ཚད་ཆེན་དབང་ཕྱུག་རྟག་པ་འགོག་པའི་གཞུང་འགྲེལ།

དགེ་བཤེས་འབྲི་རུ་བསྟན་པ།
འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །
ཚད་མའི་ལམ་ཆེན་གསལ་བྱེད་ཞི་བ་མཚོ། །
ལྟ་ངན་ཚར་གཅོད་རྒྱལ་བའི་ངང་ཚུལ་སོགས། །
གཞུང་འདི་འགྲེལ་ཕྱིར་སྒོ་གསུམ་གུས་པས་འདུད། །

ཅེས་མཆོད་བརྗོད་སྔོན་དུ་བཏང་ནས་གཞུང་དོན་བཤད་པ་ལ། ཚད་མ་རྣམ་འགྲེལ་སོགས་ལས་མ་བཤད་པའི་རིགས་པ་གསུམ་དང་། དེ་ལས་བཤད་པའི་རིགས་པ་ལྔ་ཡི་སྒོ་ནས་དབང་ཕྱུག་རྟག་པ་འགོག་པར་བྱའོ།

།སེར་སྐྱའི་རྗེས་འབྲང་གྲངས་ཅན་པ་ལ་སོགས་པའི་ཕྱི་རོལ་པ་ཁ་ཅིག དབང་ཕྱུག་རྟག་པ་སྒྲུབ་པའི་རྟགས་འགོད་པ་ལ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་ཡི་གཡོ་བ་སྔོན་དུ་སོང་སྟེ། རང་རྩོམ་པར་བྱེད་པའི་ཆ་ཤས་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཞེས་བཀོད་པ་ལ། རྣམ་འགྲེལ་ལས་མ་བཤད་པའི་རིགས་པ་དང་པོ་དང་གཉིས་པ་ནི།

རྩ་བ་ལས། སྒྲུབ་པ་དང་པོ་དེ་ལ་ནི། །གཏན་ཚིགས་མ་གྲུབ་གང་གི་ཕྱིར། །
བཀོད་པ་སྦྱོར་བ་ཞེས་བྱ་དང་། །དེ་བཞིན་ཡན་ལག་ཅན་མ་གྲུབ། །
དང་པོ་བྱེ་བྲག་པས་བཀོད་པའི་དབང་ཕྱུག་སྒྲུབ་པའི་རྟགས་སྦྱོར་དེ། མ་གྲུབ་པའི་རྟགས་ཡིན་ཏེ། གང་གིས་ཕྱིར་ན། རང་རྩོམ་པར་བྱེད་པའི་ཆ་ཤས་དང་ལྡན་པའི་ཕྱིར་ཞེ་ན། རྟགས་དེའི་ངོ་བོ་མ་གྲུབ་པ་དང་། དེ་བཞིན་དུ་ཆ་ཤས་ཅན་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་ཡང་མ་གྲུབ་པའོ། །རྒྱུ་མཚན་ནི་ཁྱོད་ཀྱི་འདོད་པའི་དབྱིབས་དང་དབྱིབས་ཅན་དང་། ཆ་ཤས་དང་ཆ་ཤས་ཅན། རྫས་དང་ཡོན་ཏན་སོགས་མ་གྲུབ་པའི་ཕྱིར། དེའི་རྒྱུ་མཚན་ཅི་ཞེ་ན། བྱེ་བྲག་པའི་ཚིག་གི་དོན་དྲུག་ལས་རྫས་ནི། ༡ རང་རྐྱ་ཐུབ་པ། ༢ ཡོན་ཏན་གཞན་གྱི་རྟེན་བྱེད་པ། ༣ བྱ་བ་བྱེད་པ་དང་ལྡན་པ། ༤ ཡོན་ཏན་དང་ལྡན་པ། ༥ འདུ་བའི་རྒྱུ་བྱེད་པ། དེ་བཞིན་དུ་ཁྱོད་ཀྱི་འདོད་པའི་ཡོན་ཏན་དེ་གང་ཞེ་ན། ༡ རྫས་ལ་བརྟེན་ནས་བྱུང་བ། ༢ རང་ཉིད་ལ་ཡོན་ཏན་གཞན་མི་ལྡན་པ། ༣ འདུ་བའི་རྒྱུ་མི་བྱེད་པ། ༤ ཁེར་རྐྱང་དུ་གནས་པ། དཔེར་ན། བུམ་པ་རྫས་དང་། དེའི་ཁ་དོག་དང་དབྱིབས་སོགས་ཡོན་ཏན་དུ་འདོད་པའོ། །དེ་གཉིས་ཚོགས་པ་གཅིག་གི་ནང་དུ་རྫས་སོ་སོ་བ་འདོད་པས་ན། འབྲེལ་མེད་ཡིན་པ་དང་། གང་ཟག་རང་རྐྱ་བའི་རྫས་སུ་གྲུབ་པ་སོགས་ཀྱི་སྐྱོན་རྣམས་རིམ་བཞིན་འཇུག་པས་ན་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་རྟགས་སུ་བསྟན་ཏོ། །
རྩ་བ་ལས། བལྟར་རུང་ཉིད་དུ་ཁས་བླངས་པ། །གཉིས་ཀ་མི་དམིགས་པ་ཡི་ཕྱིར།།
ཁྱོད་ཀྱིས་ཁས་བླངས་པའི་རྟགས་དེ་ཡོད་ན་སྣང་དུ་རུང་བ་ལས། མི་སྣང་བའི་ཕྱིར་དང་། རྟགས་ལའང་ཆ་ཤས་དང་ཆ་ཤས་ཅན། དབྱིབས་དང་དབྱིབས་ཅན་སོགས་གང་སྦྱར་ཀྱང་། རྟགས་དེ་གཉིས་ཀ་ཚད་མས་མ་དམིགས་པས་ན་གཉིས་ཀ་མ་གྲུབ་པའི་རྟགས་སུ་བསྟན་ཏོ། །
རྩ་བ། དེ་ཡི་ཕྱིར་ནི་དཔེ་འདི་ཡང་། །སྒྲུབ་པ་དང་ལྡན་མ་ཡིན་ནོ། །
བྱེ་བྲག་པས་འདོད་པའི་ཆ་ཤས་དང་ཆ་ཤས་ཅན་མེད་པའི་ཕྱིར། དཔེ་བུམ་པ་འདི་ཡང་ཆ་ཤས་དང་ཆ་ཤས་ཅན་མ་གྲུབ་པས་ན། རྟགས་དེ་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མི་ལྡན་པའི་ཕྱིར་རོ། །རྣམ་འགྲེལ་ལས་མ་བཤད་པའི་རིགས་པ་གསུམ་པ་ནི།
རྩ་བ། མིག་དང་རེག་པའི་རྣམ་ཤེས་ནི། །ཐ་དད་སྣང་བ་ཉེ་བར་སྐྱེ། །
དེ་དག་དམིགས་པ་གཅིག་ཉིད་མེད། །
རྣ་བ་མ་ཕུག་པ་ལ་སོགས་པའི་དབང་ཕྱུག་པ་ཁ་ཅིག །མིག་ཤེས་དང་རེག་ཤེས་གཉིས་ཀྱི་གཟུང་བྱའི་ཡུལ་རྣམས་ཆོས་ཅན། བྱེད་པ་པོའི་བློ་ཡི་གཡོ་བ་སྔོན་དུ་སོང་སྟེ། དབྱིབས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ཞེ་ན། དེ་ལ་མིག་ཤེས་དང་རེག་ཤེས་གཉིས་ཀྱི་གཟུང་བྱ་གཅིག་ཡིན་པ་མ་གྲུབ་པས་ན། རྟགས་དེ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་རྟགས་ཤིག་གོ །མ་ཟད་ཤེས་པ་དེ་གཉིས་ཀྱི་ཡུལ་ཐ་དད་དུ་སྣང་བ་སྐྱེས་པས་ན། དེ་གཉིས་ཀྱི་དམིགས་ཡུལ་གཅིག་ཡིན་པ་མ་དམིགས་པའི་ཕྱིར།
རྩ་བ། དྲི་ལ་སོགས་པའི་ས་བོན་བཞིན། །དེ་དག་གིས་ནི་མཐུ་བྱུང་བ། །
རྟོག་དང་འབྲེལ་པའི་བདག་ཉིད་ཅན། །ཉིང་མཚམས་སྦྱོར་བའི་ཤེས་པ་ཡིས། །
དེ་ལ་ཁ་གཅིག་གིས་དབང་པོ་གཉིས་ཀྱི་གཟུང་བྱའི་ཡུལ་གཅིག་གྲུབ་པ་ཡིན་ཏེ། དཔེར་ན། མུན་ཁུང་ནང་དུ་བུམ་གཟུགས་ལག་པས་རེག་ནས་བུམ་པར་རྟོགས་པ་ཡོད་པ་དང་། ཨུཏྤལ་དང་དེའི་དྲི་གཉིས་ཤེས་པ་གཅིག་གིས་རྟོགས་པ་ཡོད་པ་བཞིན་ནོ། །ཞེ་ན། དེ་ནི་མི་རིགས་ཏེ། བློ་དེ་ནི་སྔོན་མ་དབང་ཤེས་ཀྱི་མཐུ་ལས་བྱུང་བའམ། སྔ་ཕྱི་ཉིང་མཚམས་སྦྱར་བའི་ཤེས་པ་དོན་སྤྱི་དང་འབྲེལ་བའི་སྒོོ་ནས་རྟོགས་པ་ཡིན་པས་དྲན་ཤེས་ཡིན་གྱི་དབང་ཤེས་མིན་པས་རྩོད་པ་དེའི་སྐྱོན་མི་འཇུག་གོ །
རྩ་བ། བསྡུས་ལ་ཞེན་པར་བྱེད་པ་ཡིན། །དེ་ཕྱིར་ཆུ་དང་མེ་སོགས་འདི། །
དབང་པོ་གཉིས་ཀྱིས་གཟུང་བྱ་མེད། །ཇི་སྐད་བཤད་པའི་ཆོས་ཅན་ནི། །
མ་གྲུབ་ཕྱིར་ན་གཞི་མ་གྲུབ། །

དབང་ཤེས་ཀྱིས་ཡུལ་རྟོགས་པའི་ནུས་པ་ལ་བརྟེན་པའམ། དེ་བསྡུས་ནས་ཕྱིས་ཞེན་པའི་ཤེས་པའམ། རྟོག་པ་དེས་ཡུལ་དེ་ལ་འདི་དང་འདིའོ་ཞེས་བརྡ་ནས་རྟོགས་པ་ཡིན་པས་དྲན་ཤེས་སོ། །རྒྱུ་མཚན་དེའི་ཕྱིར། ཆུ་དང་མེ་སོགས་དབང་པོ་གཅིག་གི་ཡུལ་མིན་པ་དེ་བཞིན་དུ་དབང་ཤེས་གཉིས་ཀྱི་གཟུང་བྱ་ཡུལ་གཅིག་ཏུ་མ་གྲུབ་བོ། །དེ་བས་ན་རྣ་བ་མ་ཕུག་པའི་རྟགས་དེ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་ཕྱིར། མ་གྲུབ་པའི་རྟགས་སུ་བསྟན་ཏོ། །
རྩ་བ། ལྷ་ཁང་ལ་སོགས་ལ་བཀོད་པ། །ཁྱད་པར་ཅན་ཉིད་ཅི་འདྲ་བ། །
བྱེད་པ་པོ་ནི་མི་དམིགས་ན། །གང་མཐོང་བ་ནི་བློ་ལྡན་རྟོགས། །
ལུས་དང་རི་སོགས་ཆོས་ཅན་ལ། །གལ་ཏེ་དེ་འདྲ་ཉིད་སྣང་ན། །
སྒྲུབ་པ་འདི་ལས་ཇི་ལྟ་བུར། །འདོད་པ་གྲུབ་པ་དེ་རིགས་སོ། །

འཇིག་རྟེན་གྱི་གནས་ལུས་ཀུན་བུམ་པ་དང་ལྷ་ཁང་བཞིན་དུ་བཟོ་བ་པོའི་གང་ཟག་སྔོན་སོང་མིན་པས་ན། ཤེས་བྱ་གང་ཞིག །བུམ་པ་དང་ལྷ་ཁང་བཞིན་དུ་ཡུལ་ཀུན་དབྱིབས་མཐོང་བ་ཙམ་གྱིས་བྱེད་པོ་གང་ཟག་སྔོན་སོང་ཡིན་ན། ཁྱོད་ཀྱིས་བཀོད་པའི་རྟགས་དེ་ལྟར་རིགས་ཀྱི། འོན་ཀྱང་ལུས་དང་རི་སོགས་བྱེད་པོའི་སྐྱེས་བུ་སྔོན་སོང་མིན་པའི་ཕྱིར། །ཁྱོད་ཀྱི་རྟགས་དེ་རྟགས་ལྟར་སྣང་དུ་ཡིན་པ་གྲུབ་བོ། །
གཉིས་པ་རྣམ་འགྲེལ་ལས་བཤད་པ།
རིགས་པ་དང་པོ།
རྩ་བ། རྗེས་སུ་འགྲོ་དང་ལྡོག་པ་ཡིས། །གང་གི་འབྲས་བུར་གང་ངེས་པ། །
དེ་མཐོང་བ་ན་དེ་ངེས་པ། །ཞེས་བྱར་རིགས་པས་གནས་པ་ཡིན། །
རྗེས་སུ་འགྲོ་ལྡོག་དང་སྔ་ཕྱིའི་རྒྱུ་འབྲས་ཀྱི་འབྲེལ་བ་རྣམས་ངེས་ན། རྟགས་དེ་ཡང་དག་གམ། རིགས་པ་དང་ལྡན་པ་ཡིན་གྱི། འོན་ཀྱང་ཁྱོད་ཀྱིས་བཀོད་པའི་རྟགས་དེ་ལ་རྒྱུ་མཚན་དེ་མ་ཚང་བའི་ཕྱིར། དབྱིབས་ཡོད་པ་ཙམ་གྱིས་བྱེད་པོ་སྔོན་སོང་བསྒྲུབ་པ་ནི་ཁྱབ་པ་མེད་པས་ན་མ་ངེས་པའི་རྟགས་སོ། །
རིགས་པ་གཉིས་པ།
རྩ་བ། དབྱིབས་ཀྱི་ཁྱད་པར་དེ་ལྟ་བུ། །ལུས་དང་ཤིང་ལ་སོགས་པའི་དབྱིབས། །
ཁྱད་པར་འདི་དག་ལ་མེད་དེ། །དེ་འདྲ་བ་ནི་རབ་བརྗོད་པའི། །
སྒྲ་ཙམ་འབའ་ཞིག་ཁོ་ན་ཡིས། །
དབྱིབས་ཡོད་པ་ཙམ་གྱིས་བྱེད་པོ་སྔོན་སོང་བསྒྲུབས་ན། ཁྱོད་ཀྱིས་བཀོད་པའི་རྟགས། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་ཀུན་ཆོས་ཅན། བྱེད་པ་པོའི་བློ་ཡི་གཡོ་བ་སྔོན་དུ་སོང་སྟེ། །དབྱིབས་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་པའི་རྟགས་དེ་མ་གྲུབ་པའི་རྟགས་ཡིན་ཏེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་ཀུན་སྐྱེས་བུའམ། གང་ཟག་གིས་བྱེད་པ་མ་གྲུབ་པས་སོ། །དེ་ལ་ཧ་ཅང་ཐལ་བ།
རྩ་བ། ལྡོག་ན་ཐེ་ཚོམ་ཟ་བར་ནི། །སྒྲུབ་པར་འགྲུབ་སྟེ་གྲོག་མཁར་དག །
རྫ་མཁན་གྱིས་ནི་བྱས་པ་བཞིན།།
དབྱིབས་སྤྱི་ཙམ་རྟགས་སུ་བཀོད་ན། ལྡོག་པ་ལ་ཐེ་ཚོམ་ཟ་བའམ། ཁྱབ་པ་མེད་པས་མ་ངེས་པའི་རྟགས་སུ་བསྟན། གལ་སྲིད་དབྱིབས་དང་ལྡན་པ་ཙམ་གྱིས་བསྒྲུབ་ཐུབ་ན། གྲོག་མཁར་དང་། རྫ་བུམ་རྣམས་སྐྱེས་བུས་བྱས་པ་མཐོང་བ་དེ་བཞིན་དུ་དངོས་པོ་ཀུན་སྐྱེས་བུས་བྱས་པར་ཐལ་བ་ཡོད་པ་བསྟན།
རྩ་བ། ཆོས་ཀྱི་ཁྱད་པར་རྣམ་རྟོག་ཕྱིར། །འདི་ནི་ལྟག་ཆོད་མ་ཡིན་ནམ། །
འབྲས་བུ་ལ་སོགས་སྤྱི་ཉིད་ནི། །སྒྲུབ་པ་ཡིན་པའི་བསྟན་ཅེ་ན། །
ཁ་ཅིག་རྟགས་ཀྱི་སྤྱི་ལ་ངོ་བོ་དང་ཁྱད་པར་ལ་བརྟགས་ནས་སྐྱོན་བརྗོད་པ་རྣམས་རང་ལ་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འཇུག་གོ་ཞེ་ན།
རྩ་བ་ལས། དེ་དངོས་པོ་མིན་ལས་ལོག་པའི། །འབྲས་བུ་ཙམ་ཞིག་མི་རྟག་ཉིད། །
སྒྲུབ་པར་བྱེད་དེ་བདག་ཕྱིར་རོ། །

ཁ་ཅིག། ཁྱོད་ལ་འབྲས་མཚུངས་ཀྱི་ལྟག་ཆོད་ཡོད་དེ། དངོས་མེད་ལས་ལོག་པའི་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་བསྒྲུབ་པའི་སྐབས་སུ་བྱས་པ་དེ་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲ་ཡི་བྱས་པ་དང་བུམ་པའི་བྱས་པ་སོགས་གང་ཡིན་ཞེས་བརྟགས་ནས་སྐྱོན་བརྗོད་ན་འཇུག་པའི་ཕྱིར་ཏེ། ཁྱོད་ཀྱི་དབང་ཕྱུག་རྟག་པ་སྒྲུབ་པའི་རྟགས་ལ་སྐྱོན་དེ་ལྟར་བརྗོད་པའི་ཕྱིར།
རྩ་བ། སྒྲུབ་བྱེད་དེ་ལ་དེ་ཚུལ་མེད། །མེ་ལ་འཁྲུལ་པ་མེད་པར་ནི། །
དུ་བའི་བདག་ཉིད་སྐྱ་བོ་མཐོང་། །སྐྱ་བོར་བརྗོད་པ་ཙམ་ཉིད་ཀྱིས། །
ཁ་སྐྱ་ལས་ཀྱང་དེ་རྟོགས་མེད། །སྤྱིར་འབྲེལ་བ་ལ་གང་གི་ཚེ། །
ཁྱད་པར་དག་ལ་བརྟེན་པ་ཡི། །ཀླན་ཀ་དེ་ལ་འཚོལ་བྱེད་ན། །
ལྟག་ཆོད་ཡིན་པར་ཡང་དག་བརྗོད། །
རྟགས་དེ་ལ་འབྲས་མཚུངས་ཀྱི་ལྟག་ཆོད་མེད་དེ། དཔེར་ན། དུ་བའི་རྟགས་ལས་མེ་འཁྲུལ་མེད་དུ་གོ་བར་བྱེད་པ་ལ། སྐྱ་བོ་དང་སྔོན་པོ་སོགས་རྟགས་སུ་གང་འགོད་ཅེས་བརྟགས་ནས་སྐྱོན་བརྗོད་ན། སྐྱ་བོ་དང་སྔོན་པོའི་རྟགས་ལས་མེ་ཡོད་པ་བསྒྲུབ་མི་ནུས་པ་མ་ཟད། རྟགས་ཆོས་ཀྱི་འབྲེལ་བ་མེད་པ་དང་། རྟགས་ཡང་དག་གི་ཁྱད་པར་ལ་བརྟགས་ནས་སྐྱོན་བརྗོད་པ་ཡིན་པས་དེ་ལ་ལྟག་ཆོད་འཇུག་གི ཁྱོད་ཀྱིས་བཀོད་པའི་ལྟར་སྣང་དེའི་ཁྱད་པར་ལ་བརྟགས་ནས་སྐྱོན་བརྗོད་པ་ན་ལྟག་ཆོད་མེད་དོ། །
རྩ་བ། གཞན་དུ་གོ་སྒྲའི་བརྗོད་པ་ཙམ། །ཉིད་ཀྱིས་རྡོ་རྗེ་ལ་སོགས་ལ། །
རྭ་ཅན་ཉིད་ནི་འགྲུབ་པར་འགྱུར། །
དབྱིབས་ཀྱི་སྒྲ་ལྡན་པ་ཙམ་གྱིས་རྟགས་དེའི་ཁྱབ་པ་བསྒྲུབ་ནུས་ན། གོའུ་ཞེས་པའི་ངག་ལས་བ་གླང་གོ་ནུས་པ་སོགས་ཀྱི་ཐལ་བ་ཡོད་དོ། །
རྩ་བ། གལ་ཏེ་འདི་ལ་འབྲེལ་པ་ནི། །ཚད་མ་ཡིས་ནི་སྒྲུབ་བྱེད་ན། །
དེ་ཕྱིར་རིག་པས་གྲུབ་འདི་ལ། །རྩོད་པ་འགའ་ཡང་ཡོད་མ་ཡིན། །
ཁ་ཅིག །བྱས་པས་སྒྲ་མི་རྟག་པ་བསྒྲུབ་པ་ལྟར་འབྲེལ་བ་མེད་ཀྱང་། སྒྲུབ་བྱེད་འདི་ནི་ཚད་མ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་རིག་པའམ། ཤེས་པས་གྲུབ་པའི་བློ་སྔོན་སོང་ཞེས་པ་དེ་རྟག་པ་ཡིན་པས་ན། རྩོད་པའི་གཞི་ཡིན་པ་མ་ཟད་བློ་རྟག་པ་ཡོད་པ་མ་གྲུབ་པའི་ཕྱིར།
རིགས་པ་གསུམ་པ་འགལ་རྟགས་བསྟན་པ་ལ།
རྩ་བ། འོན་ཀྱང་རྟག་གཅིག་ཀུན་ཤེས་པའི། །བློ་རྟག་པ་ཡི་རྟེན་ཡིན་པར། །
འགྲུབ་པར་མི་འགྱུར་ཁྱབ་མེད་ཕྱིར། །བསྒྲུབ་བྱ་མེད་པ་ཉིད་ཕྱིར་རོ། །
བློ་རྟག་པ་དང་། དེའི་རྟེན་ཤེས་བྱ་ཀུན་ཤེས་པའི་དབང་ཕྱུག་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་ཞིག་མེད་པའི་ཕྱིར། གལ་ཏེ་དེ་ཡོད་ན། རྟག་པ་ཡིན་དགོས་ལ། དབྱིབས་དང་ལྡན་ན་རྟག་པ་མ་ཡིན་དགོས་པས་དཔེ་ཡི་སྟེང་དུ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པས་ན། འགལ་རྟགས་ཡིན་པ་མ་ཟད་རྟགས་དེ་ལ་བསྒྲུབ་བྱ་ཡང་མེད་པ་ཉིད་དོ། །
རྩ་བ། འདི་ལྟར་ཁང་སྐྱ་ཐེམ་སྐས་དང་། །ཁང་བཟང་ཚོང་དུས་ལ་སོགས་པ། །
རྣམ་ཤེས་དུ་མ་མི་རྟག་པས། །སྔོན་དུ་འགྲོ་བ་ཅན་དུ་ངེས། །
དེ་ཉིད་ཕྱིར་ན་འདོད་པ་ལ། །གནོད་པར་བྱེད་པར་ཡང་འདོད་དེ། །
རྣམ་ཤེས་དུ་མ་མི་རྟག་པ། །སྔོན་འགྲོ་ཅན་ཉིད་སྒྲུབ་ཕྱིར་རོ།།
དཔེར་ན། ཁང་སྐྱ་དང་ཐེམ་སྐས་ཁང་བཟང་ཚོང་དུས་སོགས་སྐྱེ་བྱེད་ཀྱི་རྒྱུའམ། རྒྱུ་དེས་རང་གི་འབྲས་བུ་བསྐྲུན་པ་ལ། མི་རྟག་པའི་བློ་དེ་ཡང་ཡང་བསམ་བློ་གཏོང་བ་སྔོན་དུ་སོང་ནས་འབྲས་བུ་འགྲུབ་དགོས་ལ། དེའི་ཕྱིར་ཁྱོད་ཀྱི་འདོད་པའི་དབང་ཕྱུག་རྟག་པའི་བློ་དེ་ལ་རིགས་པའི་གནོད་པ་ཡོད་དོ། ། རིགས་པ་བཞི་པ་གྲུབ་ཟིན་བསྒྲུབ་པ།
རྩ་བ། རྒྱུ་ནི་བློ་དང་ལྡན་ཙམ་ལ། །ཁྱོད་ཀྱིས་འབྲེལ་པ་བརྗོད་པས་ན། །
གཉིས་པ་ལ་ནི་ཁོ་བོ་ཡིས། །རྣམ་པ་གསལ་བ་བརྗོད་པ་ཡིན། །
རྒྱུ་བློ་ཙམ་ཞིག་སྔོན་དུ་སོང་བ་ལ་བརྟེན་ནས་འབྲེལ་བ་བསྒྲུབ་ན་དེ་ནི་སྔར་བཤད་ཟིན་པས་ཁོ་བོ་ལ་གྲུབ་ཟིན་གྲུབ་པ་ཡིན་ནོ། །
རིགས་པ་ལྔ་པ་བསྒྲུབ་བྱ་མ་གྲུབ་པའི་སྐྱོན།
རྩ་བ། རྟག་རྣམས་རིམ་དང་རིམ་མིན་པ། །འགལ་ཕྱིར་བྱ་བ་བྱེད་མ་ཡིན། །
ཡུལ་རྣམས་རིམ་ཅན་ཉིད་ཀྱི་ཕྱིར། །དེ་ཤེས་རྣམས་ལའང་རིམ་པ་ཡོད། །
ཤེས་བྱ་རིམ་ཅན་དང་འབྲེལ་ཕྱིར། །དབང་ཕྱུག་ཤེས་པ་རིམ་པས་འབྱུང་། །
ལྷས་སྦྱིན་སོགས་ཀྱི་རྣམ་པར་ཤེས། །འབར་སོགས་སྤྱོད་ཡུལ་ཅན་བཞིན་ནོ། །
རྟག་པ་རྣམས་རིམ་དང་གཅིག་ཅར་མེད་པས་རྟག་པས་བྱ་བ་བྱེད་པ་འགལ་བ་མ་ཟད། ཡུལ་དངོས་པོ་ཤེས་བྱ་རྣམས་རིམ་ཅན་དུ་འབྱུང་བའི་ཕྱིར། དེ་རྟོགས་པའི་དབང་ཕྱུག་གི་ཤེས་པ་དེ་ཡང་རིམ་ཅན་དུ་ཡོད་པ་གྲུབ་བོ། །དཔེར་ན། མེ་འབར་བ་སོགས་རིམ་ཅན་ཡོད་པ་ལ་བརྟེན་ནས་དེ་རྟོགས་པའི་ལྷ་བྱིན་སོགས་ཀྱི་ཤེས་པ་ཡང་རིམ་ཅན་དུ་འབྱུང་བ་བཞིན་ནོ། །
རྩ་བ། ཁོ་བོས་བུམ་པ་ལ་སོགས་པ། །རྡུལ་ཕྲན་ཚོགས་ཅན་ཡིན་པར་འདོད། །
དེ་ཡི་བྱེད་པོ་རྫ་མཁན་སོགས། །རྡུལ་ཕྲན་ཁོ་ནའི་བྱེད་པོར་འདོད། །
དེ་ཕྱིར་ཆོས་མི་མཐུན་པའི་དཔེ། །རྡུལ་ཕྲན་རབ་ཏུ་བསྟན་འདི་ལས། །
བསྒྲུབ་བྱ་ཉིད་དུ་མངོན་འདོད་པའི། །ཆོས་འདི་ལོག་པ་མ་ཡིན་ནོ། །
ཁོ་བོས་བུམ་པ་ལ་སོགས་པའི་གཟུགས་རྣམས་རྡུལ་ཕྲན་ཚོགས་པ་ཡིན་པ་འདོད་ཅིང་། རྫ་མཁན་ནི་དེ་ཡི་བྱེད་པོར་འདོད་ལ། རྒྱུ་མཚན་དེའི་ཕྱིར། རྡུལ་ཕྲན་རྟག་པ་ཡིན་པ་དང་། དེ་གཟུགས་སོགས་མི་རྟག་པ་སྒྲུབ་པའི་རྟགས་ཀྱི་བསྒྲུབ་བྱ་ལས་ལོག་པ་དང་། མི་མཐུན་པའི་དཔེ་ཡིན་པ་བཀག་གོ །
རྩ་བ། གལ་ཏེ་སྤྱིར་ན་བློ་ལྡན་ཞིག །སྔོན་དུ་འགྲོ་བ་ཅན་འདོད་ན། །
དེ་ལ་རྩོད་པ་ཡང་མེད་དོ། །ངོ་བོ་སྣ་ཚོགས་ལས་སྐྱེས་པ། །
སྤྱིར་བློ་ཙམ་ཞིག་སྔོན་དུ་སོང་བ་བསྒྲུབ་ན། དེ་ནི་ཁོ་བོ་ཅག་གིས་ལས་ལས་ངོ་བོ་སྣ་ཚོགས་སྐྱེ་བ་ཁས་བླངས་ཟིན་པས། དེ་ནི་གྲུབ་ཟིན་བསྒྲུབ་པའོ། །
རྩ་བ། རྟག་བློ་གཅིག་ཅན་སྔོན་འགྲོ་བར། །བསྒྲུབ་ན་བསྒྲུབ་བྱས་སྟོང་པ་ཉིད། །
མང་པོ་རྣམས་ཀྱིས་ཁང་སྐྱ་སོགས། །བྱས་པར་མཐོང་ཕྱིར་འཁྲུལ་བ་ཡིན། །
ཁྱོད་ཀྱིས་དབང་ཕྱུག་རྟག་པའི་བློ་སྔོན་དུ་སོང་བ་བསྒྲུབས་ན། དེ་ནི་བསྒྲུབ་བྱ་རྟག་དངོས་ཀྱི་ཤེས་བྱ་མ་གྲུབ་པའོ། །དཔེར་ན། རྒྱུ་བློ་དུ་མས་བྱ་བ་བྱས་ཏེ་ཁང་སྐྱ་སོགས་སྐྱེ་བ་མཐོང་བའི་ཕྱིར། ཁྱོད་ཀྱི་རྟགས་དེ་འཁྲུལ་བ་ཅན་ཡིན་ནོ། །
རྩ་བ། སྐྱོན་འདི་ཉིད་ནི་ཅི་རིགས་པར། །གཏན་ཚིགས་ལྷག་མ་དག་ལ་ཡང་། །
སྦྱར་བར་བྱ་སྟེ་གཞན་ཡང་ནི། །ཅུང་ཟད་ཙམ་ཞིག་རབ་བསྟན་ཏེ། །
དབང་ཕྱུག་རྟག་པ་འགོག་པའི་རིགས་པ་ཅུང་ཟད་ཙམ་ཞིག་རབ་ཏུ་བསྟན་པ་འདིས་གཞན་ཕྱི་རོལ་པས་གཏན་ཚིགས་ལྷག་མ་སྟེ་གང་དང་གང་བཀོད་ཀྱང་། རིགས་པ་འདི་སྦྱར་ན་སྐྱོན་འདི་ཉིད་ལས་མ་འདས་པའོ། །

Related Articles