱུ་རྐྱེན་ལ་རག་མ་ལས་པ་མ་ཡིན་གྱི་ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མིན་པས་གཞན་ལ་རག་མ་ལས་པའོ། །དེས་ན་རང་དབང་བ༌ཞེས་བྱ་སྟེ་ཡུལ་དེ་དག་གི་རང་རང་གི་གནས་ལུགས་སམ་སྡོད་ལུགས་ཐུན་མོང་མིན་པའི་ངོ་བོའོ།  །དེ་ཉིད་ལ་རང་གི་ངོ་བོ་དང་རང་གི་རང་བཞིན་ཞེས་བྱའོ། །

ཞེས་གསུངས་འདི་དག་དགག་བྱ་ངོས་འཛིན་གྱི་གཞུང་ཡིན་ལ། འདི་ལ་རྩོད་པའི་ཚེ་ཚིག་གི་བཤད་ཡམ་ཙམ་གྱིས་ཕ་རོལ་པོའི་ཁ་འགོག་བྱེད་ཙམ་གྱིས་ཆོག་མི་ཤེས་པར།  མྱོང་ཐོག་གི་གནད་དུ་བཀོལ་ནས་མ་ངེས་ན། དགག་བྱ་ངོས་མི་ཟིན་ཏེ། དཔེར་ན་རྐུན་མ་ནི་མིའོ། །གོས་དཀར་པོ་གྱོན་པ་དེའོ།  །ཞེས་སོགས་སྨྲས་པས་རྐུན་མ་ངོས་མི་ཟིན་པ་བཞིན་ནོ།  །དེས་ན་གཞན་གྱིས་བཤད་པས་གོ་བ་དང་ཚིག་སྤྱི་དང༌།  སྒྲ་སྤྱི་ཙམ་མིན་པར་དཔྱད་ནས་རང་གི་བློ་ངོར་ཉམས་མྱོང་རྗེན་གཅེར་དུ་ངོས་ཟིན་པ་དགོས་སོ། །འདིར་གཞན་གྱིས་བརྐུས་ཁག་ལྟ་བུ་བཙུགས་པའི་ཚེ། ང་ཞེས་གནད་མི་ཐེག་པའི་སྐབས་ཀྱི་ངར་འཛིན་ལྟ་བུ་མངོན་དུ་བྱས་ནས་བདག་ངོས་འཛིན་ཚུལ་གསུངས་པ་ནི།དེའི་ཚེ་ངའི་འཛིན་སྟངས་དམ་པོར་ཤུགས་ཆེན་མངོན་འགྱུར་དུ་ཡོད་སྟབས།  འཛིན་སྟངས་ངོས་གཟུང་སླ་བའི་རྒྱུ་མཚན་གྱིས་ཡིན་གྱི། གཞན་དུ་ང་འགྲོ །ང་སྡོད་ལྟ་བུའི་སྐབས་ངར་འཛིན་མེད་པའི་དོན་དང་།  ངར་འཛིན་ཤུགས་ཆེ་ཆུང་ལ་བདག་འཛིན་ཏུ་འཇོག་མི་འཇོག་གི་ཁྱད་པར་ཡང་མེད་པའི་ཚུལ་ཤེས་དགོས་སོ། །

གསུམ་པ་ནི། འོ་ན་ལྟ་བ་མ་རྟོགས་པའི་སྔ་རོལ་དུ་ཚིག་སྤྱི་ཙམ་མིན་པར་གང་དགག་རྒྱུའི་རང་དབང་བའི་བདག་མྱོང་ཐོག་ནས་ངོས་ཟིན་ན། དེ་བཀག་པའི་སྟོང་ཉིད་དང་། ཕར་བཏགས་ཙམ་གྱི་རྟེན་འབྲེལ་རྣམས་ཀྱང་ངོས་ཟིན་དགོས་ལ།  དེ་ཡང་འདོད་ན་རང་བཞིན་གྱིས་གྲུབ་པའི་ངོ་བོ་དང་། ཐ་སྙད་ཕྲ་མོའི་ཁྱད་པར་ཕྱེད་ནུས་པའང་ཁས་ལེན་དགོས་ན། དེ་ནི་མི་འཐད་དེ་དྲང་ངེས་ལེགས་བཤད་སྙིང་པོ་ལས། མྱུ་གུ་དང་དེ་རྟེན་འབྱུང་སོགས་སུ་ཐ་སྙད་པའི་ལྷན་སྐྱེས་ཀྱི་ཚད་མས་གྲུབ་པ་ཡང་རྒོལ་ཕྱི་རྒོལ་གཉིས་ཀའི་རྒྱུད་ལ་ཡོད་མོད་ཀྱང་། དེ་དང་རང་གི་ངོ་བོས་ཡོད་པ་འཇལ་བའི་ཚད་མ་གཉིས་ཕྱི་རྒོལ་གྱི་ངོར་འདྲེས་ནས་ལྟ་བ་མ་སྐྱེས་བར་དུ་མི་ཕྱེད་པས་སྔ་རྒོལ་གྱིས་ཕྱེད་ཀྱང་དེའི་རིང་ལ་སྟོན་མི་ནུས་སོ། ཞེས་དང་། ལམ་རིམ་ལས། དེ་ལ་རང་བཞིན་མེད་པའི་ལྟ་བ་མ་རྙེད་གོང་དུ་གང་ཟག་དེ་དག་གིས་ཡོད་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་གཉིས་སོ་སོར་ཕྱེད་པ་མི་སྲིད་དེ།  ཡོད་པ་གང་ཡིན་ལ་སྔར་བཞི་བརྒྱ་པའི་འགྲེལ་པ་དྲངས་པ་ལྟར་རང་གི་ངོ་བོས་གྲུབ་པའི་ཡོད་པས་ཁྱབ་པར་འཛིན་པའི་ཕྱིར་རོ། ཞེས་གསུངས་པས་སོ་སྙམ་ན།

འདིའི་དོན་ནི།  སྟོང་ཐུན་ལས།  ཇི་སྲིད་དངོས་སྨྲ་བའི་གྲུབ་མཐའ་བཏང་ནས་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་མ་རྟོགས་ཀྱི་བར་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ལ་ཚད་མར་མ་སོང་ཞིང་གཟུགས་ཙམ་ལ་ཚད་མར་སོང་བ་ཐལ་འགྱུར་བ་དང་དངོས་སྨྲ་བ་གཉིས་ཀའི་ལུགས་ལ་མཐུན་སྣང་དུ་གྲུབ་པ་བསྟན་རྒྱུ་མི་རྙེད་དོ། །ཞེས་ཐལ་འགྱུར་བའི་ལྟ་བ་མ་རྟོགས་བར་དུ་གཟུགས་ཙམ་ལ་ཚད་མ་སོང་བ་དེ་གཉིས་གའི་ལུགས་ལ་མཐུན་སྣང་དུ་མེད་ཅེས་གསུངས་པ་ལྟར། དེ་འདྲའི་ཁྱད་པར་མི་ཕྱེད་བར་གསུངས་པ་ནི། དེ་ལྟར་དུ་ཚད་མས་མི་ཕྱེད་བའི་དོན་ཡིན་གྱི་ཡིད་དཔྱོད་ཙམ་གྱིས་ཕྱེད་མི་སྲིད་པའི་དོན་དུ་བཟུང་ན་ནི་མི་རུང་ངོ། དེས་ན་གོང་དུ་དགག་བྱ་ངོས་ཟིན་གྱི་བློ་དེ་ཚད་མ་ཡིན་ན་སྐྱོན་འདི་དག་འབྱུང་ཉེ་ཡང་། དེ་ཚད་མར་མི་འདོད་ཀྱི་ཡིད་དཔྱོད་ཙམ་གྱི་མྱོང་ཐོག་ནས་ངོས་བཟུང་བ་ཡིན་ལ། ལྟ་བ་རྣམ་དག་མ་རྙེད་པའི་སྔོན་དུ་བདེན་གཉིས་ཀྱི་ཁྱད་པར་ཡིད་དཔྱོད་ཙམ་གྱིས་ངེས་པར་དུ་འབྱེད་དགོས་ཏེ།   དྲང་ངེས་ལེགས་བཤད་སྙིང་པོར།  དེའི་ཕྱིར་རྣམ་དཔྱོད་དང་ལྡན་པ་དག་གིས་དེ་ཉིད་ཇི་ལྟར་ཡིན་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ལ་དེ་ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེད་པ་ལ་རག་ལས་ཤིང༌། ཞེས་བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་པ་ལ་གསུང་རབ་ཀྱི་དྲང་ངེས་ཕྱེད་དགོས་པར་གསུངས་པའི་ཕྱིར་དང་། གསུང་རབ་ཀྱི་དྲང་ངེས་འབྱེད་པ་ལ་བརྗོད་བྱ་དོན་གྱི་དྲང་ངེས་ཡིད་དཔྱོད་ཀྱིས་ངེས་པར་ཕྱེད་དགོས་པའི་ཕྱིར་རོ།  །དེ་བཞིན་དུ་ལམ་རིམ་ལས་ཀྱང་། དེ་ལྟར་རང་བཞིན་ཁས་བླངས་པ་ལ་གནོད་བྱེད་བསྟན་པ་རྣམས་མཐོང་བ་ན། རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པའི་གྲུབ་མཐའ་འདོར་བར་འགྱུར་ལ། དེ་ནས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་ཡང་རྟོགས་པར་ནུས་པས། རང་བཞིན་མེད་པ་དང་མེད་པ་སོ་སོར་ཕྱེད་པར་འགྱུར་ལ། དེའི་ཕྱིར་རང་བཞིན་ཡོད་པ་དང་ཡོད་པ་ཡང་སོ་སོར་ཕྱེད་པར་འགྱུར་བས། རང་བཞིན་མེད་པའི་གཞལ་བྱ་ལ་རང་བཞིན་མེད་པའི་ཚད་མས་འཇལ་བ་ལ་སོགས་པ་ཡང་རྟོགས་པར་འགྱུར་བ་ཡིན་ནོ།

ཞེས་གནོད་བྱེད་བསྟན་པ་རྣམས་མཐོང་བ་ན་རང་གི་གྲུབ་མཐའ་དོར་བ་དང་། དེ་ནས་རང་བཞིན་གྱི་ཡོད་མེད་དང་ཡོད་མེད་བཞིའི་ཁྱད་པར་ཕྱེད་བ་དང་། དེ་ནས་བསྒྲུབ་བྱ་རང་བཞིན་མེད་པ་ཚད་མས་འཇལ་བ་རིམ་གྱིས་སུ་སྐྱེ་ཚུལ་གསུངས་པ་འདིའི་སྔ་མ་ཡིད་དཔྱོད་ཙམ་གྱིས་ཡིན་ནོ།  དེ་ལྟར་མ་ཡིན་ན་གོང་དུ་དྲངས་པའི་ལམ་རིམ་གྱི་ལུང་དང་ཕན་ཚུན་ནང་འགལ་བར་འགྱུར་རོ། །འོ་ན་གནད་བཞི་བསྟན་པའི་དགག་བྱ་དངོས་སུ་ངོས་འཛིན་པའི་བློ་དེ་ཚད་མ་མིན་ན།  མཁས་གྲུབ་རྗེས།  དགག་བྱ་ངེས་པའི་ཚད་མ།  ཁྱབ་པ་ངེས་པའི་ཚད་མ།  གཅིག་བྲལ་དུ་ངེས་པའི་ཚད་མ། དུ་བྲལ་དུ་ངེས་པའི་ཚད་མ་ཞེས་ཚད་མ་བཞི་ལྡན་དུ་གསུངས་པ་དང་། རྗེས་འཇུག་མཁས་པ་ཆེན་པོ་འགས་ཀྱང་། ཡིད་དཔྱོད་ཙམ་ལ་ཡིད་བརྟན་མི་རུང་བས།དགག་བྱ་ངོས་འཛིན་གྱི་བློ་དེ་དགག་བྱ་འཚོལ་བའི་རྒྱུ་མཚན་བསམ་པ་ལས་སྐྱེས་པའི་རྗེས་དཔག་ཚད་མ་ཡིན་ནོ། འོན་ཀྱང་དགག་བྱར་ངེས་ཀྱང་བཀག་ཆ་ཚད་མས་ངེས་མི་དགོས་ཏེ། དཔེར་ན་ཤིང་གང་ཞིག་གཅད་བྱར་ངེས་ཀྱང་གཅོད་མི་དགོས་པ་བཞིན་ནོ། ཞེས་གསུངས་པའང་འདུག་པས་ཁ་ཚོན་གཅོད་མི་སྔ་བར་ཞིབ་ཏུ་བསམ་པར་རིགས་སོ།། འོན་ཀྱང་གོང་དུ་དྲངས་པའི་དྲང་ངེས་ཀྱི་ལུང་བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་པ་ལ་རྗོད་བྱེད་ཚིག་གི་དྲང་ངེས་འབྱེད་དགོས་ཚུལ་གསུངས་པའི་གཞུང་དོན་ལ་ཞིབ་ཏུ་བསམ་ན། དགག་བྱ་ངོས་འཛིན་གྱི་བློ་ཚད་མ་འདོད་པའི་ཞིབ་ཆ་འདི་འཐད་དཀའ་བར་སེམས་སོ།།

གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ཡོད་ན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ཤིང་། གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་ན་མེད་དགོས་པ་ལྟར། བདེན་པར་ཡོད་ན་ཡང་བདེན་པའི་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ཤིང་། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་ན་བདེན་པར་མེད་པའི་ཁྱབ་པ་ངེས་པའོ། འདིའི་གནད་ནི་འདི་ཡིན་ཏེ། གལ་ཏེ་བདེན་པར་ཡོད་ན་ཡང་ན་འདི་དང་ཡང་ན་དེ་ཞེས་གང་རུང་དུ་གྲུབ་དགོས་པ་དོན་དང་བློ་ངོར་གཉིས་ཀར་ཁ་ཚོན་གཅོད་པ་དགོས་ཤིང་། དེ་ནས་དེ་དག་གང་དུ་གྲུབ་བརྟགས་ནས་དེ་དག་གང་དུ་ཡང་མ་གྲུབ་པར་ངེས་ན་དེས་བསྒྲུབ་བྱ་ལ་ངེས་པ་འདྲེན་ལ། དེ་ལྟར་མིན་པར་ང་བདེན་པར་མེད་དེ། ང་ལུས་ཀྱི་ནང་ན་མེད། ཕྱི་ནའང་མེད་བའི་ཕྱིར་ཞེས་པ་ལྟ་བུས་བསྒྲུབ་མི་རུང་སྟེ། ང་དེ་ལུས་ཀྱི་ནང་དང་ཕྱིར་གང་དུ་མ་གྲུབ་ཀྱང་ང་འཇོག་ནུས་པའི་ཕྱིར་རོ།  མདོར་ན་དོན་དང་བློ་ངོར་གཉིས་ཀར་སྒྲུབ་བྱེད་ཕུང་སུམ་སེལ་བ་དགོས་པའི་དོན་ནོ།།

གསུམ་པ་གཅིག་བྲལ་སྒྲུབ་པ་ནི། དགག་བྱའི་བདག་དེ་ཉིད་ཕུང་པོ་དང་ངོ་བོ་གཅིག་དུ་གྲུབ་ན། རྩ་ཤེའི་རབ་བྱེད་ཀྱི་གཞུང་གོང་འོག་གིས་བསྟན་པའི་སྐྱོན་རྣམས་འདིར་བསྡུས་ནས་བཤད་ན། བདག་ཁས་བླངས་པ་དོན་མེད་དུ་ཐལ་བ་དང་། བྱ་བྱེད་གཅིག་ཏུ་ཐལ་བ། བདག་མང་པོ་ཐལ་བ། བདག་སྐྱེ་འཇིག་ཅན་དུ་ཐལ་བའོ། དང་པོ་ནི།  དེ་གཉིས་ངོ་བོ་གཅིག་ན་དབྱེ་བ་གཏན་མེད་ཀྱི་གཅིག་ཏུ་འགྱུར་ཏེ།  ཀུན་རྫོབ་རྫུན་པའི་ཆོས་ལ་སྣང་གནས་མི་མཐུན་པ་འོང་བ་མི་འགལ་ཡང༌།  བདེན་པ་དོན་དམ་པའི་ཆོས་ལ་སྣང་གནས་མི་མཐུན་པར་འོང་ས་མེད་པས་གནས་ཚུལ་ཇི་ལྟ་བ་བཞིན་སྣང་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པས་ཕུང་པོ་ལས་ཟུར་དུ་བདག་བྱེད་པོ་ཁས་བླངས་པ་དོན་མེད་དུ་འགྱུར་ཏེ། རྩ་ཤེས་ལས་ཀྱང༌།  ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན།  །ཞེས་གསུངས་སོ། །གཉིས་པ་ནི། དེ་ཉིད་ལས། གལ་ཏེ་འགྲོ་བ་གང་ཡིན་པ།  །དེ་ཉིད་འགྲོ་པོ་ཡིན་གྱུར་ན།  །བྱེད་པ་པོ་དང་ལས་ཉིད་ཀྱང་། །གཅིག་པ་ཉིད་དུ་ཐལ་བར་འགྱུར།  །ཞེས་དང་།  ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་བྱེད་པ་པོ་དང་ལས་རང་བཞིན་གྱི་གཅིག་ཡིན་ན་གཅིག་ཏུ་འགྱུར་བའི་ཐལ་བ་འཕེན་པའོ།  གསུམ་པ་ནི།   ཤེས་རབ་སྒྲོན་མ་ལས།  གལ་ཏེ་ཕུང་པོ་བདག་ཡིན་ན།  །ཞེས་བྱ་བ་ནི་ལུས་ལ་བདག་མང་པོ་ཉིད་དུ་འགྱུར་ཏེ། ཕུང་པོ་མང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ།   ཞེས་གལ་ཏེ་ཕུང་པོ་བདག་ཡིན་ན།  ཞེས་པའི་གཞུང་འདིས་བསྟན་པར་གསུངས་ཤིང་།   འཇུག་པར།  གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་ཕུང་པོ་མང་བས་བདག་ཀྱང་མང་པོར་འགྱུར་བ་དང་།  བདག་གཅིག་ཡིན་པས་ཕུང་པོ་ཡང་གཅིག་ཏུ་འགྱུར་བའི་ཐལ་བ་འཕེན་ནོ།།

བཞི་པ་ནི། རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བདག་ཕུང་ངོ་བོ་གཅིག་ཡིན་ན་ཕུང་པོ་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་རོ། ཞེས་དང་། རབ་བྱེད་ཉེར་བདུན་པ་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཞེས་ཕུང་པོ་སྐྱེ་འཇིག་བྱེད་པ་དེ་ཕུང་པོ་བདག་མིན་པའི་རྒྱུ་མཚན་དུ་གསུངས་སོ།  གལ་ཏེ་ཕུང་པོ་ལྟར་བདག་ཀྱང་སྐྱེ་འཇིག་ཅན་དུ་འདོད་དོ་ཞེ་ན་དེ་ལའང་སྐྱོན་གསུམ་སྟེ། སྐྱེ་བ་དྲན་པ་མི་འཐད་པ་དང༌། ལས་བྱས་པ་ཆུད་ཟོས་པ་དང༌།  ལས་མ་བྱས་པ་དང་ཕྲད་པའི་སྐྱོན་ནོ། །དང་པོ་ནི།  རབ་བྱེད་ཉེར་བདུན་པ་ལས།  དེ་ཉིད་བདག་ཏུ་འགྱུར་སྙམ་ན།  །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་པ་མ་གཏོགས་པར།  །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཞེས་སྔོན་གྱི་ཉེར་ལེན་གྱི་ཕུང་པོ་དང་ཚེ་འདིའི་ཕུང་པོ་ཐ་དད་པ་ལྟར་སྔ་ཕྱིའི་བདག་རྒྱུད་གཅིག་པ་མི་འཐད་པས་སྐྱེ་བ་སྔ་མ་མི་དྲན་པའི་ཐལ་བའོ།།

གཉིས་པ་དང་། གསུམ་པ་ནི། རབ་བྱེད་ཉེར་བདུན་པ་ལས། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར།  །ཞེས་ཚེ་འདིའི་ཕུང་པོ་ལྟར་བདག་སྐྱེ་འཇིག་བྱེད་ན་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མི་འཐད་པས།  སྐྱེ་བ་སྔ་མའི་གང་ཟག་གིས་བསགས་པའི་འབྲས་བུ་ཕྱི་མས་མི་མྱོང་བ་དང་། སྐྱེ་བ་ཕྱི་མའི་གང་ཟག་གིས་མྱོང་བ་སྔ་མས་བསགས་པ་མི་འཐད་པའི་ཕྱིར། ལས་བྱས་པ་ཆུད་ཟོས་པ་དང༌། ལས་མ་བྱས་པ་དང་ཕྲད་པ་ཐལ་བའོ། གཞན་ཡང་རྒྱུད་ཐ་དད་ན། སྔ་མ་ལ་མ་ལྟོས་པར་ཚེ་འདི་བྱུང་བ་ཐལ་བ།  སྔ་མ་མ་འགགས་པར་ཚེ་འདིར་གནས་འཕོས་པ་ཐལ་བ། སྔ་མ་མ་ཤི་བར་འདིར་སྐྱེ་བ་བླངས་པ་ཐལ་བ་སོགས་ཏེ། དེ་ཉིད་ལས། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར།།དེ་བཞིན་དེ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཞེས་སོགས་གསུངས་སོ། །བཞི་པ་དུ་བྲལ་དུ་སྒྲུབ་པ་ནི། གལ་ཏེ་ཕུང་པོ་རྣམས་ལས་གཞན།།ཕུང་པོའི་མཚན་ཉིད་མེད་པར་འགྱུར།  །ཞེས་བདག་ཕུང་པོ་ལས་ངོ་བོ་ཐ་དད་དུ་གྲུབ་ན། ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་པ་དང་བྲལ་བར་འགྱུར་ཏེ། རྟ་བ་ལང་གི་མཚན་ཉིད་དང་བྲལ་བ་བཞིན་ནོ། དེ་ལྟ་ན་བདག་མེད་པར་འགྱུར་རོ།། 

ཡང་ན།  ཕུང་པོ་ལྔའི་མཚན་ཉིད་གཟུགས་སུ་རུང་བ་དང་ཉམས་སུ་མྱོང་བ་དང་མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་ཡུལ་སོ་སོར་རྣམ་པར་རིག་པ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པར་འགྱུར་ལ།  དེ་འདོད་ན་གཟུགས་ཀྱི་ཕུང་པོ་ལས་དོན་གཞན་དུ་གཟུགས་ཅན་གྱི་གང་ཟག་དང་། བདེ་སྡུག་ཉམས་སུ་མྱོང་བའི་ཚོར་ཕུང་ལས་དོན་གཞན་དུ་ཚོར་བ་པོའི་གང་ཟག་སོགས་སོ་སོར་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར།  ཕུང་པོ་ལྔའི་མཚན་ཉིད་ལས་དོན་གཞན་པའི་གང་ཟག་མེད་དོ།  དེ་ཉིད་ལས།  བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན།  །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད།   །ཅེས་གསུངས་སོ།  དེ་ལྟར་ལུང་རིགས་ཀྱིས་དཔྱད་པས་མཐར་བདག་ཕུང་ངོ་བོ་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པ་ཚད་མས་ངེས་པ་དེས།  ཁྱད་གཞི་གང་ཟག་གི་སྟེང་དུ་དགག་བྱ་རང་བཞིན་གྱིས་ཡོད་པ་བཀག་ཙམ་གྱི་མེད་དགག་སྟོང་སང་གི་རྒྱུན་སྐྱོང་བ་དགོས་སོ།   རིགས་པ་དེ་ཉིད་ཀྱིས་བདག་གི་བ་ཡང་ཁེགས་པར་འགྱུར་རོ། སྡུད་པ་ལས།  བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས།  །སེམས་ཅན་ཐམས་ཅད་ཅི་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པ་ལྟར་དེ་ནས་ཕུང་སོགས་ཆོས་གཞན་ལ་སྦྱར་ནས་བསྒོམ་མོ། ལྟ་བ་རྣམ་དག་ལ་ངེས་པ་དྲངས་ན་ཆོས་ཅན་སྒྱུ་མ་ལྟ་བུར་འཆར་བ་ཡང་ངང་གིས་འབྱུང་བས་སྒྱུ་མ་ལྟ་བུར་བསྒྲུབ་པའི་རིགས་པ་ཟུར་དུ་མི་དགོས་པར་དེ་གས་ཆོག་མོད།  འོན་ཀྱང་རྗེས་ཀྱི་དགེ་སྦྱོར་ཀུན་ལ་སྒྱུ་མ་ལྟ་བུའི་ཚུལ་གྱིས་གོམས་པ་བསྲིང་དགོས་པ་སོགས་འདིར་མ་སྤྲོས་སོ།།

ད་ནི་རབ་བྱེད་ཉེར་བཞི་པ་དེ་རབ་བྱེད་ཀུན་གྱི་མཐའ་ལ་སྦྱར་དགོས་གསུངས་པ་ལྟར། འདིར་དཔེ་མཚོན་གྱི་ཚུལ་དུ་རྐང་པ་བཞི་པོ་འདི་ལ་སྦྱར་ནས་ཅུང་ཟད་བཤད་ན། གང་ཟག་བདེན་པར་གྲུབ་ན་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་དུ་ངེས་པར་གྲུབ་དགོས་ལ། གཅིག་ཏུ་གྲུབ་ན་ཚེ་འདིའི་ཕུང་པོ་ལྟར་ཚེ་འདིར་གསར་དུ་གྲུབ་པ་དང་ཕྱི་མར་མི་འགྲོ་བར་འདོད་དགོས་ན་དེ་མི་འཐད་དེ། སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བའི་གང་ཟག་ངེས་པར་དུ་ཡོད་དེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་ཡོད་བའི་ཕྱིར་རོ། ཞེས་གང་ཟག་བདེན་པར་གྲུབ་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་མི་འཐད་པ་དང་། གང་ཟག་བདེན་པར་མེད་པའི་ཕྱོགས་ལ་ཕུང་པོའི་རྒྱུན་ཙམ་ལ་བརྟེན་ནས་ཕར་བཏགས་ཙམ་གྱིས་སྔ་མ་ནས་འདིར་འོང་བ་དང་། འདི་ནས་ཕྱི་མར་འགྲོ་བའི་གང་ཟག་བཞག་ཆོག་པས་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་ཆེས་འཐད་དོ། ཞེས་རྐང་པ་དང་པོ་གཉིས་ཀྱིས་བསྟན་ཏོ།

ཡང་། གལ་ཏེ་གང་ཟག་ཕུང་པོ་དང་བདེན་པའི་ཐ་དད་དུ་གྲུབ་ན་ཕུང་པོ་དང་འབྲེལ་མེད་དོན་གཞན་དུ་འགྱུར་ལ།  དེ་ལྟར་ན་གདགས་གཞི་ཕུང་པོ་སྐྱེ་འཇིག་གནས་པའི་ཆ་ལ་བརྟེན་ནས་གང་ཟག་སྐྱེ་འཇིག་གནས་པ་འཇོག་པ་མི་འཐད་ལ། དེ་ལས་གཞན་དུ་གང་ཟག་སྐྱེ་འཇིག་གནས་པ་ཞིག་ཡོད་ན་དམིགས་སུ་རུང་བ་ལས། མ་དམིགས་པའི་ཕྱིར་གང་ཟག་སྐྱེ་འཇིག་གནས་པ་མེད་པར་འགྱུར་ལ།  གང་ཟག་བདེན་པར་མེད་པའི་ཕྱོགས་ལ་ཕུང་པོ་སྐྱེ་འཇིག་གནས་པའི་ཆ་ལ་གང་ཟག་གི་སྐྱེ་འཇིག་གནས་པ་བཞག་ཆོག་པས་གང་ཟག་སྐྱེ་འཇིག་གནས་པ་ཡང་ཆེས་འཐད་དོ། ཞེས་བསྟན་པ་མ་ཟད།   ཕུང་པོ་གཟུགས་རུང་གི་ཆ་ལ་བརྟེན་ནས་གཟུགས་ཅན་གྱི་གང་ཟག་དང་།  ཚོར་བས་བདེ་སྡུག་མྱོང་བའི་ཆ་ལ་རྟེན་ནས་བདེ་སྡུག་མྱོང་བ་པོ་སོགས་ཕུང་པོའི་མཚན་ཉིད་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་ནས་གང་ཟག་དེ་དང་དེར་འཇོག་ཆོག་པའི་ཚུལ་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་ཏོ།  །དེ་བཞིན་དུ་རབ་བྱེད་ཀྱི་གཞུང་ཚིག་ཀུན་ལ་སྦྱར་ཤེས་ན་རྒྱུ་འབྲས་དང་བྱ་བྱེད་སོགས་ཐ་སྙད་པའི་རྣམ་གཞག་ཕར་བཀག་པ་མ་ཡིན་པར་ཚུར་སྒྲུབ་པ་གཙོ་བོར་བྱས་པ་ལྟ་བུར་ཡོད་པས་རིགས་པ་རྣམ་དག་ཞིག་གིས་ཞིབ་ཏུ་དཔྱད་ཤེས་ན།  བདེན་གཉིས་བདེ་བླག་དུ་ངེས་པའི་གནད་དམ་པ་ཡོད་དོ།།

སྨྲས་པ།
དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་གཞུང་། །
གཟུར་གནས་བློ་ཡིས་ཞིབ་མོར་བརྟགས་བྱས་ནས།།
དགོངས་དོན་སྙིང་པོའི་འབབ་སྟེགས་འདི་འདྲ་ཞེས།།
དཔྱད་པའི་གཏམ་འདིར་ལྟ་བའི་མིག་ཕྱིས་ཤིག །

གཞུང་དང་མ་འབྲེལ་རང་བཟོས་བཤད་པ་དང་།།
འགལ་དང་འཁྲུལ་བའི་ནོངས་པ་ཅི་མཆིས་བཤགས།།
འདིས་མཚོན་རྣམ་དཀར་དགེ་བ་ཀུན་གྱི་མཐུས།།
ཀླུ་སྒྲུབ་ཡབ་སྲས་དགོངས་པའི་དོན་རྟོགས་ཤོག །

དགེའོ།

 

Related Articles