སཱ་ལུ་ལྗང་པའི་མདོ་ཡི་དོན་ཅུང་ཟད་བཤད་པ། སྨད།

དགེ་བཤེས་ངག་དབང་ཐོགས་མེད།

ལོ་སྔོན་མའི་དུས་དེབ་ཐོག་ཏུ་བཀོད་པའི་འཕྲོས།

གཉིས་པ། ལས་འཕེལ་ཆེ་བ་ནི།

ཕྱིའི་ས་བོན་ཆུང་ངུ་ལས་འབྲས་བུ་ཆེན་པོར་འབྱུང་བ་མཐོང་ཐོས་ཡོད་པ་དེ་ལས་ཀྱང་ནང་སེམས་ཀྱི་ལས་འབྲས་འཕེལ་འགྱུར་ཆེ་བ་གསུངས་ཏེ། དཔེར་ན་བུད་མེད་ཅིག་གིས་སངས་རྒྱས་ལ་ཏིལ་གྱི་ལ་དུ་སྦར་བ་གང་ཕུལ་བས་མ་འོངས་པ་ན་རང་སངས་རྒྱས་སུ་འགྱུར་བ་ལུང་བསྟན། ཁྱོ་དེ་ཡིད་མ་ཆེས་པ་ན་སངས་རྒྱས་ཀྱིས་ནྱ་གྲོ་ངྷའི་ས་བོན་ཡུངས་ཀར་ཙམ་ལས་ཤིང་རྟ་ལྔ་བརྒྱ་ཤོང་བའི་ཤིང་སྡོང་ཆེན་པོ་སྐྱེས་པ་དཔེ་མཛད་ནས་གསུངས་པ་ལྟར་འདི་ཤིན་ལྐོག་ཡིན་པས་ལུང་ལ་བརྟེན་ནས་ངེས་པ་རྙེད་དགོས་ལ། སྤྱིར་ཤེས་བྱ་ཐམས་ཅད་མངོན་སུམ་དང་དངོས་སྟོབས་ཀྱིས་མི་གྲུབ་པས་ལུང་ལ་བརྟེན་པ་ཡང་བློ་ལྡན་རྣམས་ཀྱི་དཔྱོད་ཚུལ་ཡིན་ནོ། །དེ་ལྟར་ཡང་ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༌། །ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། ཞེས་སོ།

གསུམ་པ། ལས་མ་བྱས་པ་དང་མི་ཕྲད་པ་ནི།

ལས་དགེ་བ་མ་བྱས་པས་འབྲས་བུ་བདེ་བ་མི་ཕྲད་པ་དང་། ལས་མི་དགེ་བ་མ་བྱས་པས་འབྲས་བུ་སྡུག་བསྔལ་མི་ཕྲད་པ་སྟེ། འདི་འབྲས་བུ་རྒྱུའི་རྗེས་འགྲོ་བྱེད་པ་ཆོས་ཉིད་ཀྱི་རིགས་པའམ། ཡང་ན་རྒྱུ་མ་དམིགས་པའི་རྟགས་ཀྱིས་ཀྱང་འགྲུབ་བོ། །

བཞི་པ། ལས་བྱས་པ་ཆུད་མི་ཟ་བ་ནི།

ལས་དགེ་བ་དང་མི་དགེ་བའི་ལས་བསགས་པ་དེ་གེགས་བྱེད་ཀྱི་རྐྱེན་དང་མ་ཕྲད་ན། ནམ་ཞིག་རྐྱེན་དང་ཕྲད་ནས་འབྲས་བུ་ངེས་པར་འབྱིན་པས་དེའི་བར་དུ་ཡུན་ཇི་ཙམ་སོང་ཡང་ཆུད་ཟོས་སུ་མི་འགྲོ་བ་གནས་པར་འགྱུར་བ་སྟེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་པའི་དོན་ཡིན་ལ། འདིའི་རིགས་པ་ཡང་། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་ནུས། ཞེས་གསུངས་པ་ལྟར་འདི་ཡང་རྟེན་འབྲེལ་གྱི་ཆོས་ཉིད་དོ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་པའི་ལུང་འདི་ལས་མ་བྱས་དང་མི་ཕྲད་པ་དང་བྱས་པ་ཆུད་མི་ཟ་བ་གཉིས་ཀའི་ཁུངས་སོ། །

དེ་ལྟར་ཚུལ་བཞི་པོ་འདིའི་སྟེང་ནས། མདོ་དྲན་པ་ཉེར་བཞག་དང་མཛངས་བླུན་སོགས་རྒྱལ་བའི་བཀའ་རྣམས་ལ་རྒྱབ་རྟེན་དུ་བཅོལ་ནས་ཡང་ཡང་སེམས་ཤིང་བསྒོམ་པས་ལས་འབྲས་ལ་ཡིད་ཆེས་ཀྱི་ངེས་པ་ཅི་རྙེད་བྱའོ། །ད་ལྟ་སྤང་བླང་ཚུལ་བཞིན་མི་ནུས་པ་འདི་ཐམས་ཅད་ལས་འབྲས་ལ་ཡིད་ཆེས་པ་ལྟ་ཅི། དོན་འགྱུར་གྱི་ཐེ་ཚོམ་ཙམ་ཡང་མེད་པའི་འབྲས་རྟགས་སུ་གསུངས་ལ། དེས་ན་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་འདི་མ་བསྐྱེད་རིང་བདེ་ལེགས་ཐམས་ཅད་ཀྱི་རྩ་བའི་ལམ་འགགས་ནས་འདུག་པའོ། །གཉིས་པ་ནི། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་པ་ལྟར་ལས་འབྲས་ཀྱི་ཚུལ་ལ་ངེས་པ་ཅི་བསྐྱེད་ཀྱིས་བསྒོམས་པས་ནམ་ཞིག་ན། རིན་ཆེན་འཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་ཐོབ་ནས། གཞན་ཞིག་གིས་ནོར་ལོངས་སྤྱོད་ཀྱི་བྱ་དགའ་ཇི་ཙམ་བྱིན་ནས་བསྐུལ་ཀྱང་ནོར་ལ་འདུན་པའི་དབང་གིས་ཆོས་ལས་མི་འདའ་བ་དང་། གཞན་གྱིས་སྦྱོར་རྩུབ་དྲག་པོས་གནོད་པ་ཇི་ཙམ་བྱས་ཀྱང་ཞེ་སྡང་དབང་གིས་ཆོས་ལས་མི་འདའ་བ་དང་། གཞན་གྱིས་སྲོག་ལ་ཐུག་པའི་སྡིགས་ར་ཇི་ཙམ་བསྐུལ་ཀྱང་འཇིགས་པའི་དབང་གིས་ཆོས་ལས་མི་འདའ་བ་དཔེར་ན་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུ་དང་དགེ་སྡིག་གང་ཡིན་མ་ཤེས་པར་ཚམ་ཚོམ་དུ་འཇུག་ནས་རྨོངས་པའི་དབང་གིས་ཆོས་ལས་མི་འདའ་བ་སྟེ། མཚམས་འདི་ནས་དགེ་བསྙེན་གྱི་སྡོམ་པ་སོགས་སྡོམ་པ་རྣམ་དག་སྐྱེ་བས་ཐར་པར་དཀྲི་རུང་བའི་ངེས་ལེགས་ཀྱི་སྣོད་མཆོག་དང༌། ཡིད་ཆེས་པའི་དད་པ་ཅན་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པར་འགྲོ་ཞིང་ངན་སོང་དུ་སྐྱེ་དོན་མེད་པ་ཡིན་ཞེས་གསུངས་པ་ལྟར། ལས་འབྲས་ལ་ཡིད་ཆེས་པའི་ངེས་པ་བཟློག་ཏུ་མེད་པར་དྲངས་ནས། བླང་དོར་ལ་འཇུག་ལྡོག་ཚུལ་བཞིན་དུ་བྱེད་པ་ངང་གིས་འབྱུང་བའི་འཇུག་ལྡོག་ཇི་ལྟར་བྱ་བའི་ཚུལ་ལ་བཞི་ལས། དང་པོ་མི་དགེ་བ་སྐྱེས་པ་རྣམས་སྤང་བ་ནི། མི་དགེ་བའི་ལས་གང་ཞིག་བྱས་དང་བྱེད་བཞིན་པ་རྣམས་དེང་ནས་མཚམས་བཅད་ནས། སྔར་བྱས་པའི་མི་དགེ་བ་ལ་དམིགས་ནས་གཉེན་པོ་སྟོབས་བཞིས་དག་ངེས་སུ་སྦྱང་དགོས། སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ནས་འདག་རྒྱུ་ཡོད་པ་སྡིག་པའི་ཡོན་ཏན་དུ་དམ་པ་རྣམས་ཀྱིས་གསུངས། སྡིག་པ་དག་ཆེ་ཆུང་ཡང་གཉེན་པོ་སྟོབས་བཞི་ཚང་བ་ཤུགས་དྲག་ཆེ་ཆུང་ལ་རག་ལས།

དེས་ན་རྣམ་པ་སུན་འབྱིན་པའི་སྟོབས་ནི།

སྔར་བྱས་ཀྱི་སྡིག་པ་ལ་དམིགས་ནས་རང་གིས་རང་བསླུས་པའི་ལས་མ་རུང་པ་འདི་ལྟ་བུ་བྱས་པ་ཤིན་ཏུ་ནི་མ་ལེགས་སྙམ་དུ་སྡིག་པའི་ཉེས་དམིགས་བསྒོམས་ནས། དུག་ཁོག་ཏུ་སོང་བ་ལྟ་བུའི་འགྱོད་པ་ཤུགས་དྲག་ཅི་བསྐྱེད་བྱ་སྟེ། ལྷག་མ་སྡོམ་སེམས་སོགས་ཀྱི་ཤུགས་ཆེ་ཆུང་དང་། སྡིག་པ་དག་འཚབ་ཆེ་ཆུང་གི་གནད་འདི་ལ་ཐུག་ཡོད།

དེ་ནས་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི།

ཕྱི་ཆད་སྡོམ་སེམས་མེད་པར་སྡིག་པ་བཤགས་པ་རྫུན་དུ་འགྲོ་བས་འདག་པའི་ཐབས་མེད། སྔར་བྱས་ལ་འགྱོད་པ་ཆེན་པོས་ཕྱི་ཆད་བསྡམས་ན་འདག་པར་འགྱུར་བས། འདུལ་བའི་ལུང་ལས་མཐོང་སྡོམ་འདྲི་བའི་རྒྱུ་མཚན་ཡང་དེ་ཡིན་པར་གསུངས་ན། སྤྱོད་འཇུག་ལས། བདག་ནི་བསྲེགས་ཏེ་བསད་གྱུར་ཀྱང་། །བདག་གི་མགོ་བོ་བཅད་ཀྱང་སླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི༌། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུང་པ་ལྟར་ད་ནས་བཟུང་རང་གི་སྲོག་ལ་བབས་ཀྱང་ཉོན་མོངས་པའི་དགྲའི་བྲན་གཡོག་བྱས་ནས། སྡིག་པའི་ལས་འདི་ལྟ་བུ་ནམ་དུ་ཡང་མི་བྱའོ་སྙམ་དུ་ཞེ་ཐག་པ་ནས་སྡོམ་སེམས་དྲག་པོ་བསྟེན་པ་གལ་ཆེ། སྡིག་པ་སྤང་དཀའ་བའི་རིགས་འགའ་ལ་ཉིན་ཞག་འདིའི་ཚུན་ཆད་དུ་མི་བྱེད་སྙམ་པའི་སྡོམ་སེམས་བསྟེན་དགོས་ཞེས་གསུངས་པའང་ཡོད། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་ཞལ་སྔ་ནས། གོང་དུ་སྤྱོད་འཇུག་དྲངས་པ་ལྟར་སྡིག་པ་གང་ཡིན་ཡང་ཕྱི་ཆད་མི་བྱེད་སྙམ་པའི་སྡོམ་སེམས་བསྟེན་ན་དགོས་པ་དང་རླབས་ཆེ་བ་འཇུག་སྡོམ་ལེན་པ་ལ་དཔེ་བྱས་ནས་གསུངས་པ་འདི་མན་ངག་ཡིན་པ་ཤེས་དགོས།

དེ་ནས་རྟེན་གྱི་སྟོབས་ནི།

རྒྱུད་དང་འདྲེས་ངེས་ཤེས་པའི་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་པ་སྟེ། འདི་ནི་ས་ལ་འགྱེལ་བ་ས་ལ་བརྟེན་ནས་ལྡང་བ་ལྟར། གང་ལ་བརྟེན་ནས་བསགས་པའི་སྡིག་པ་དེ་ལ་བརྟེན་ནས་སྦྱང་དགོས་པའི་དོན་དུ་གསུངས།

དེ་ནས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ནི།

བསླབ་བཏུས་ལས། མདོ་དང་སྟོང་ཉིད་སྒོམ་པ་ལ་བརྟེན་པ་སོགས་དྲུག་གསུངས་ཀྱང་སྡིག་པ་བཤགས་པའི་ཆེད་དུ་དམིགས་པའི་དགེ་སྦྱོར་གང་བྱེད་ཀྱང་འདྲ་བ་བེའུ་བུམ་ལས་གསུངས། གང་ལྟར་སྡིག་སྦྱོང་གི་ཆེད་དུ་དགེ་སྦྱོར་གང་ལ་ཞུགས་རུང་སྡིག་པ་དེ་དག་པའི་རྟགས་མ་མཐོང་གི་བར་དུ་འབད་པར་བྱ་བའོ། །ཡིག་བརྒྱ་འབུམ་བཟླས་ན་སྔགས་ཀྱི་རྩ་ལྟུང་ཡང་འདག་པར་འགྱུར་བ་དང་། ཉིན་རེར་ཆག་མེད་ཉེར་གཅིག་རེ་བཟླས་ན་སྡིག་པའི་འཕེལ་ཁ་ཆད་པར་འགྱུར་བ་གསུངས་པ་དང་། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེ་ཞིར་བྱ། །ཞེས་ཉིན་མཚན་ལན་གསུམ་དུ་བྱང་ཆུབ་ལྟུང་བཤགས་བཏོན་ནས་སྡིག་པའི་ལྷག་མ་ཞི་བའི་ཐབས་གསུངས་པ་ལྟར་འདི་ལྟ་བུ་ཚེགས་ཆུང་ལ་དོན་ཆེ་བས་རྒྱུན་ལྡན་དུ་གནང་དགོས། ཡིག་བརྒྱའི་མཇུག་ཏུ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ་ཞེས་གསུངས་པ་ལྟར། བཤགས་པའི་རྗེས་སྡིག་སྒྲིབ་ཐམས་ཅད་གཙང་སིང་ངེར་དག་སོང་སྙམ་པའི་དགའ་བ་སྒོམ་ཞིང་། འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་ནས་དགེ་རྩ་རྫོགས་བྱང་དུ་བསྔོ་བ་ཡང་གནད་ཡིན་ནོ། །གཉེན་པོ་སྟོབས་བཞིའི་དོན་གྱི་རིམ་པ་ཡང་འདི་བཞིན་དུ་འོང་བ་ཡིན་ཡང་ཆོ་གའི་འགྲོས་དང་བསྟུན་ན་འདི་དང་མི་འདྲ་བའང་ཤེས་དགོས།

པོ་ཏོ་བའི་བེའུ་བུམ་སྔོན་པོ་ལས། ཚན་ཅིག་གི་སྙམ་ན། ང་རྒས་ནས་ལོང་མེད་སྙམ་པ་བྱེད་དེ། དབྱུགས་རྦད་དེ་མ་ཆད་གོང་ལ་གླགས་བག་ཙམ་ཡོད་པ་ཡིན་ཏེ། ཟླ་བ་གཅིག་གི་ནང་དུ་འདར་བཏུབ་པ་ཡིན། དེ་བས་ན་ད་རེས་སྦྱང་དགོས་གསུངས་པ་ལྟར། སྡིག་པ་སྟོབས་ཆེ་ཞིང་གྲངས་མང་བ་དང་། ལོ་རྒས་ཆེས་པ་སོགས་ཀྱིས་ད་ང་ལྟ་བུས་ཅི་ཡང་བྱར་མི་ནུས་སྙམ་པའི་སྒྱིད་ལུག་ནས་བརླ་འཁུམས་ཏེ་སྡོད་པ་ལས། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་གཉེན་པོ་སྡིག་པ་སྦྱང་བ་ལ་ལོ་ཆེ་ཆུང་དང་དུས་རིང་ཐུང་ལ་མི་ལྟོས་སྟོབས་བཞིས་སྦྱོང་ན་དེ་དོན་ཆེ་བ་ཡིན། གཉེན་པོ་སྟོབས་བཞི་ཚང་ལུགས་ལ་རག་ལས་པ་ཡིན། སྡིག་པ་སྦྱངས་ནས་དག་ན་ཟླ་བ་སྤྲིན་དང་བྲལ་བ་ལྟར་ཤིན་ཏུ་མཛེས་པའམ་ལེགས་པ་ཡོང་བར་གསུངས་ཏེ། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་འདོད་ཆགས་ཧ་ཅང་ཆེ་བ་ཅུང་དགའ་བོ་དང་། མི་སྟོང་མ་ཟིན་ཙམ་བསད་པ་སྡིག་པ་ཧ་ཅང་ཆེ་བ་སོར་ཕྲེང་ཅན་དང༌ཕ་བསད་པའི་མཚམས་མེད་བྱེད་པ་མཐོང་ལྡན་མ་སྐྱེས་དགྲ་དང༌། མ་བསད་པའི་མཚམས་མེད་བྱེད་པ་བདེ་བྱེད་དེ་དག་ཀྱང་ཕྱིས་སྟོན་པའི་བཀའ་ལྟར་སྡིག་སྤོང་དགེ་སྒྲུབ་ཚུལ་བཞིན་བྱས་པས་རྟེན་དེ་ལ་དང་པོ་གཉིས་དགྲ་བཅོམ་དང་ཕྱི་མ་གཉིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་གསུངས་པ་ལྟ་བུའོ། །

གཉིས་པ་མི་དགེ་བ་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཡང་དག་སྤང་བ་ནི།

སྔར་གྱི་སྡིག་པའི་འཕྲོ་བཅད་ནས་བཤགས་པའི་སྐབས་སུ་སྡོམ་སེམས་ཤུགས་དྲག་བསྐྱེད་པ་བཞིན། དེང་ནས་བཟུང་མི་དགེ་བ་སྒོ་གསུམ་ནས་གསར་དུ་འཇུག་པའི་སྒོ་བཀག་ནས་སྡིག་པས་ཡེ་མ་གོས་པའི་ཐབས་ལ་བརྩོན་པ་སྟེ། འདི་ལའང་སྡིག་ལྟུང་འབྱུང་བའི་སྒོ་བཞི་དགག་དགོས་པས། དང་པོ་མི་ཤེས་པ་ལྟུང་བའི་སྒོ་ནི། གང་ཞིག་བྱ་བའི་གཞི་བྱར་རུང་བ་དང་མི་རུང་བ་མ་ཤེས་པར་བྱ་བ་དེ་ལ་ཞུགས་པས་སྡིག་ལྟུང་གིས་གོས་པར་འགྱུར་བས། རང་གིས་གང་ལ་སློབ་པར་བྱེད་པའི་བསླབ་གཞིའི་ཁྲིམས་ཀྱི་མི་མཐུན་ཕྱོགས་རྣམས་མདོ་དང་བསྟན་བཅོས་ཉན་པ་དང་ཀློག་པ་སོགས་བྱས་ནས་ངོ་བོ་དང་རྣམ་དབྱེ་གྲངས་འདྲེན་ཚུན་ཆད་ཤེས་པར་བྱེད་པའོ། །གཉིས་པ་མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ནི། བསྲུང་བྱ་རྣམས་ཤེས་ཀྱང་སྟོན་པ་སོགས་ལ་མ་གུས་པའི་དབང་གིས་ལྟུང་བ་སྐྱེས་པ་ཡོད་པས། སྟོན་པ་སངས་རྒྱས་སོགས་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་བཀའ་དྲིན་མཐོང་བས་དད་པ་དང་གུས་པ་བསྐྱེད། བཅས་པའི་ཁྲིམས་དང་ལས་འབྲས་ལ་ཡིད་ཆེས་པའི་གུས་པ་བྱེད། ལྷག་པར་རང་རྒྱུད་ཀྱི་བསླབ་ཁྲིམས་སྟོན་པའི་སྐུ་ཚབ་ལྟ་བུ་དང་རང་ཅག་གི་ཆོས་དཀོན་མཆོག་འདི་ཡིན་པས་གུས་པ་བྱེད་དགོས། སེམས་ཅན་སྤྱི་དང་ལྷག་པར་རང་གི་གྲོགས་ཚངས་པར་སྤྱོད་པ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཀུན་ལ་གུས་པ་བྱས་ན་སེམས་ཅན་ལ་བརྟེན་པའི་ཉེས་པ་རྣམས་ཁེགས་པར་འགྱུར་བ་ནི། ལམ་རིམ་ཆེ་མོ་ལས། འོ་སྐོལ་དགེ་བ་འདྲ་བ་བྲད་བྲུད་བྱེད་པར་འདུག་ཀྱང་འཕེལ་རྟགས་མེད་པར་ཟད་རྟགས་མང་བ་དེ་བྱང་སེམས་དང་གྲོགས་ལ་ཞེ་སྡང་དང་བརྙས་པ་བྱས་ཤིང་རྨ་ཕྱུང་བས་ཟད། དེས་ན་འདི་དང་བྱང་སེམས་ལ་རྨ་འབྱིན་པ་སྤོང་བ་གཉིས་ཐུབ་ན་བསླབ་བཏུས་ནས་གང་ཟག་ལ་བརྟེན་པའི་གནོད་འགྱུར་གསུངས་པ་ཐམས་ཅད་མི་འོང་གསུངས་ཏེ། བྱང་སེམས་གང་ན་ཡོད་མི་ཤེས་པས། འོད་སྲུངས་ཀྱིས་ཞུས་པ་ལྟར་སེམས་ཅན་ཀུན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་དག་སྣང་སྦྱོང་བའི་དབང་དུ་མཛད་པ་ཡིན་ཞེས་དཀར་ཆོས་ཀྱི་ཐད་དུ་གསུངས་སོ། །

གསུམ་པ་ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ་ནི།

གུས་པ་ཡོད་ཀྱང་ཉོན་མོངས་པའི་ཤུགས་ཀྱིས་ལྟུང་བ་སྐྱེ་བར་འགྱུར་བས། ཉོན་མོངས་པ་གང་ཤུགས་ཆེ་བ་དེ་དག་གི་གཉེན་པོ་བསྟེན་པ་སྟེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། ང་རྒྱལ་གྱི་གཉེན་པོར་ཁམས་ཀྱི་རབ་དབྱེ་དང་། སྐྱེ་རྒ་ན་འཆིའི་གཞན་དབང་དུ་གྱུར་ཚུལ་དང་འཁོར་བ་ལ་ཡིད་བརྟན་མེད་པ་སོགས་བསྒོམ་དགོས་པ་གསུངས། གཏི་མུག་གི་གཉེན་པོར་རྟེན་འབྲེལ་དང་། དུག་གསུམ་སོ་སོ་ལ་གཉེན་པོ་ཡིད་ལ་བྱེད་ཚུལ། ཁོང་ཁྲོ་ལྟ་བུ་ལ་མ་མཐོང་བའི་ཉེས་དམིགས་གནོད་བྱེད་ལ་གནོད་ལན་བྱེད་པས་རང་ལ་ལུས་སེམས་དང་དཔལ་འབྱོར་སོགས་ལ་གྱོན་གུད་ཐེབས་པ་དེ། སླར་སོར་ཆུད་པ་མེད་པར་མ་ཟདའཇིག་རྟེན་ཕྱི་མར་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། ད་ལྟར་རང་ཉིད་ལ་སྡིག་སྡུག་གཏམ་ངན་གང་བྱུང་ཐམས་ཅད་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་གྱི་སྔར་བྱས་ཀྱི་མི་དགེ་བའི་འབྲས་བུ་རང་ཐོག་ལ་སྨིན་ནས་ཟད་པ་ཡིན་པས་དེ་བདག་གིར་བྱ་རིགས་པ་ལས་གཞན་ལ་ཁོ་ཁྲོས་གནོད་ལན་བྱ་མི་རིགས་ཏེ། གནོད་ལན་བྱེད་པ་སྡུག་བསྔལ་གྱི་རྒྱུ་ཡིན་པས་མ་འོངས་པར་སྡུག་བསྔལ་མི་འདོད་དང་འགལ་བའོ། །ཁོང་ཁྲོས་ཉེས་དམིགས་དེ་ཙམ་མ་ཟད་བདེ་བའི་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་རྣམས་འཇོམ་པར་བྱེད་པ་སོགས་བསམ་ནས་ཁོང་ཁྲོ་སྤང་དགོས་ཏེ་འཇུག་པ་ལས་གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན། །དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེར་བཀོན་ངེས་པར་འདིར་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །སྔོན་བྱེད་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང༌། །ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོ །གཞན་ལ་གནོད་པ་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད། །གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་བ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་དང་ཡང་མཐོང་ཆོས་གྱི་ཉེས་དམིགས་ནི། ཁོང་ཁྲོའི་དབང་གིས་རང་ཉིད་མི་སྡུག་པའི་གཟུགས་སུ་འགྱུར་བདམ་པ་རྣམས་ཀྱིས་སྨད་པའི་གནས་སུ་འགྱུར་བ། ཚུལ་དང་མཐུན་མིན་དཔྱོད་པའི་ཤེས་རབ་འཕྲོག་པར་བྱེད་པ་སོགས་ཡིན་ཏེ། འཇུག་པ་ལས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང༌། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །ཅེས་སོགས་དང་། རྗེ་དགེ་འདུན་གྲུབ་པའི་སྒྲོལ་མའི་བསྟོད་པ་ལས། འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཏེ། །གཞན་ལས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང༌། །ཕ་རོལ་ཁྱད་དུ་གསོད་པའི་སྦར་ཁྱིམ་ཅན། །ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་སོགས་ཕྱིའི་འཇིགས་པ་བརྒྱད་དང་ནང་གི་འཇིགས་པ་ཉོན་མོངས་བརྒྱད་ཀྱི་ངོ་བོ་དང་བྱེད་ལས་སོགས་ཡང་ཡང་བསམ་ནས་གཉེན་པོ་བསྟེན་པ་གལ་ཆེ། ཉོན་མོངས་སྤྱིའི་གཉེན་པོར་སྟོང་ཉིད་བསྒོམ་པའོ། །

བཞི་པ་བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ནི།

མི་མཐུན་པའི་ཕྱོགས་ལས་སེམས་མ་བསྲུངས་པར་ལེ་ལོ་དང་རྣམ་གཡེང་སོགས་བག་མེད་ངང་དུ་གནས་ན་མི་དགེ་བ་འཕེལ་བར་འགྱུར་བས་སེམས་བསྲུང་བའི་བག་ཡོད་བསྟེན་དགོས་ཏེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། ཞེས་བསླབ་པ་བསྲུང་བ་ལ་སེམས་བསྲུང་དགོས་པ་གསུངས། སེམས་ཇི་ལྟར་བསྲུང་ཚུལ་ཡང་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག། ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་སློབ་དཔོན་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ནས་ཐུགས་བརྩེ་བ་ཆེན་པོས། རང་ཅག་སེམས་མི་མཐུན་ཕྱོགས་ལས་བསྲུང་བར་འདོད་པ་རྣམས་ལ་དྲན་པ་དང་ཤེས་བཞིན་གཉིས་འབད་པ་ཆེན་པོས་སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། ཕྱག་གཉིས་ཐལ་མོ་སྤྱི་བོར་སྦྱར་ནས་གདམས་གནང་མཛད་པ་དེ། རང་ཅག་སྐྱབས་ཡུལ་དུ་བྱས་ནས་ཕྱག་ཐལ་མོ་སྦྱར་བ་མ་ཡིན་པར་སེམས་བསྲུང་བ་ལ་འདི་གཉིས་གལ་ཆེ་བ་དགོངས་ནས་ཐུགས་བརྩེ་བས་གདམས་པ་ཤེས་པར་གྱིས་ཤིག །དྲན་པ་བསྲུང་ཚུལ་དང་བཅས་པ་ནི་དེ་ཉིད་ལས། ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང༌། །བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད། །དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏོང་ངོ། །སོང་ནའང་ངན་འགྲོ་གནོད་པ་དག། དྲན་པར་བྱས་ཏེ་ཉེ་བར་བཞག། ཅེས་པ་སྟེ། དཔེར་ན་ཆོམ་རྐུན་དག་གིས་མགྲོན་པོ་ལྟ་བུ་ལ་གླགས་ཁེལ་མི་ཁེལ་དང་གོ་སྐབས་ཡོད་མེད་སོགས་བརྟགས་ཤིང་ཚོལ་ནས་གལ་ཏེ་གོ་སྐབས་བྱུང་ན། བྱུང་མ་ཐག་རྐུ་འཕྲོག་བྱེད་པ་ལྟར། ཉོན་མོངས་པའི་ཆོམ་རྐུན་ཚོགས་ཀྱང་དེ་དང་འདྲ་བར་གོ་སྐབས་བྱུང་ནས་དགེ་བ་འཕྲོག་པར་བྱེད་པས། ནམ་ཡང་དྲན་པ་མི་ཉམས་པར་བསྲུང་དགོས། གལ་ཏེ་ཉམས་ན་ངན་སོང་གི་འཇིགས་པ་དྲན་ནས་གནས་ཐབས་བྱེད་དགོས་ཞེས་པའོ། །ཡང་དྲན་པ་བསྲུང་བའི་ཐབས། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་ཆོམ་རྐུན་དག། དྲན་པ་ཉམས་པའི་རྗེས་འབྲང་བས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་དཔེར་ན་ཕྱི་སྒོའི་གཡས་གཡོན་སོགས་སུ་བྱ་ར་བྱེད་མཁན་གྱི་མི་མེད་ན་ཆོམ་རྐུན་པ་ནང་དུ་འཛུལ་ནས་བསགས་པའི་རྒྱུ་ནོར་རྐུ་འཕྲོག་བྱེད་པ་ལྟར། བྱ་ར་བྱེད་པའི་ཤེས་བཞིན་མེད་ན་ཉོན་མོངས་པའི་ཚོགས་དྲན་པ་ཉམས་པའི་རྗེས་སུ་འབྲངས་ནས་བསགས་པའི་དགེ་བ་འཕྲོག་པར་བྱེད་པས་ཤེས་བཞིན་བསྲུང་དགོས་ཞེས་པའོ། །ཡང་ཁྲེལ་དང་ངོ་ཚ་བསྲུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་གནོས། །ཞེས་དེ་ལྟར་བསམས་ནས་རང་ངོས་ནས་མི་རུང་སྙམ་པའི་ངོ་ཚ་དང་། བསླབ་པ་ལ་གུས་པ་དང་། གཞན་གྱིས་ཁྲེལ་བས་འཇིགས་ནས་བག་ཡོད་པ་གྱིས་ཤིག་ཅེས་པ་སྟེ་གོང་གི་གསུང་གོ་སླའོ། །སྲིད་ན་རྙེད་དཀའ་བའི་གསུང་བྱིན་རླབས་ཅན་སེམས་རྒྱུད་འདུལ་བའི་གདམས་པའི་རྒྱལ་པོ་སྤྱོད་འཇུག་ཡོངས་རྫོགས་ལྟ་ཅི་ཚིགས་བཅད་རེའི་དོན་ཙམ་ཡང་སེམས་ཤིང་བསྒོམ་ན་དོན་ཆེ་བ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་གཉེན་པོ་བསྟེན་ཀྱང་ལས་དང་པོ་བའི་སྐབས་སྡིག་པ་གཏན་ནས་མི་འབྱུང་བ་དཀའ་བས། ཉེས་པ་བྱུང་རིམ་བཞིན་རང་གི་དཔྲལ་བར་རང་གིས་མཛུབ་མོ་བཙུགས་ཏེ་རང་གིས་རང་སྨད་ནས། ཕྱིས་འདི་ལྟ་བུ་མི་འབྱུང་བ་ཅིས་ཀྱང་བྱ་སྙམ་དུ་ཡི་དམ་བྱེད་ཀྱིན་འབད་ན་རིང་པོར་མི་ཐོགས་པར་གཙང་སེལ་ཡོང་བ་ཡང་སྤྱོད་འཇུག་ལས། ཉེས་པ་བྱུང་བ་རེ་རེ་ཞིང་། །བདག་ལ་སྨད་ནས་ཅི་ནས་ཀྱང་། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་རིང་བསམ། །ཞེས་སོ། །

གསུམ་པ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱེད་པ་ནི།

སྒོ་གསུམ་གྱི་དགེ་སྦྱོར་སྤྱི་དང་ལྷག་པར་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྔར་མ་སྐྱེས་པ་རྣམས་སྐྱེད་པའི་ཐབས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ནས། དེ་ལས་གཞུང་ཆེ་མོ་དང་ལམ་རིམ་སོགས་ཉན་སེམས་སྒོམ་པ་ལ་རྟག་འགྲུས་བྱ་དགོས་ཤིང་། ཇི་ལྟར་བྱ་བ་ཡང་སྤྱོད་འཇུག་ལས། སྟོབས་ཉམས་པ་དང་རྗེས་འབྲེལ་ན། །སླར་བྱའི་དོན་དུ་དོར་བར་བྱ། །ལེགས་པར་ཟིན་ནས་ཕྱི་མ་དང༌། །ཕྱི་མ་འདོད་པས་དེ་སྤང་བྱ། །ཞེས་དེ་ལྟར་འབད་པའི་ཚེ་ན་བ་སོགས་ཀྱིས་ལུས་སྟོབས་ཉམས་ནས་འབད་མ་ནུས་ན། གནས་སྐབས་བཞག་ནས་ངལ་གསོ་ཞིང་། ནུས་པ་བརྟས་ནས་སླར་འབད་པས་མཐའ་ལེགས་པར་ཟིན་པ་ན། དེ་ཙམ་གྱིས་ཆོག་པར་མི་འཛིན་པར་དེ་ལས་ཕྱི་མ་དང་ཕྱི་མ་དེ་ལས་ཕྱི་མ་ཁྱད་དུ་འཕགས་པ་བྱས་ནས་སྔ་མ་ཚར་རིམ་བཞིན་ཕྱི་མ་ལ་འཇུག་དགོས་སོ། །དེ་ལྟར་ཏུ་བསྒྲུབ་པའི་ཚེ་སྙོམ་ལས་དང་། བྱ་བ་ངན་ཞེན་གྱི་ལེ་ལོ་དང་སྒྱིད་ལུག་སོགས་བྱུང་ན་དེ་དག་གི་གཉེན་པོ་སྤྱོད་འཇུག་ལེའུ་བདུན་པ་ནས་འབྱུང་བ་ལྟར་བསྟེན་ཤེས་པར་བྱེད་ཅིང་། མདོར་ན་རྐྱང་ཞིག་གིས། ང་ནི་རང་ཁར་རང་གིས་ལྡོན། རང་ཅག་རང་གིས་རྒྱག་ཟེར་བ་བཞིན་དུ། རང་སེམས་རང་གིས་བསྐུལ་ནས་བླ་སློབ་གཉིས་ཀ་རང་གིས་བྱེད་དེ། དགེ་བཤེས་འབན་གྱིས་རྡེའུ་དཀར་ནག་བགྲངས་ནས་བསྟོད་སྨད་མཛད་པ་ལྟར། གཟེངས་ཀྱང་རང་གིས་བསྟོད། དམའ་ཡང་རང་གིས་ཕབ་ནས། དགེ་བའི་ཕྱོགས་ལ་ཕྱི་བ་མ་སོད་ཀྱང་ས་ཕུང་ལ་འགྱོད་པ་མེད་ཟེར་བའི་ཚུལ་དུ་བྱེད་དགོས། དེ་ཡང་སྤྱོད་འཇུག་ལས། གཞན་དག་དམན་པའི་ལས་བྱེད་ན། །བདག་ཉིད་ཀྱང་ནི་ཇི་ལྟར་འདུག། ཅེས་ལས་དམན་པ་འཕྲལ་གྱི་འཚོ་བ་ཙམ་གྱི་ཆེད་དུ་ཐ་ན་གྲོག་འབུ་ཡན་ཆད་ཀྱིས་བྲེལ་བས་དལ་ཁོམ་མེད་པར་བྱེད་དགོས་ན། བདག་ཀྱང་དོན་མེད་དུ་བསྡད་ན་ག་ལ་འགྲིག་སྙམ་ནས་རང་གིས་རང་བསྐུལ་བ་དང་། ཡང་། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟས་ཅིས་མི་བཟོད། །ཅེས་གསུངས་པ་ལྟར་སེམས་པ་དང་། ཡང་། བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །གང་གི་ལས་ཉིད་བདེ་འགྱུར་བ། །དེ་ལས་མི་བྱེད་ཇི་ལྟར་བདེ། །ཞེས་པ་སྟེ། འདི་ལྟར་འཇིག་རྟེན་ན་མི་སུ་ཞིག་ཡིན་རུང་ལས་མེད་དུ་སྡོད་པ་སྨྱོན་པ་ལས་མེད་ལ། རང་གིས་ཆོས་མ་བྱས་ན་འཇིག་རྟེན་གྱི་ལས་བྱ་དགོས་ཤིང་། འཇིག་རྟེན་བྱེད་པ་ལས་དཀར་ཆོས་བྱས་ན་དགའ་བ་ཡིན་ཏེ། འདི་ཕྱི་གཉིས་སུ་བདེ་བ་འབྱུང་ངེས་པའི་ཕྱིར་རོ། །དེ་ལྟར་ན་བྱིས་པ་རྣམས་ཀྱིས་རྩེད་མོ་མི་ངོམས་པ་བྱེད་པ་ལྟར། དགེ་བའི་ལས་ལ་དགའ་བཞིན་དུ་འཇུག་པས་མི་ངོམས་པ་ཞིག་དགོས་ཏེ། སྤྱོད་འཇུག་ལས། རྩེད་མོའི་བདེ་འབྲས་འདོད་པ་ལྟར། །འདི་ཡིས་བྱ་བའི་ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། །ཞེས་སོ། །འདིའི་རྒྱུ་མཚན་ནི། དཔེར་ན་སྤུ་གྲིའི་སོ་རྩེར་ཆགས་པའི་སྦྲང་རྩི་འཇིབ་པ་ན། ལྕེ་གྲིའི་སོས་ཇི་ཙམ་བཅད་ཀྱང་དེ་ལ་ཆགས་པའི་འདོད་པ་ཅན་འགས་ད་དུང་མི་ངོམས་པར་འཇིབ་པར་བྱས་ན། རྣམ་སྨིན་འདི་ཕྱི་ཀུན་ཏུ་བདེ་བ་ཙམ་མ་ཟད། ད་དུང་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་ཚོགས་མ་ལུས་པ་ཞི་བར་བྱེད་པའི་བསོད་ནམས་ཅི་སྟེ་ངོམས་ཏེ་ངོམས་མི་རིགས། ཚུལ་ཇི་ལྟ་བུ་ནི། དཔེར་ན་བུང་བ་སྦྲང་རྩི་ལ་ཆགས་པའི་ཚུལ་ལྟ་བུས་འཇུག་དགོས་ཏེ། སྤྱོད་འཇུག་ལས། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་སོ། །ཚུལ་དེ་ལྟ་བུས་འབད་ཀྱང་ཉམས་རྟོགས་མི་སྐྱེ་བར་འདུག་ན། མི་སྐྱེ་བའི་རྒྱུ་མཚན་འདིས་ཀྱང་དགེ་བ་ལ་བསྐུལ་ནས་འབད་པ་རྒྱུན་མི་ཆད་པར་བྱ་བའོ། །

བཞི་པ་དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བར་བྱ་བ་ནི། །

སྔར་སྐྱེས་པའི་དགེ་བ་བསྲུང་བ་དང་སྤེལ་བའོ། །བསྲུང་བ་ནི། མཐུན་པའི་ཡུལ་དང་གྲོགས་སོགས་མི་ཉམས་པའི་མཐུན་རྐྱེན་རྣམས་བསྟེན་པ་དང༌། གནོད་པའི་འགལ་རྐྱེན་རྣམས་སེལ་བར་བྱས་ནས་དད་པ་དང་ཚུལ་ཁྲིམས་སོགས་རང་རྒྱུད་ཀྱི་ཡོན་ཏན་མི་ཉམས་པར་བསྲུང་ཤེས་པ་དགོས་ཤིང་། འདི་ལ་ཤེས་རབ་ཆེ་བ་ཞིག་དགོས་པར་གསུངས་པས་ཡུལ་དུས་གང་དུ་ཡང་རང་གིས་སྒོ་གསུམ་གྱི་བྱ་བ་གང་ཞིག་བསྟེན་རུང་། བསླབ་གསུམ་གྱིས་བསྡུས་པའི་ཉམས་ལེན་ལ་གནོད་མི་གནོད་དཔྱོད་ཤེས་པ་བྱས་ནས་སྟངས་འཛིན་མཁས་པོ་བྱ་དགོས་པའི་དོན་ཡིན། དེ་ལྟར་ཚོད་ཟིན་པོ་མ་བྱུང་ཚེ་རང་རྒྱུད་ཀྱི་ཆོས་འགོ་མི་ཐོན་པས་ཉམས་ལེན་ལ་སྐྱེད་ཡོང་ཐབས་མེད་དོ། །འདིའི་འགལ་རྐྱེན་ལ་དུ་མ་ཞིག་ཡོད་ཆོག་ཀྱང་གེགས་ཆེ་ཤོས་ཤིག་ནི། ཞེ་སྡང་ལྟ་བུ་སྡིག་པ་མེད། །ཅེས་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པ་དང་། སྔར་བྱས་ཀྱི་དགེ་རྩ་འཇོམས་པའི་སྡིག་པ་ཁོང་ཁྲོ་ལས་གཞན་མཆོག་ཏུ་གྱུར་པ་མེད་པར་གསུངས་ཤིང་། ཁོང་ཁྲོས་དགེ་རྩ་ཇི་ཙམ་འཇོམས་ཡང་། སྤྱོད་འཇུག་ལས་བསྐལ་པ་སྟོང་དང་། འཇུག་པར་བསྐལ་པ་བརྒྱར་བསགས་པའི་དགེ་རྩ་འཇོམས་པར་གསུངས་པ་ནི། ཡུལ་རྟེན་མཐོ་དམན་གྱིས་ཁྱད་པར་ཡིན་པ་གསུངས་ཀྱང་སྤྱིར་ཁོང་ཁྲོ་སྟོབས་ཆེ་ཆུང་ལས་དགེ་རྩ་འཇོམས་ཚུལ་སྣ་ཚོགས་ཤིག་ཡོད་དོ། །མཆོད་རྟེན་ལ་ཕྱག་བྱས་པའི་ཕན་ཡོན་འོག་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་སྟོང་འགྱུར་དུ་འཁོར་བསྒྱུར་བྱེད་པའི་དགེ་རྩ་ཐོབ་པ་དེ་ཐམས་ཅད་ཁོང་ཁྲོས་འཇོམས་འགྲོ་བ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པས། དགེ་བ་བསྒྲུབ་འདོད་པ་རྣམས་ཀྱིས་འདིའི་གཉེན་པོ་གཟབ་ནན་ཆེན་པོས་བསྟེན་དགོས་ཏེ། རྗེའི་དགོངས་པ་རབ་གསལ་ལས། ཁོང་ཁྲོ་སྤྱི་དང་ཁྱད་པར་དུ་ཚངས་པ་མཚུངས་པར་སྤྱོད་པ་དང༌། བྱང་སེམས་ལ་དམིགས་པའི་ཁོང་ཁྲོ་འགོག་པ་ལ་ནུས་པ་ཅི་ཡོད་ཀྱིས་འབད་པར་བྱའོ། །ཞེས་གསུངས་སོ། །འདིའི་གཉེན་པོ་བསྟེན་ཚུལ་རྒྱས་པ་སྤྱོད་འཇུག་ལེའུ་དྲུག་པ་ནས་འབྱུང་བས་དེར་བལྟ་དགོས་ཤིང་། །མདོ་ཙམ་བརྗོད་ན། གཞན་གྱིས་རང་ལ་གནོད་པའི་ལས་བྱེད་པ་དེ་ཁོ་རང་ལ་རང་དབང་ཡོད་ནས་བསམ་བཞིན་དུ་བྱས་པ་མིན་ཏེ། སྔོན་ཉོན་མོངས་པའི་ས་བོན་དང་ཡུལ་ཉེ་བ་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་སོགས་རྒྱུ་རྐྱེན་ཚང་བའི་མཐུ་ལས་རང་དབང་མེད་པར་བྱེད་པ་ཡིན་ནོ། །གལ་ཏེ་རང་དབང་ཡོད་ན་ཁོ་རང་ལ་སྡུག་བསྔལ་འབྱུང་བ་མི་འཐད་དེ། རང་དབང་ཡོད་སྡུག་བསྔལ་ནི་མི་འདོད་པའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་མེད་ན་གཞན་ལ་གནོད་པའི་ལས་བརྩམ་པ་མི་རིགས་སོ། །དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ནས་སྤྲུལ་ལྟ་བུ། །དངོས་པོ་ཀུན་ལ་ཁྲོ་མི་རིགས། །ཞེས་སོ། །

གལ་ཏེ་ཉོན་མོངས་པའི་གདོན་གྱིས་བརླམས་ནས་རང་དབང་མེད་པར་བྱེད་པ་ཡིན་ན་དེ་ཡང་ཁྲོ་མི་རིགས་ཏེ། བཞི་བརྒྱ་པ་ལས། ཁྲོ་ཡང་འབྱུང་པོས་བཟུང་བ་ལས། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་དང་། སློབ་དཔོན་ཟླ་བ་གྲགས་པས་ཀྱང་། འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུག་མི་བྱེད། །ཅེས་གསུངས་འདི་ཉིད་ངེས་པ་སྐྱེ་སླ་ཞིང་ཁྲོ་བའི་གཉེན་པོར་འགྱུར་ཚབས་ཆེ་བ་རྗེས་གསུངས་པས་འདི་ལ་ངེས་པ་རྙེད་རྙེད་དུ་བསྒོམ་མོ། །འཇུག་པར། གནོད་པ་བྱས་པ་གལ་ཏེ་དེར་བཀོན་ན། །དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེར་བཀོན་ངེས་པར་འདིར་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །ཞེས་གནོད་པ་བྱས་པའི་ལན་དུ་སླར་ཁྲོས་ནས་གཞན་དེར་གནོད་པ་བྱས་ཀྱང་། རང་ལ་གནོད་ཟིན་པའི་སྡུག་བསྔལ་ལྡོག་པར་མི་འགྱུར་བ་མ་ཟད་སླར་དགྲ་འཕེལ་བར་འགྱུར་བ་ལས་ཚེ་འདིའི་དོན་མེད་ལ། ཕྱི་མ་ཡང་དེས་སྡུག་བསྔལ་དཔག་མེད་འདྲེན་པར་བྱེད་པ་དེ་བས་ན། སླར་ལན་མ་བྱས་པར་བཟོད་པ་བསྒོམས་ནས་བསྡད་ན། འདི་ཕྱི་གཉིས་ཀ་ལ་དེ་དགེ་ཆེ་བས་འདི་ནི་བློ་ལྡན་རྣམས་ཀྱི་ཚུལ་ཡིན་ནོ། །ལེགས་བྲིས་མ་ལས། ཚུལ་མིན་ཡིད་བྱེད་རླུང་གིས་བསྐུལ་བ་ལས། །ཉེས་སྤྱོད་དུད་སྤྲིན་འཁྲིགས་པའི་ཀློང་དཀྱིལ་ན། །དགེ་བའི་ནགས་ཚལ་བསྲེག་པའི་ནུས་པ་ཅན། །ཞེ་སྡང་མེ་ཡི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་གསུངས་པ་ལྟར། རང་ཕྱོགས་ལ་གནོད་དང་གནོད་པར་འགྱུར་བ་སོགས་སེམས་པའི་ཚུལ་མིན་ཡིད་བྱེད་ཀྱི་རླུང་དྲན་ཤེས་ཀྱི་ཡོལ་བ་བརྟན་པོས་བཀག་ཐུབ་ན། ཉེས་སྤྱོད་དུད་སྤྲིན་གྱི་ཀློང་ནས་དགེ་བའི་ནགས་ཚལ་སྟུག་པོ་ལྷག་མེད་དུ་བསྲེག་པའི་ཞེ་སྡང་གི་མེ་འགོག་ནུས་པས། འདིར་བྱ་སླ་དོན་ཆེ་བ་དྲན་ཤེས་ཀྱི་ཀ་བ་བརྟན་པོར་བཙུགས་ནས་བག་ཡོད་ཀྱི་ཡོལ་བ་མཐུག་པོའི་ངང་གནས་པའི་ཐབས་བྱས་ན་བཟང་ངོ་། །དགེ་རྩ་འཇོམས་པའི་སྡིག་པ་ནི་ཞེ་སྡང་གཅིག་བུར་མིན་ཏེ། རྩ་ལྟུང་རྣམས་ཀྱིས་དགེ་རྩ་འཇོམས་པ་ནམ་སྙིང་གི་མདོ་དང་། རྙེད་བཀུར་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང་། མངོན་པའི་ང་རྒྱལ་གྱིས་ཁེངས་པ་དང་། ཆོས་སྤོང་བས་ཀྱང་དགེ་བ་ཟད་པར་བྱེད་པ་བསླབ་བཏུས་སུ་འབྱུང་བ་དགོངས་པ་རབ་གསལ་ལས་གསུངས་པས་དགེ་རྩ་འཇོམས་བྱེད་ཀྱི་རྐྱེན་ངོ་ཤེས་པ་བྱས་ནས་སྤང་དགོས་སོ། །སྤྱིར་བསྟན་པའི་ཞལ་འདེབས་དང་རང་གཞན་ཀུན་ལ་འདི་ཕྱི་གཉིས་ཀར་ཕན་པའི་རྒྱུར་འགྲོ་ངེས་པས་རྒྱུན་གྱི་སྤྱོད་ལམ་ལ་ཡིད་གཟབ་བསྟེན་ན་ལེགས་སོ། །གཉིས་པ་ཡིད་དག་པ་བསྒྲུབ་པ་ལ་གཉིས། ཉོན་མོངས་མངོན་འགྱུར་བས་ཡིད་དག་པར་བསྒྲུབ་པ་དང་། བག་ལ་ཉལ་གྱིས་ཡིད་དག་པར་བསྒྲུབ་པའོ། །

དང་པོ་ནི། ༧)དྲན་པ་ཡང་དག་འཕགས་པའི་ལམ་ཡན་ལག་ཅེས་པ་སྟེ།

འདིར་ལུས་ཚོར་སེམས་ཆོས་བཞི་ལ་དམིགས་པའི་དྲན་པ་ཡང་དག་བཞིའོ། །ལུས་ཀྱི་སྟེང་དུ་རང་སྤྱིའི་མཚན་ཉིད་གཉིས་ཀྱིས་བརྟགས་ནས་བསྒོམས་པས་གཙང་བདེ་རྟག་བདག་སོགས་ཚེ་འདིའི་ཞེན་པ་བཟློག་ནས་ཕྱི་མ་དོན་གཉེར་གྱི་བློ་དང་། ཚོར་བའི་སྟེང་དུ་དེ་གཉིས་བསྒོམས་པས་སྲིད་པའི་ཕུན་ཚོགས་ལ་ཞེན་པ་བཟློག་ནས་དེ་ལས་ཐར་འདོད་ཀྱི་བློ་བསྐྱེད་པ་དང་། སེམས་ལ་དམིགས་ནས་དེ་ལྟར་དུ་བསྒོམས་པས་རང་གཅེས་འཛིན་གྱི་བློ་དོར་ནས་གཞན་གཅེས་པར་འཛིན་པ་དང་། ཆོས་ལ་དམིགས་ནས་དེ་ལྟར་དུ་བསྒོམས་པས་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་སློབ་ཅིང་དེ་དག་གི་མི་མཐུན་ཕྱོགས་སྦྱོང་བའོ། །

ལུས་དྲན་པ་ཉེར་བཞག་ནི། ལུས་ཀྱི་ངོ་བོ་མི་གཙང་བ་བསྒོམ་པ་ནི། རིན་འཕྲེང་དང་སྤྱོད་འཇུག་ལས་རྒྱས་པར་འབྱུང་བས་དེར་བལྟ་དགོས་ཤིང་། འདིར་ལྷག་པར་ཤེས་དགོས་པ་ཞིག་ལ་གཞུང་དེ་གཉིས་སུ་བུད་མེད་ཀྱི་ལུས་ལ་དམིགས་ནས་སྒོམ་ཚུལ་གསུང་པ་ནི། སྐྱེས་པའི་ལུས་གཙང་བ་དང༌། བུད་མེད་ཀྱི་ལུས་མི་གཙང་བས་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་ཏེ། རིན་འཕྲེང་ལས། ཇི་ལྟར་བུད་མེད་གཟུགས་མི་གཙང༌། །ཁྱོད་ཀྱི་རང་ལུས་དེ་དང་འདྲ། །དེ་བས་ཕྱི་དང་ནང་ཉིད་ལ། །འདོད་ཆགས་བྲལ་བར་རིགས་མིན་ནམ། །རྨ་དགུ་དག་ནས་འཛག་པ་ཅན། །བདག་ཉིད་མངོན་སུམ་འཁྲུ་བྱེད་ཀྱང་། །ལུས་མི་གཙང་བར་མི་རྟོགས་ན། །ཁྱོད་ལ་བཤད་པས་ཅི་ཞིག་ཕན། །ཞེས་ཚིག་རྐང་དང་པོས་བུད་མེད་ཀྱི་ལུས་མི་གཙང་བ་ཡིན་པ་དང་གཉིས་པས་དེ་བཞིན་དུ་རྒྱལ་པོ་ཁྱོད་ཀྱི་ལུས་མི་གཙང་བ་ཡིན་པས། ཕྱི་ནང་གི་ལུས་ལ་ཆགས་པ་མི་རིགས་ཞེས་པ་དང་། གཉིས་པས་ལུས་ཀྱི་སྒོ་དགུ་ནས་མི་གཙང་བ་འཛག་པ་ཉིན་རེ་བཞིན་བདག་ཉིད་ཀྱིས་མངོན་སུམ་དུ་འཁྲུ་བྱེད་ཀྱང་ད་དུང་རང་ལུས་མི་གཙང་བ་མི་རྟོགས་ན། རྒྱལ་པོ་ཁྱོད་ལ་བཤད་པས་མི་ཕན་ཞེས་རྒྱལ་པོ་ལུས་ཀྱང་མི་གཙང་བ་གསུངས་ན། སྐྱེས་པ་གཞན་གྱི་ལུས་མི་གཙང་བ་ཡིན་པར་སྨོས་ཅི་དགོས། སྤྱོད་འཇུག་ལས་ཀྱང་། མི་གཙང་རང་བཞིན་གཞན་གྱི་ལུས། །མི་རྟོགས་ངོ་མཚར་མི་ཆེ་ཡི། །རང་ཉིད་མི་གཙང་ཉིད་ཡིན་པར། །རྟོགས་པར་མི་འགྱུར་ངོ་མཚར་ཆེ། །ཞེས་གཞན་གྱི་ལུས་མི་གཙང་བ་ཡིན་པ་མ་ཤེས་པར་ཡིན་དུ་ཆུག་ཀྱང་། རང་ལུས་ཀྱི་མི་གཙང་བ་རྣམས་ཉིན་རེ་བཞིན་རང་གིས་འཁྲུ་བཞིན་དུ། ད་དུང་མི་གཙང་བ་ཡིན་པར་མི་ཤེས་པ་དེ་ངོ་མཚར་བའི་གནས་ཡིན་ཞེས་གཞུང་གཉིས་ཀས་ཕོ་མོའི་ལུས་རྟེན་མི་གཙང་བ་མཉམ་པ་གསུངས་པའི་ཕྱིར་དང༌། མི་གཙང་བའི་རྒྱུ་དང་མི་གཙང་བའི་བཟོ་གྲྭ་གཅིག་ལས་ཐོན་པ་ལ་གཙང་མི་གཙང་གིས་ཁྱད་པར་ཡོང་མི་ཤེས་པས་སོ། །འོ་ན་མི་གཙང་བ་འདྲ་བཞིན་དུ་བུད་མེད་ཀྱི་ལུས་ལ་སྦྱར་ནས་གསུངས་པ་དེ་བུད་མེད་ལ་ཆེད་དུ་སྨད་པའོ་སྙམ་ན། དེ་ཡང་གཏན་ནས་མིན་ཏེ། རིན་ཆེན་འཕྲེང་བར། བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ཤོག། ཅེས་དང་། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག། ཅེས་བདག་བས་གཞན་གཅེས་པར་བཟུང་ནས་རང་གི་བདེ་དགེ་མ་ལུས་པ་གཞན་ལ་གཏོང་ཞིང་། གཞན་གྱི་སྡུག་བསྔལ་མ་ལུས་པ་རང་སྟེང་དུ་ལེན་པའི་བདག་ཉིད་ཆེན་པོ་འདི་གཉིས་ཀྱིས་གཞན་སུ་ལའང་ཟུར་ཙམ་ཡང་སྨད་པའི་གོ་སྐབས་ག་ལ་ཡོད། འོ་ན། འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག། ཅེས་བུད་མེད་ཐམས་ཅད་སྐྱེས་པ་ཉིད་དུ་འགྱུར་བར་སྨོན་པ་དེ། །བུད་མེད་ལ་མཐོང་ཆུང་གནང་བ་མ་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ་འདི་ལྟར་སྐྱེས་པའི་རྟེན་ལས་བུད་མེད་ཀྱི་རྟེན་ལ་སྡུག་བསྔལ་མང་བར་འབྱུང་བ་མངོན་སུམ་གྱིས་གྲུབ་པ་དང་། དེའི་ཚེ་ཡུལ་ཆོས་ཀྱིས་ཀྱང་བུད་མེད་ལ་དཀའ་ངལ་མང་དག་ཅིག་འབྱུང་གི་ཡོད་པར་བརྟེན། ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་མཉམ་པར་གཟིགས་ནས་དེ་ལྟར་ཐུགས་སྨོན་པ་མཛད་པ་དེ་ཐུགས་བརྩེ་བས་ལྷག་པར་རྗེས་སུ་བཟུང་བའི་དོན་ཡིན་པ་ལས་མཐོང་ཆུང་གི་རྣམ་པ་ག་ལ་ཡིན།

དེས་ན་གཞུང་དེ་གཉིས་ཀས་བུད་མེད་ཀྱི་ལུས་མི་གཙང་བར་གསུངས་པ་ནི་རིན་ཆེན་འཕྲེང་བ་གཙོ་བོ་རྒྱལ་པོ་དང་། སྤྱོད་འཇུག་དངོས་སུ་གསུང་ས་རྟེན་དགེ་སློང་ཤ་སྟག་ཡིན་ལ། དེའི་ཕྱིར་རིན་ཆེན་འཕྲེང་བར། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་འབྱུང་། །ཞེས་རྒྱལ་པོ་ལ་མི་གཙང་བ་སྒོམ་དགོས་པའི་རྒྱུ་མཚན་དུ་གསུངས་པ་ལྟར། གཞུང་གཉིས་ཀས་དངོས་སུ་གསུང་སའི་རྟེན་གྱི་དབང་དུ་བྱས་ནས་བུད་མེད་ཀྱི་ལུས་མི་གཙང་བ་སྒོམ་ཚུལ་གསུངས་པ་ཡིན་ལ། རྟེན་བུད་མེད་ཡིན་ན་ཆགས་པ་སྐྱེ་ཡུལ་སྐྱེས་པའི་ལུས་ལ་ཁ་སྤོས་ནས་སྒོམ་དགོས་ཤིང་། དེ་བཞིན་དུ་རང་ལུས་ལ་ཞེན་པ་ལྡོག་ཆེད་རང་གི་ལུས་ལ་དམིགས་ནས་ཀྱང་སྒོམ་ཚུལ་ཤེས་དགོས་སོ། །འདི་དག་ནི་དེང་སང་གི་མི་ཤེས་པ་འགའ་ལ་རྣམ་རྟོག་འདི་འདྲ་འབྱུང་སྲིད་པས་ཞོར་འཕྲོས་ཙམ་མོ། །

འདིར་མི་གཙང་བ་སྒོམ་ཚུལ་མདོ་ཙམ་བརྗོད་ན། རིན་ཆེན་འཕྲེང་བ་ལས། ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་གིས་འདོད་ཆགས་བྲལ་བ་བཀྲི། །ཞེས་འཕགས་པ་རྣམས་གང་ལ་དམིགས་པའི་ཆགས་བྲལ་གྱི་རྒྱུ། ཡུལ་ཤིན་ཏུ་མི་གཙང་བའི་ཕུང་པོ་དྲི་ང་བའི་ལུས་དེ་ལའང་། འཇིག་རྟེན་རྨོངས་པ་རྣམས་ཆེས་ཆེར་ཆགས་ན་ཐབས་གང་ཞིག་གིས་འདོད་ཆགས་དང་བྲལ་བའི་སར་བཀྲི་སྟེ་བཀྲི་མི་ནུས་ཞེས་སྨད་པའི་གནས་སུ་གསུངས་ན། མི་གཙང་བའི་རང་གཞན་གྱི་ལུས་ལ་ཆགས་པ་རྩ་བ་ནས་བཅོམ་མ་ནུས་ཀྱང་བརྟགས་ཤིང་བསྒོམས་ནས་ཇེ་ཆུང་དུ་སོང་བས་རང་ཉིད་མ་ཕུང་བ་ཞིག་བྱེད་དགོས། དེས་ན་རང་རང་གི་ཆགས་ཡུལ་དེ་ལ་དམིགས་ནས་འདི་ལྟར་བསམ་པར་བྱ་སྟེ། རྒྱུ་མི་གཙང་བའི་ས་བོན་ཁུ་ཁྲག་འདྲེས་པ་ལས་སྐྱེས་ཤིང་། ངོ་བོ་ཤ་ཁྲག་དང་རུས་པ་དང་རྒྱུ་མ་གློ་མཆིན་སོགས་མི་གཙང་བའི་གོང་བུ་སྟེ། གལ་ཏེ་པགས་པ་ཁ་ཕྱེས་ནས་བལྟས་ན་མི་ཤ་དང་མི་ཁྲག་ཅེས་སྐྱུག་བྲོ་བ་ཞིག་ལས་ཆགས་པར་འོས་པའི་གནས་ཅུང་ཟད་མེད་དོ། །ལྷག་པར་བཟའ་བཅའ་དང་བཏུང་བའི་རིགས་གཙང་བ་དང་བཟང་པོ་གང་ཞིག་བཟའ་བཏུང་བྱེད་ཀྱང་ཁ་ལ་བཅུག་ཙམ་ཉིད་ནས་མི་གཙང་བའི་ངོ་བོར་གྱུར་ཞིང་། སྐད་ཅིག་གཉིས་པ་ནས་ལྟོ་བའི་ནང་དུ་བཤང་གཅིན་ངོ་བོར་གནས་པ་ལ་སྲིན་བུའི་གྲོང་ཁྱེར་ཆགས་ཤིང༌། མི་གཙང་བའི་སྙིགས་རོ་ཤིན་ཏུ་དྲི་ང་བ་བུ་གའི་སྒོ་དགུ་ནས་ཕྱིར་ཕྱུང་བ། རྟག་ཏུ་འཁྲུ་བཞིན་དུ་གཙང་མདོག་ཁ་བ་ཇི་ཙམ་བྱས་ཀྱང་ཆགས་རིན་ཅུང་ཟད་མེད་དོ་སྙམ་དུ་སེམས། ཡང་ས་ཕྱོགས་དང་གོས་སོགས་ལ་བཤང་གཅི་སོགས་མི་གཙང་བས་གོས་པ་དང༌། ཐ་ན་བཤང་གཅི་སོགས་ལས་བྱུང་བའི་སྦྲང་ནག་ཆུང་ངུ་ཞིག་ཟས་ཀྱི་སྟེང་དུ་ཡོད་པ་མཐོང་ནའང་འདི་ནི་ཤིན་ཏུ་བཙོག་པའོ་ཞེས་མི་དགའ་བར་བྱས་ན། མི་གཙང་བ་དེ་དག་གང་ལས་འབྱུང་བའི་གཞི་དང་། ཤ་ཁྲག་སོགས་མི་གཙང་བའི་རྫས་འབའ་ཞིག་འདུས་པའི་མི་གཙང་བའི་ཕུང་པོའི་ལུས་འདི་ལ་ཅི་ཕྱིར་དུ་འདོད་པར་བྱེད་དེ་བྱེད་མི་རིགས་སོ། །གོས་དང་རྒྱན་ཕྲེང་སོགས་ལུས་ལ་ལན་གཅིག་རེག་པ་ཙམ་དང་ཟས་ཁར་བཅུག་ནས་ཕྱིར་དོར་བ་ན་ཤིན་ཏུ་མི་གཙང་བ་ལྟ་བའི་གཞིའི་ལུས་མི་གཙང་བ་ཡིན་པ་མངོན་སུམ་གྱིས་འགྲུབ་བཞིན་དུ་ཅི་ཕྱིར་ཆགས་ཏེ་ཆགས་མི་རིགས། ད་དུང་ཐེ་ཚོམ་ན་དུར་ཁྲོད་དུ་བོར་བའི་ལུས་ལ་བལྟས་ནས་ཀྱང་མགོ་སྙོམས་པར་བྱེད་པའོ། །དེ་ལྟར་མི་གཙང་བའི་ཕུང་པོའི་རང་བཞིན་གཅིག་ཏུ་ངེས་པས་ལོ་ཆེ་ཆུང་དང་གཟུགས་བཟང་ངན་གྱིས་ཁྱད་པར་ལས་ཀྱང་ཆགས་མི་རིགས་ཏེ། དཔེར་ན། མི་གཙང་བས་གང་བའི་ཤེར་བུམ་ལྟ་བུ་ཕྱིའི་དབྱིབས་ཆེ་ཆུང་དང་རྣམ་པ་བཀྲ་ལུགས་ཀྱིས་ཆགས་མི་རིགས་པ་བཞིན་ནོ། །འདི་དག་ནི་དཔེ་མཚོན་ཙམ་ལས་རྒྱས་པ་གཞན་ལས་ཤེས་དགོས་སོ། །

ལུས་ཀྱི་སྟེང་དུ་སྤྱིའི་མཚན་ཉིད་བསྒོམ་པ་ནི། མི་རྟག་པ་དང་བདག་མེད་པ་སོགས་ཆོས་སྤྱི་ལ་ཁྱབ་པའི་ངོ་བོ་ལུས་སྟེང་དུ་བརྟགས་ནས་བསྒོམ་པ་སྟེ། འདི་ལྷག་མ་རྣམས་ལའང་འདྲའོ། །དེས་ན་ལུས་མི་རྟག་པ་སྒོམ་ཚུལ་ནི། སྤྱོད་འཇུག་ལས། ལམ་དག་ཏུ་ནི་ཞུགས་པ་རྣམས། །ཇི་ལྟར་གནས་ནི་འཛིན་བྱེད་ལྟར། །དེ་བཞིན་སྲིད་པའི་ལམ་ཞུགས་པ། །སྐྱེ་བའི་གནས་ནི་ཡོངས་སུ་འཛིན། །ཞེས་པ་སྟེ། དཔེར་ན་ཕྱོགས་སུ་འགྲོ་བའི་མགྲོན་པོ་རྣམས་ལམ་དུ་ཞུགས་ནས་དགོང་མོར་མགྲོན་ཁང་དུ་གནས་འཆའ་ཞིང་། སང་ཉིན་ཕྱོགས་སོ་སོར་མགྲོན་ཁང་བཞག་ནས་འགྲོ་བ་ལྟར། དེ་བཞིན་དུ་རྣམ་ཤེས་ཀྱི་མགྲོན་པོ་སྲིད་པའི་ལམ་དུ་ཞུགས་ནས་ད་ལྟ་མིའི་སྲིད་པའི་མགྲོན་ཁང་དུ་གནས་ཀྱང་ངེས་མེད་གློ་བུར་དུ་ཐོན་འགྲོ་བ་དེའི་ཚེ། ལུས་དང་ཤེས་པ་གཉིས་ཁ་བྲལ་བ་ན་ཤི་བ་ཞེས་འཇོག་པས་ལུས་འདི་ཡང་འཇིག་པར་འགྱུར་བ་དེའི་ཕྱིར། རང་གི་ལུས་སམ་འདི་ལ་བརྟེན་ནས་བཏགས་པའི་བདག་གང་ཆོས་ཅན་དུ་བཟུང་ནས་སྒོམ་ཡང་ཁྱད་མེད་དེ། འདིའི་དགོས་པ་བློ་ཆོས་སུ་བཀྲི་བའི་ཆེད་ཡིན་པས་སོ། །དེས་ན་འདི་ལ་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་དུ་བསམ་པ། ཤི་བའི་ཚེ་ཆོས་ལས་གཞན་གང་གིས་ཀྱང་མི་ཕན་པར་བསམ་པའོ། །

དང་པོ། ངེས་པར་འཆི་བ་བསམ་པ་ནི། འདི་ལྟར་གནས་སྐབས་དང་མཐར་ཐུག་གང་ལ་ལྟོས་ཀྱང་དོན་ཤིན་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་འབུམ་ཕྲག་ལས་ཀྱང་ལྷག་པའི་ལུས་རྟེན་བཟང་པོ་འདི་འདྲ་ཞིག་རྙེད་ཀྱང་འདི་རིང་པོར་མི་ཐོགས་པར་དོར་ནས་ངེས་པར་འགྲོ་དགོས་ཏེ། མདོ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཆན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་བས་ཉེར་བར་ཞི་བ་བདེ། །ཞེས་གསུང་པ་ལྟར། སྐྱེས་ནས་འཇིག་པའི་བདག་ཉིད་དུ་གྲུབ་པས་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྒོས་སྙིགས་མ་ལྔ་བདོའི་ཚེ་ལ་ངེས་པ་མེད་པར་གློ་བུར་གློ་བུར་དུ་འཆི་བས་བདག་ཀྱང་མི་འཆི་བར་སྡོད་པའི་གནས་གཏན་ནས་མེད་དེ། སྔར་སངས་རྒྱས་དང་བྱང་སེམས་ཇི་སྙེད་ཅིག་བྱོན་ཀྱང་དེ་ཐམས་ཅད་མྱ་ངན་ལས་འདས་ཟིན་པ་ལས་འཚོ་ཞིང་བཞུགས་པ་གཅིག་ཀྱང་མེད། ད་ལྟ་གྲོང་ཁྱེར་གཅིག་གི་ནང་དུའང་དབྱར་དུས་རྡོ་ལེབ་འོག་གི་གྲོག་མ་ལྟར་འཚང་ག་ཤིག་ཤིག་ཏུ་བྱེད་པ་འདི་ཐམས་ཅད་ཀྱང་ལོ་བརྒྱའི་ཚུན་གཅིག་ཀྱང་མི་སྡོད་པར་ཤི་ཟིན། འབྱུང་འགྱུར་གྱི་སེམས་ཅན་ཡོད་དོ་ཅོག་འཆི་བར་འགྱུར་བ་ལས་འོས་མེད་ན་བདག་གཅིག་པུར་ཀྲོང་ངེར་སྡོད་པའི་ཐབས་མེད་པས་ངེས་པར་དུ་འཆི་དགོས། འཆི་བདག་སླེབས་པའི་ཉིན་རྒྱུ་ནོར་གྱིས་ཀྱང་བསླུ་རྒྱུ་མེད། དཔུང་དང་སྟོབས་ཀྱིས་ཀྱང་ཟློག་ཏུ་མེད། གཟུགས་མཛེས་པའི་སྒེག་ཆོས་ཀྱིས་ཀྱང་བསླུ་རྒྱུ་མེད། བདག་དགེ་སྦྱོང་ཆོས་པ་ཡིན་ཟེར་བས་ཀྱང་མི་ཕན་པར། དེའི་ཉིན་མོ་བཟང་ངན་ཆེ་ཆུང་མེད་པ་ཐམས་ཅད་འཇིག་རྟེན་འདི་དང་བྲལ་ནས་འགྲོ་དགོས། བདག་མི་འཆི་སྙམ་པའི་རྟག་འཛིན་གྱིས་བསླུས་ནས་གཏན་དུ་སྡོད་གྲབས་ཁོ་ན་བརྩམས་ནས་སྡོད་པ་འདི་མི་རིགས་པར་ཆོས་རྣམ་དག་ཅིག་ངེས་པར་བྱ་དགོས་པར་འདུག་སྙམ་དུ་ཐག་བཅད་པའོ། །ཚོམས་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་ཀྱིས་ཏེ། །ཆོས་ལ་གནས་ཀྱི་ངེས་པར་སྤྱད་པ་སྤྱོད། ཅེས་སོ། །

གཉིས་པ་ནམ་འཆི་ངེས་པ་མེད་པ་ནི།

སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་སྔ་གཏོལ་མེད་པས། །སང་གི་ཕྱིས་ལ་མ་འབད་པར། །འཇིག་རྟེན་ཕྱི་མའི་དོན་ལ་འབོད། །ཅེས་གསུང་པ་ལྟར་འཆི་བ་འོང་རྒྱུ་ནི་ཐག་ཆོད་ཅིང་། དེ་ཡང་ནམ་འོང་ཆ་མེད། ཐ་ན་སང་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་དུ་གང་སྔ་བ་ངེས་པ་མེད་དེ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཤིན་ཏུ་ཉུང་བ་སྟེ། དེ་ཡང་ཕྱིའི་རྐྱེན་འབྱུང་བ་བཞི་དང་མི་མ་ཡིན་གདོན་རིགས་ཀྱིས་གནོད་པ་དང་། མི་དང་དུད་འགྲོ་སོགས་ཀྱིས་གནོད་པ་དང༌། འགྲོ་འོང་སོགས་ཀྱི་སྐབས་བརྡབ་ཆག་བྱུང་ནས་ཤི་བ་ཇི་ཙམ་ཞིག་མངའ། དེ་ཐམས་ཅད་ཀྱིས་དང་པོ་འཆི་རྐྱེན་དེ་འདྲ་ཞིག་ཕྲད་ཡོང་སྙམ་པ་གཏན་ནས་མེད་པར་གློ་བུར་དུ་ཕྲད་ནས་ཤི་བ་ཤ་སྟག་ཡིན། དེ་བཞིན་དུ་རྐྱེན་དེ་ལྟ་བུ་ཞིག་གློ་བུར་དུ་རང་ཉིད་ལ་མི་འཕྲད་པའི་ངེས་པ་གཏན་ནས་མེད། དེ་བཞིན་དུ་ནང་གི་རྐྱེན་ནད་ཀྱི་རིགས་སྣ་ཚོགས་དང༌། གསོན་རྐྱེན་དུ་གྲགས་པ་བཟའ་བཏུང་གི་རིགས་དང་། ཁང་པ་དང་གྲོགས་སོགས་འཆི་རྐྱེན་དུ་མི་འགྱུར་བ་གཅིག་ཀྱང་མེད། མ་ཟད་ལུས་ནི་ཆུའི་ལྦུ་བ་དང་འདམ་གྱི་རྩ་ཕྲན་ལྟར་གནོད་པ་ཆུང་ངུས་ཀྱང་འཇིག་པར་འགྱུར་བས་ནམ་འཆི་ཆ་མེད། གལ་ཏེ་ད་ལྟ་རང་འཆི་རྐྱེན་དེ་འདྲ་ཞིག་ཕྲད་ནས་འཆི་དགོས་བྱུང་ན། ཆོས་མེད་ཀླ་ཀློ་ཞིག་ཤི་བ་དང་ཁྱད་མེད་པས་ཆོས་དང་མཇལ་བས་གོ་མ་ཆོད་པ་འདུག །དེས་ན་ད་ལྟ་རང་ནས་ཆོས་རྣམ་དག་ཅིག་བསྒྲུབ་དགོས་པར་འདུག་སྙམ་དུ་ཐག་གཅད་དགོས་པ་རིན་འཕྲེང་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག། དེ་དག་གིས་ཀྱང་འཆི་བ་ན། དེ་བས་རྟག་ཏུ་ཆོས་མཛོད་ཅིག། ཅེས་སོ། །

གསུམ་པ་ཤི་བའི་ཚེ་ཆོས་ལས་གཞན་གང་གིས་ཀྱང་མི་ཕན་པར་བསམ་པ་ནི།

རིན་འཕྲེང་ལས། ཁྱོད་ནི་བདོག་པ་ཀུན་བོར་ནས། །དབང་མེད་ག་ཤེད་གཤེགས་འཚལ་ན། །ཆོས་ཀྱི་སླད་དུ་སྤྱད་པ་ཀུན། །ཁྱོད་ཀྱི་མདུན་ན་འདོང་པ་ཉིད། །ཅེས་གསུངས་པ་ལྟར་འཆི་བའི་ཚེ་རང་ལ་བདོག་པའི་ནོར་དང་གཉེན་བཤེས། ཐ་ན་སྐྱེས་ནས་གཅེས་པར་བཟུང་བའི་ལུས་འདིས་ཀྱང་མི་ཕན་པར་མར་གྱི་གསེབ་ནས་སྤུ་བཏོན་པ་བཞིན། རང་དབང་མེད་པར་རང་གཅིག་པུར་འགྲོ་དགོས། དེའི་ཚེ་ཕན་ངེས་པ་དམ་པའི་ཆོས་གཅིག་པུར་ངེས་པས་དམ་པའི་ཆོས་འབའ་ཞིག་བསྒྲུབ་པ་ཐག་བཅད་པའོ། །འདི་ལྟར་སྔར་རྩོལ་བ་ཆེན་པོས་བཟའ་བཏུང་ཙམ་ཡང་མ་ཕོད་པར་བསགས་པའི་ལོངས་སྤྱོད་ཀུན། འཆི་ཁ་ཚུན་ཆད་ནས་མི་རབས་ཕྱི་མས་དབང་དུ་བྱས་ཅིང་རང་ལ་འདོད་པ་བཞིན་བྱེད་དུ་མི་སྟེར། ནོར་དེ་དག་གིས་རང་ཉིད་ལ་ཕྱི་མར་ཕན་པའི་ཆོས་སུ་མ་སོང༌། ཚེ་འདི་ལ་ལོངས་སྤྱད་པས་བདེ་བའི་རྒྱུ་ཡང་མ་སོང་། མི་རབས་ཕྱི་མ་རྣམས་ལ་བཞག་པའི་མིང་གྲགས་པ་ཙམ་ཡང་མ་སོང་བས་མི་ངོམས་པར་སེར་སྣས་མང་དུ་བསགས་པས་མི་ཕན། དེ་ལས་འདོད་ཆུང་ཆོག་ཤེས་པ་བྱས་ནས་ལོངས་སྤྱོད་ཡོད་ན། གོང་དུ་སྨོས་ཟིན་ལྟར་ཡར་མར་གྱི་ཞིང་ལ་མཆོད་ནས་བསོད་ནམས་གསོག་པའི་རྒྱུར་ཅི་འགྲོ་དང་། རང་ཡང་སྡིག་སྤང་དགེ་བསྒྲུབ་ལ་གང་ནུས་སུ་འབད་ན་ལེགས་ཏེ། རིན་ཆེན་ཕྲེང་བ་ལས། མི་དབང་སྔ་མའི་བདོག་པ་ཀུན། །གསར་པ་ཡི་ནི་དབང་གྱུར་ན། །ཕྱི་མའི་ཆོས་སམ་བདེ་བའམ། །གྲགས་པ་དག་ཏུ་འགྱུར་རམ་ཅི། །ཞེས་སོ། །

རྒྱུ་མཚན་མཐར་གཏུགས་ན། རྒྱ་ཆེར་རོལ་པ་ལས་ཀྱང་། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར་མིའི་ཚེ་ནི་མིག་འཚུམ་རྡེབ་བྱེད་པའི་ཡུད་ཙམ་ལས་མེད། དེ་ཡང་མི་ཚེ་ཕལ་ཆེ་བ་ནི་བརྒལ་ཟིན། ད་དུང་ཚེའི་ལྷག་མ་ཇི་ཙམ་ཡོད་པ་ནི་མི་ཤེས། དེ་ཡང་འཆི་རྐྱེན་མང་བས་དུས་མ་ཡིན་པར་གློ་བུར་དུ་འཆི་བ་ནི་མང་། འཆི་བའི་ཚེའང་ཆོས་མ་གཏོགས་པར་གཞན་གང་གིས་ཀྱང་མི་ཕན། ཆོས་བསྒྲུབ་པའི་ལུས་རྟེན་འདི་འདྲའང་རྗེས་ནས་རྙེད་དཀའ་བས་ན། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག། ཅེས་གསུངས་པ་ལྟར་རང་མགོ་མ་རྨོངས་པར་ཆོས་བསྒྲུབ་ཏུ་ཡོད་པའི་དུས་ཐུང་ངུ་འདིའི་གོ་སྐབས་མ་ཤོར་བར་བྱས་ནས། གང་ནུས་ཀྱིས་དགེ་སྦྱོར་ལ་བརྩོན་པ་རེ་མི་བྱེད་པར་ཐབས་མི་འདུག་གོ་སྙམ་པ་ཡིན་ནོ། །ལུས་སྟེང་དུ་བདག་མེད་བསྒོམ་པ་ནི། བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དང་པོ་ལས་འབྲས་ཀྱི་རྣམ་དབྱེ་ལ་མཁས་པ་བྱས་ནས་བླང་དོར་ཚུལ་བཞིན་དུ་སྒྲུབ་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་དང་ལྡན་པ་བྱས། དེ་ནས་གང་ཟག་སྟེང་དུ་བདག་མེད་ཀྱི་དོན་གཏན་ལ་ཕབ་ནས་བདག་མེད་ཀྱི་ཚུལ་ཤེས་པར་བྱེད། དེ་ནས་ཕུང་སོགས་ཀྱི་སྟེང་དུ་ཆོས་ཀྱི་བདག་འགོག་པའི་རིམ་པ་ལ་མཁས་དགོས་ཞེས་པ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀྱི་དགག་བྱ་ལ་ཕྲ་རག་མེད་ཀྱང་། སྟོང་གཞིའི་གནད་ཀྱིས་ངེས་དཀའ་སླས་ཁྱད་པར་ཡོད་པས་སྔོན་དུ་གང་ཟག་གི་བདག་མེད་རྟོགས་དགོས་པར་གསུངས།

གལ་ཏེ་སྟོང་ཉིད་མ་རྟོགས་ན་འཁོར་བ་ལས་ཐར་པའི་གནས་མེད་དེ། དབུ་མ་རྩ་བར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་ཐར་པ་འཐོབ་པ་ལ་ལས་དང་ཉོན་མོངས་ཟད་དགོས། ལས་ཟད་པ་ལ་དེའི་རྒྱུ་ཉོན་མོངས་ཟད་དགོས། དེ་ཟད་པ་ལ་དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྣ་ཚོགས་པ་འདི་ཟད་དགོས། འདི་ཟད་པ་ལ་རྣམ་རྟོག་གིས་སྤྲོས་པའི་བདེན་གྲུབ་ཁེགས་དགོས། འདི་ཁེགས་པ་ལ་གཏི་མུག་བདེན་འཛིན་དང་འཛིན་སྟངས་དངོས་འགལ་དུ་སོང་བའི་སྟོང་ཉིད་རྟོགས་དགོས་པས་འདི་སྲིད་པ་ལས་སྒྲོལ་བའི་ལམ་ཀུན་གྱི་རྩ་བ་ཡིན། སྤྱིར་རྟོགས་པའི་ཡོན་ཏན་ཆེ་ཆུང་གང་ཞིག་སྐྱེ་བ་ལའང་དེའི་རྒྱུ་ཚོགས་ཚང་བར་བསྟེན་དགོས་པ་གནད་ཀྱི་དང་པོ་ཡིན། འདིར་ཡང་བདག་མེད་སྒོམ་པའི་རྒྱུ་ཚོགས་ནི། སྟོང་ཉིད་ཡང་དག་པར་སྟོན་ནུས་པའི་དགེ་བའི་བཤེས་གཉེན་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་དེའི་དགོངས་འགྲེལ་ཚད་ལྡན་གྱི་གཞུང་ལ་ཐོས་བསམ་མི་ངོམས་པར་བྱ་བ་དང་། ཚོགས་བསགས་སྒྲིབ་སྦྱོང་དང་ལྷ་བླ་མ་དབྱེར་མེད་དུ་གསོལ་བ་འདེབས་པ་སོགས་རྒྱུན་བསྲིངས་ནས་བྱ་དགོས་སོ། །

ཚོར་བ་དྲན་པ་ཉེར་གཞག་ནི།

བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན་སྲིད་པ་ནི། །འདི་ནས་འབྱུང་བའང་བྱ་བར་དཀའ། །ཞེས་གསུངས་པ་ལྟར་རང་གི་ཁྱིམ་བཞིན་ཟག་བཅས་ཀྱི་ཕུང་པོ་འདི་སྡུག་བསྔལ་གྱི་རང་བཞིན་དུ་མ་མཐོང་ན། སྲིད་པ་ལས་ཐར་འདོད་མི་འབྱུང་བས། བདེན་བཞིའི་སྔོན་དུ་སྡུག་བསྔལ་ཤེས་པར་བྱ་ཞེས་བསྟན་པ་ལྟར་ལུས་དང་སེམས་ཀྱི་ཚོར་བ་ལ་དམིགས་ནས། འདི་གཉིས་ཀྱི་ངོ་བོ་གང་ཡིན་བརྟགས་ཤིང་བསམས་པས་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱས་པ་ནི་ཐར་པ་དོན་གཉེར་གྱི་བློ་སྐྱེ་བའི་ཐབས་ཡིན་ནོ། །དེའི་ཚུལ་འདི་ལྟར་ཏེ། འཇིག་རྟེན་འདིར་མཐོ་གླིང་བཞི་ལ་དབང་བསྒྱུར་བའི་རྒྱལ་པོ་དང་། དམའ་འབུ་སྲིན་ཡན་ཆད་ཀྱི་བདེ་བ་ནི་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་གཉིས་སུ་ངེས་ལ། དེ་ལ་ལུས་ཀྱི་བདེ་བ་ནི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་སྟེ། དཔེར་ན་འགྲོ་དྲགས་པས་སྡུག་བསྔལ་བ་ན་ཅུང་ཟད་སྡོད་པའི་ཚེ། སྔ་མའི་སྡུག་བསྔལ་ཆེ་རིམ་ནས་འགགས་ཤིང་བསྡད་པའི་སྡུག་བསྔལ་ཆུང་རིམ་ནས་སྐྱེས་པ་ལ་བདེ་བའི་བློ་འབྱུང་བ་ཙམ་ཡིན་གྱི། བདེ་བ་རང་མཚན་པ་སྐྱེས་ནས་བདེ་བའི་བློ་འབྱུང་བ་མ་ཡིན་ཏེ། བསྡད་དྲགས་ན་སླར་ཡང་སྔ་མ་ལྟར་སྡུག་བསྔལ་བསྐྱེད་པའི་ཕྱིར་རོ། །དེ་ཡང་བཞི་བརྒྱ་པ་ལས། བརྩམས་པས་སྐྱེས་པ་ལྡོག་འགྱུར་ན། །སྡུག་བསྔལ་རྩོམ་པའང་བདེ་ཅི་ཡོད། །དེ་ཕྱིར་ཐུབ་པས་སྐྱེ་འཇིག་དག། སྡུག་བསྔལ་ཡིན་ཞེས་གསུངས་པ་སྙམ། །ཞེས་སོ། །སེམས་ཀྱི་བདེ་བ་ཡང་འདུ་ཤེས་ཀྱི་རྟོག་པས་བདེ་བ་རློམ་པ་ཙམ་དུ་ཟད་ཀྱི་བདེ་བ་རང་མཚན་པ་ཞིག་མེད་དེ། དཔེར་ན། གསེར་གྱི་སྣོད་དང་གྱོ་མོའི་སྣོད་སོགས་གང་དུ་བསྐྱུགས་ཀྱང་སྐྱུག་པའི་སྡུག་བསྔལ་ལ་ཁྱད་པར་མེད་ཀྱང་། འགའ་ཞིག་གསེར་གྱི་སྣོད་དུ་བསྐྱུགས་ནས་བདག་ནི་དབང་ཐང་ཕུན་སུམ་ཚོགས་པའོ་སྙམ་དུ་དགའ་ཞིང་བདེ་བ་རློམ་པ་བཞིན་ནོ། །བཞི་བརྒྱ་པ་ལས། གསེར་གྱི་སྣོད་དུ་སྐྱུགས་པ་ལ། །ཇི་ལྟར་འགའ་ཞིག་དགར་འགྱུར་བ། །དེ་བཞིན་སྡུག་བསྔལ་ཕྱིར་བཅོས་པ། །བདེའོ་སྙམ་དུ་སེམས་པར་བྱེད། །ཅེས་སོ། །དེ་ལྟར་ན་འཇིག་རྟེན་འདིར་བདེ་བ་ཞེས་གྲགས་པ་ཇི་སྙེད་པ་དེ་ཀུན་སྡུག་བསྔལ་ཕྱིར་བཅོས་པ་ཙམ་དང་རྟོག་པས་བདེ་བ་བཏགས་པ་ཙམ་ཡིན་པས་ཆགས་འོས་པའི་བདེ་བ་མཚན་ཉིད་པ་ཞིག་ཡེ་ནས་མེད་དོ། །གལ་ཏེ་དེ་དག་བདེ་བ་མཚན་ཉིད་པ་ཡིན་ན་ཇི་ཙམ་ཡུན་རིང་བསྟེན་དྲགས་པ་དེའི་ཚོད་ཀྱིས་བདེ་བ་འཕེལ་དགོས་པ་ལས། དེ་ལྟར་འཕེལ་བ་མེད་པར་སྡུག་བསྔལ་མངོན་དུ་གྱུར་ནས་བདེ་བའི་ངོ་བོ་ལོག་འགྲོ་བས་སོ། །བཞི་བརྒྱ་པ་ལས། འཕེལ་བཞིན་པ་ཡི་བདེ་བ་ལ། །ཇི་ལྟར་བཟློག་པ་མཐོང་གྱུར་པ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་ལ། །བཟློག་པ་ཡོད་པ་མ་ཡིན་ནོ། །

དེ་ལྟར་ན་རང་ཅག་གི་བདེ་བ་ནི་ཕོལ་མིག་ཤིན་ཏུ་ཚ་བ་ལ་ཆུ་བསིལ་བ་བཏབ་ན་བདེ་བའི་སྣང་བ་བསྐྱེད་པ་བཞིན་མཐར་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་བདེ་བ་ནི་འགྱུར་བའི་སྡུག་བསྔལ་དང་། ཡང་དེ་ཉིད་ལ་ཚ་ཆུ་ལྟ་བུ་བཏབ་ཅིང་རེག་པ་ན་སྡུག་བསྔལ་མངོོན་དུ་གྱུར་ནས་ཆེས་མི་བཟོད་པའི་བློ་འབྱུང་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེ་ལ་ཚ་གྲང་གི་རེག་པ་གཉིས་ཀ་དང་མ་ཕྲད་པའི་སྐབས་ལྟ་བུ་ནི། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཏེ། འདི་ཡང་ལས་དང་ཉོན་མོངས་སྔ་མའི་གཞན་དབང་དུ་གྱུར་ཅིང་། སྡུག་བསྔལ་དང་ཉོན་མོངས་ཕྱི་མ་རྣམས་སྐྱེས་ཤིང་འདྲེན་པའི་ཀུན་ཏུ་འགྲོ་བའི་གནས་ངན་དང་རྗེས་སུ་འབྲེལ་བས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན། འདི་དག་ནི་ཟག་བཅས་ཀྱི་ཚོར་བ་དེ་གཅིག་པུར་མིན་གྱི། ཚོར་བ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་དང་། རང་རང་གིས་གང་ལ་དམིགས་པའི་ཟག་བཅས་ཀྱི་ཡུལ་དང་བཅས་པ་སྡུག་བསྔལ་དེ་དང་དེར་གསུངས་པས་ཤིན་ཏུ་ཁྱབ་ཆེ། དེ་ལྟར་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ད་ལྟའི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་མ་ཟད། ཕྱིས་ཀྱི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་འདྲེན་པའི་རྟེན་ཡང་ཡིན་པས། འདི་ཡོད་ཕྱིན་ཆད་སྒོ་དུ་མ་ནས་སྡུག་བསྔལ་སྣ་ཚོགས་བསྐྱེད་པས་ན་སྐད་ཅིག་ཀྱང་བདེ་བའི་གནས་མེད་པ་འདི་བྱུང་བ་ཡིན། ངན་སོང་གསུམ་གྱི་སྡུག་བསྔལ་ཡང་ངན་སོང་རང་རང་གི་ལུས་རྟེན་དེ་བླངས་པ་ལ་བརྟེན་ནས་བྱུང་བ་དང༌། ད་ལྟ་འོ་སྐོལ་གྱི་སྡུག་བསྔལ་ཡང་ལུས་རྟེན་འདི་བླངས་པ་ལ་བརྟེན་ནས་བྱུང་བ་གསུངས། དཔེར་ན་ཚེར་མའི་ཁུར་ཆེན་པོ་འཁུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་བཞིན། ཉེར་ལེན་གྱི་ཕུང་པོའི་ཁུར་འདི་ཇི་སྲིད་བཟུང་ནས་ཡོད་པ་དེ་སྲིད་དུ་སྡུག་བསྔལ་བ་སྟེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཞེས་མཛུབ་མོ་འཛུགས་ས་ཡང་ཟག་བཅས་ཀྱི་ཕུང་པོ་འདི་ཉིད་ཡིན་ནོ། །དེ་ལྟ་བུས་སྡུག་བསྔལ་བའི་ཚུལ་མཐོང་ནས་སྲིད་པའི་ཕུན་ཚོགས་གང་ལའང་མ་ཆགས་པར་ཡང་སྲིད་ཕྱི་མ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མི་འབྱུང་བའི་ཕྱིར། ལམ་ལ་ཇི་ལྟར་བརྩོན་པ་བྱར་དགོས་པ་ནི། བཤེས་སྤྲིངས་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་པ་སྟེ། མགོའམ་གོས་ལ་མེ་ཤོར་ན་ཚེ་འདིའི་སྲོག་ལ་གནོད་པའི་སྡུག་བསྔལ་ཙམ་ཡིན་ལ། ཕྱི་མའི་འཁོར་བའི་སྡུག་བསྔལ་ནི་མཐའ་དང་མུ་མེད་པ་དེའི་ཕྱིར། གློ་བུར་མགོ་ལ་མེ་ཤོར་བའང་ཕྱིར་བཟློག་བྱར་ལོང་མེད་པའི་ཚུལ་གྱིས། འཁོར་བ་ལས་གྲོལ་བའི་ཕྱིར་དུ་ལམ་བསླབ་པ་གསུམ་ལ་བརྩོན་འགྲུས་བསྟེན་པ་ལས་ལྷག་པའི་དོན་ཆེ་བ་གཞན་མེད་པར་གསུངས་པ་ལྟར་ལམ་ལ་སློབ་པའི་ཚུལ་དེ་ལྟར་བྱ་དགོས་སོ། །

སེམས་དྲན་པ་ཉེར་གཞག་ནི།

སེམས་རང་གི་མཚན་ཉིད་ལ་བརྟགས་ཏེ་སྒོམ་པ་ནི། ལམ་རིམ་ཆེ་མོ་ལས། ལྷ་སྐུ་ལ་སོགས་པའི་དམིགས་རྟེན་གཞན་མི་འཇོག་པར་སེམས་མི་རྟོག་པ་ཙམ་སྐྱོང་བས་ཀྱང་སེམས་ཡུལ་གང་ལ་ཡང་ཅིར་ཡང་མི་རྟོག་པར་གཞག་པར་བྱའོ། །ཞེས་པའི་གདམས་ངག་དྲན་ནས་དེ་ནས་སེམས་མི་འཕྲོ་བ་ལ་མ་ཡེངས་པར་བྱ་དགོས་ལ་མ་ཡེངས་པ་དེ་ཡང་དམིགས་པ་མ་བརྗེད་པའི་དྲན་པ་དང་དོན་གཅིག་ཡིན་པས་དྲན་པའི་སྐྱོང་ཚུལ་ལས་མ་འདས་པས། དེ་ལྟར་བསྒོམ་པ་དེས་ཀྱང་ངེས་ཤེས་ཀྱི་ཤུགས་ཐོན་པའི་དྲན་པ་བསྟེན་དགོས་པ་ཡིན་ནོ། །ཞེས་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཡེངས་དང་མ་ཡེངས་པ་ཡི་དོན། །དམིགས་རྟེན་གང་ལ་འཇོག་པའི་སེམས། །དྲན་ཤེས་རྒྱ་ལས་མ་གྲོལ་བར། །གཡོ་མེད་རྩེ་གཅིག་གནས་པ་ཡི། །འདིར་བརྟན་མ་ཡེངས་པ་ཞེས་བརྗོད། །ཅེས་གསུངས་པ་ལྟར། བླ་མེད་རྣམ་འབྱོར་རྒྱས་བསྡུས་ཅི་རིགས་སྔོན་དུ་སོང་བའི་མཇུག་ཏུ་འདོད་པའི་དོན་བླ་མ་ལ་གསོལ་བ་ཤུགས་དྲག་བཏབ་པས་བླ་མ་རང་ལ་ཐིམ། བླ་མའི་སྐུ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་རོ་གཅིག་ཏུ་མོས་པ་བརྟན་པོའི་ངང་རེ་དོགས་སོགས་ཀྱི་རྣམ་རྟོག་གང་ཡང་མེད་པར་ཅུང་ཟད་འཇོགདེ་ནས་སེམས་ཡུལ་གང་ལའང་མི་འཕྲོ་བར་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་བཏང་སྟེ། སེམས་ཡུལ་ལ་གང་ལའང་མི་འཕྲོ་བར་གནས་པ་དེ་ལ། སེམས་ཡེངས་མེད་རྩེ་གཅིག་ཏུ་འཛིན་པའི་དྲན་པ་ཐུ་རེ་བསྟེན་པའི་རྒྱུན་བསྐྱངས་པའི་ངང་ནས། སེམས་ཀྱི་ཆ་ཤས་ཕྲ་མོ་ཞིག་གིས་སེམས་དམིགས་རྟེན་ལ་ཚུལ་ཇི་ལྟར་བཏགས་པ་ལྟར་གནས་མི་གནས་བྱ་ར་བྱེད་པའི་ཤེས་བཞིན་ཡང་བསྟེན་ཤེས་པ་དགོས། གལ་ཏེ་ཇི་ལྟར་བཏགས་པ་ལྟར་གནས་པ་མཐོང་ན་རང་བབས་སུ་རྒྱུན་མཐུད་ནས་བསྐྱངས། ཇི་ལྟར་བཏགས་པ་ལྟར་མི་གནས་པར་འཛིན་སྟངས་ཀྱི་ངར་ཤོར་ན་དྲན་པའི་འཛིན་སྟངས་ཀྱི་ངར་གསོས་ཏེ་བསྒོམ། འཕྲོ་རྒོད་བྱུང་ན་དམིགས་རྟེན་མ་ཤོར་བའི་ངང་ནས་སེམས་ཀྱི་ཟུར་ཕྲ་མོ་ཞིག་གིས་རྣམ་རྟོག་གི་ངོ་བོ་ལ་བལྟ་བ་དང་། རྣམ་རྟོག་ཐོག་བརྫིས་སུ་བྱེད་པ་དང་། རྣམ་རྟོག་ཇི་ལྟར་འཕྲོ་བ་ལ་ལྟ་བའི་མན་ངག་གསུམ་པོ་འདི་གང་རུང་བྱས་པས་རྣམ་རྟོག་རང་ཡལ་ལ་སོང་བའི་མ་སྒྲིབ་སྟོང་གསལ་ཧྲིག་གེ་བའི་ངང་དུ་འཇོག་པའོ། །

དེ་ལྟར་བསྐྱངས་པས་ལག་རྗེས་མཉམ་གཞག་གི་ངོ་བོ་བྱིང་རྒོད་སོགས་ཀྱིས་མ་སྒྲིབ་པའི་དྭངས་ཤིང་གསལ་བ། གཟུགས་ཅན་གང་དུའང་མ་གྲུབ་པས་སྟོང་སང་ནམ་མཁའ་ལྟ་བུ། མེ་ལོང་ལྟར་ཡུལ་སྣང་ཅིར་ཡང་འཆར་དུ་རུང་བའི་གསལ་ཧྲིག་གེ་བ། འདི་ཡིན་འདི་མིན་གྱི་ངོས་གཟུང་དང་བྲལ་བའི་ཉམས་འཆར་བ་གསུངས། འདི་ནི་སེམས་ཀུན་རྫོབ་པ་རང་གི་ངོ་བོ་ངོ་སྤྲོད་ཚུལ་ཡིན་ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱ་མཚན་གྱིས་གསུངས་སོ། །དེ་འདྲའི་སེམས་ཆོས་ཅན་དུ་བཟུང་ནས་སྤྱིའི་མཚན་ཉིད་བདག་མེད་སོགས་གཏན་ལ་ཕབ་ནས་བསྒོམ་པ་ནི་སྔར་ཟུར་ཙམ་སྨོས་ཟིན་པ་ལྟར་རོ། །རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་ལྟར་སེམས་ཀྱི་སྟེང་དུ་བདེན་མེད་གཏན་ལ་ཕབ་ནས་དྲི་བཅས་སེམས་ཀྱི་ཆོས་ཉིད་ངེས་པ་ན། བདེན་འཛིན་དང་དེའི་ས་བོན་བག་ཆགས་དང་བཅས་པའི་དྲི་མ་སེམས་ཀྱི་རང་བཞིན་དུ་མ་ཞུགས་པར་གློ་བུར་བ་རྟོགས་པས་འབྲལ་དུ་རུང་བ་དང་། ཆོས་སྐུའི་འཕྲིན་ལས་ཀུན་ལ་འཕྲོ་ཞིང་འཇུག་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱ་ནུས་སུ་མཐོང་བས་ན། ལམ་ལ་འབད་པ་ཆེན་པོས་སློབ་པར་བྱེད་པ་ཡིན་མོད། འོན་ཀྱང་རང་ཉིད་ཐེག་པ་དམན་པའི་བྱང་ཆུབ་མངོན་དུ་བྱས་ཀྱང་སླར་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་ཐེག་ཆེན་གྱི་བྱང་ཆུབ་བསྒྲུབ་དགོས་པ་དེའི་ཕྱིར། རབ་བརྒལ་གཅིག་ལ་བརྫེས་ཅང་གཉིས་མིན། ཞེས་གསུངས་པ་ལྟར་དང་པོ་ཉིད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱ་དགོས་སོ། །

དེ་ཡང་སེམས་ཅན་རྣམས་ཀྱང་རང་འདྲ་བར་སྡུག་བསྔལ་བའི་ཚུལ་མཐོང་ནས་བྱམས་པ་དང་སྙིང་རྗེ་བསྐྱེད། རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་ཀྱི་ཕན་ཡོན་སྒོ་དུ་མ་ནས་མཐོང་བ་བྱས་ཏེ། བདག་བས་གཞན་གཅེས་པའི་བྱང་ཆུབ་སེམས་ཉིད་ལ། ཐུགས་དམ་ཉམས་ལེན་གྱི་མཐིལ་དུ་གཟུང་བ་འདི་ལས་དོན་ཆེ་བ་གཞན་ཅི་ཡང་མེད་པའི་ཚུལ་ལ་ངེས་པ་གཏིང་ནས་དྲང་བར་བྱ་དགོས་སོ། །

ཆོས་དྲན་པ་ཉེར་གཞག་ནི།

གཞི་སྔ་མ་གསུམ་མ་གཏོགས་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་སྟེང་དུ། ཡན་ལག་དང་ཡན་ལག་ཅན་དང་ཆ་དང་ཆ་ཅན་ལ་བརྟེན་ནས་བཏགས་པའི་ངོ་བོ་ངེས་པ་བྱས་ནས་རིགས་པ་དེ་ཉིད་ཀྱིས་གཞི་དེ་དང་དེའི་བདེན་མེད་བསྒྲུབ་པ་དང་། དེ་གྲུབ་པ་ན་གནས་ལུས་ལོངས་སྤྱོད་སོགས་ཆོས་ཀུན་ལ་བདེན་པ་མངོན་པར་ཞེན་པའི་འཆིང་བ་དང༌། ལྷག་པར་ཕྱིན་དྲུག་གི་མི་མཐུན་ཕྱོགས་མ་ལུས་པ་འཇོམས་པའི་འཇུག་སྡོམ་གྱིས་ཟིན་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཤིན་ཏུ་རྒྱ་ཆེ་བའི་ཚུལ་ལ་གཞོལ་བ་ནི། དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཡིན་ནོ། །དྲན་པ་ཉེར་གཞག་བཞི་བསྒོམ་པའི་དགོས་པ་དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་བདེན་བཞི་ལ་འཇུག་ཚུལ་གསུངས་ཀྱང་འདིར་སྐྱེས་བུ་གསུམ་གྱི་ལམ་ལ་འཇུག་ཚུལ་བཤད་པ་དང་འགལ་བ་མེད་པར་བདག་སེམས་སོ། །

གཉིས་པ་ཉོན་མོངས་དང་དེའི་བག་ཆགས་དང་བཅས་པས་ཡིད་དག་པར་བསྒྲུབ་པ་ནི།

༨)ཏིང་ངེ་འཛིན་ཡང་དག་འཕགས་ལམ་ཡན་ལག་སྟེ། འདི་ཞི་གནས་རྐྱང་པ་མིན་གྱི་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་དངོས་སམ་དེའི་ཡག་ལག་དང་བཅས་པའོ། །འཕགས་པ་དགོངས་འགྲེལ་ལས། བྱམས་པ། ཉན་ཐོས་རྣམས་ཀྱིའམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུར་རིག་པར་བྱའོ། །ཞེས་གསུངས་སོ། །སྒོམ་རིམ་ཐ་མ་ལས། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ཐ་དད་པ་ཚད་མེད་པ་དཔག་ཏུ་མེད་པ་ཞིག་བསྟན་པར་གསུངས་ཀྱང་། ཏིང་ངེ་འཛིན་དོན་དུ་གཉེར་བ་དག་གིས་དེ་ཐམས་ཅད་རྩད་གཅོད་མི་དགོས་པར་ཞི་ལྷག་གཉིས་ཀྱི་སྐྱོང་ཚུལ་ལེགས་པར་ཤེས་པ་བྱས་ནས་དེ་གཉིས་དུས་ཀུན་ཏུ་བསྟེན་ན། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་གཉིས་སུ་བསྡུས་པར་གསུངས། དེ་གཉིས་ངེས་པར་བསྒོམ་དགོས་པའི་རྒྱུ་མཚན་ནི། དཔེར་ན་མཚན་མོའི་ལོགས་རིས་བལྟ་བ་ལ། མར་མེ་གསལ་བ་དང་རླུང་གིས་མི་བསྐྱོད་པ་གཉིས་དང་ལྡན་ན་རི་མོའི་གཟུགས་གསལ་བ་མཐོང་ལ། མར་མེ་མི་གསལ་བ་དང་གསལ་ཡང་རླུང་གིས་བསྐྱོད་ན་གཟུགས་རྣམས་གསལ་པོ་མི་མཐོང་བ་བཞིན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་མི་གཡོ་བ་གཉིས་དང་ལྡན་ན་དེ་ཁོ་ན་ཉིད་གསལ་བར་མཐོང་བ་དང་། དེ་གཉིས་ཡ་བྲལ་རྐྱང་པས་དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་མི་མཐོང་བས་དེ་ཁོ་ན་ཉིད་དོན་གསལ་བར་མཐོང་བ་ལའང་ཞི་ལྷག་གཉིས་ཀ་བསྒོམ་དགོས་པར་གསུངས། ཞི་གནས་གྲུབ་ན་སྟོང་ཉིད་ཙམ་མ་ཟད་མི་རྟག་པ་སོགས་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་ཉམས་ལེན་ཐམས་ཅད་ཀྱང་སྟོབས་དང་ས་ཆོད་ཆེ་བ་འབྱུང་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་དང་རྗེ་དགེ་འདུན་གྲུབ་པས། བསམ་པའི་དོན་ལ་རྩེ་གཅིག་མ་བསྒོམས་ན། །སྲིད་པའི་ས་བོན་སྤོང་བར་ག་ལ་ནུས། །ཞེས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མེད་ན་འཁོར་རྩ་སྤང་མི་ནུས་པར་གསུངས་སོ། །དེ་གཉིས་ཀྱི་ངོ་བོ་དམིགས་རྟེན་མི་གཡོ་བར་རྩེ་གཅིག་ཏུ་གནས་པ་ལ་བརྟན་པ་ཐོབ་པའི་ཆ་ནས་ཞི་གནས་དང༌། དེའི་ངང་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཅོད་པ་ལ་བརྟན་པ་ཐོབ་པའི་ཆ་ནས་ལྷག་མཐོང་དུ་འཇོག་པས། དེ་གཉིས་ཀའི་དམིགས་ཡུལ་ལ་ཇི་ལྟ་དང་ཇི་སྙེད་པ་གཉིས་ཀར་འོང་བས་དམིགས་ཡུལ་ཁྱད་པར་གྱི་སྒོ་ནས་འབྱེད་པ་མིན་ནོ། །

འདིར་ཉོན་མོངས་དང་དེའི་ས་བོན་རྩད་ནས་སྤོང་བ་ལ། ཏིང་ངེ་འཛིན་ཡང་དག་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཞི་ལྷག་ཟུང་དུ་འབྲེལ་བའི་མཉམ་བཞག་ཡེ་ཤེས་ཀྱི་རྒྱུན་སྐྱོང་བ་དགོས་ཤིང་། དེའི་སྔོན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་འགྲོ་དགོས། འདི་ལ་ཡང་ཞི་གནས་བསྒྲུབས་པ་སྔོན་དུ་འགྲོ་དགོས་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། ཞེས་ཞི་ལྷག་ཐོག་མར་བསྒྲུབ་པ་ལ་གོ་རིམ་ངེས་པ་ཅན་དུ་གསུངས་སོ། །ཡང་སྟོན་པས་ཀྱང་འཕགས་པ་དཀོན་བརྩེགས་ལས། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་འཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །གསུམ་པ་དེ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ལྔ་སྡེས་ཐོག་མར་དཀའ་ཐུབ་ལས་ཉམས་ན་བྱང་ཆུབ་ཇི་ལྟར་རྙེད་ཅེས་ཞུས་པའི་ལན་དུ། སྟོན་པས་ཡང་དག་པའི་ལམ་བརྒྱད་པོ་འདི་ལ་བསྟེན་དགོས་པར་གསུངས་པའི་དོན་གྱིས་བསྟན་པ་ཡིན་ལ། ལམ་དེ་དག་གིས་འབྲས་བུའི་བྱང་ཆུབ་མངོན་དུ་ཇི་ལྟར་བྱ་བའི་ཚུལ་ནི། སྔར་ཇི་སྐད་བསྟན་ཟིན་པ་ལྟར་ཐབས་བྱང་ཆུབ་སེམས་ལ་བརྟེན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། ཤེས་རབ་དོན་དམ་པ་ལ་བརྟེན་པའི་ཟབ་མོའི་ལམ་གྱི་རིམ་པ་གཉིས་ཀྱི་འདབ་གཤོག་དཀར་པོ་ཡངས་པོར་རྐྱོང་བའི་རྒྱལ་སྲས་བདག་ཉིད་ཆེན་པོ་དེ། སྐལ་ལྡན་སྐྱེ་བོའི་ཚོགས་མཐའ་ཡས་པས་མདུན་དུ་བདར་ནས་ཟད་མི་ཤེས་པའི་ཆོས་ཀུན་དབྱིངས་ལས། སྔོན་བསགས་པའི་བསོད་ནམས་རླུང་གི་ཤུགས་དཔག་ཏུ་མེད་པའི་སྟོབས་ཀྱིས། རྒྱལ་བ་སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱ་མཚོ་ཆེན་པོའི་ཕ་རོལ་མཆོག་ཏུ་ཚེགས་མེད་པར་ངང་གིས་འགྲོ་བར་འགྱུར་བ་ཡིན་པའི་ཕྱིར་ཏེ། འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པས་སོ། །

དེ་ལྟར་འཕགས་ལམ་བརྒྱད་པོ་དེ་བསྡུས་ན་བསླབ་པ་གསུམ་དུ་འདུས་ཏེ། ཡང་དག་པའི་ངག་ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་གཉིས་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་རྩོལ་བ་གསུམ་ཤེས་རབ་ཀྱི་བསླབ་པར་འདུའོ། །འཕགས་ལམ་ཡན་ལག་བརྒྱད་པོ་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་ཡིན་ཏེ། དེ་གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བ་དེ་འཁོར་ལོ་ཡུལ་གཞན་ནས་གཞན་དུ་འཕོ་བ་དང་ཆོས་མཚུངས། ལྷག་པ་ཤེས་རབ་ཀྱི་བསླབ་པར་འདུས་པ་དེས་རང་གི་མི་མཐུན་ཕྱོགས་འཇོམས་པས་ན་གཅོད་པར་བྱེད་པའི་རྩིབས་དང་ཆོས་མཚུངས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འདུས་པས་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་བྱེད་པས་རྟེན་པར་བྱེད་པའི་ལྟེ་བ་དང་ཆོས་མཚུངས། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པར་འདུས་པ་དེས་སེམས་དམིགས་པ་ལ་སྡུད་པར་བྱེད་པས་ན་སྡུད་པར་བྱེད་པའི་མུ་ཁྱུད་དང་ཆོས་མཚུངས་པ་མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་གསུངས་སོ། །ཡང་འཕགས་ལམ་ཡན་ལག་བརྒྱད་ཀྱི། དང་པོ་ཡང་དག་པའི་ལྟ་བས་ནི། བསྟན་ལ་དབབ་བྱ་ཡང་དག་པ་སྟེ་མ་ནོར་བདེན་གཉིས་དང་མངོན་ལྐོག་སོགས་མ་འདྲེས་པར་བསྟན་ལ་ཕབ། གཉིས་པ་ཡང་དག་པའི་ནི། ལུས་ངག་ཡིད་གསུམ་མི་མཐུན་ཕྱོགས་ལས་དག་པ་ལ་ཀུན་སློང་མ་ནོར་བར་བཅོས་ཚུལ་དང་ཀུན་སློང་གལ་ཆེ་ཚུལ་སོགས་བསྟན། གསུམ་པ་ཡང་དག་པའི་ངག་གི་ནི། ངག་ལས་རྣམ་པར་དག་པར་བྱེད་ཅིང་། བཞི་པ་ཡང་དག་པའི་ལས་ཀྱི་མཐའ་ནི། ལུས་ལས་རྣམ་པར་དག་པར་བྱེད་ཅིང་། ལྔ་པ་ཡང་དག་པའི་འཚོ་བ་ནི། ལུས་ངག་གཉིས་ཀ་མི་མཐུན་ཕྱོགས་ལས་དག་པར་བྱེད། དྲུག་པ་ཡིད་དག་བྱེད་ཡང་དག་པའི་རྩོལ་བ་ནི། བརྩོན་འགྲུས་ཀྱི་གོ་ཆས་མི་མཐུན་ཕྱོགས་ལེ་ལོ་གསུམ་ལ་སོགས་པ་ལས་རྒྱལ་ཞིང་ཡོན་ཏན་རྣམས་ཡར་ཟླ་ལྟར་སྤེལ་ཏེ། ལམ་རིམ་ཉམས་འགུར་ལས། མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །ཅེས་པ་ལྟར་དང་བདུན་པ་ཉོན་མོངས་མངོན་གྱུར་དག་བྱེད་དྲན་པ་ཡང་དག་བྱང་ཆུབ་ཡན་ལག་དང་བརྒྱད་པ་ཉོན་མོངས་ས་བོན་བག་ཆགས་དང་བཅས་པ་དག་བྱེད་ཏིང་ངེ་འཛིན་བརྒྱད་ཚུལ་བཞིན་ཉམས་སུ་ལེན་པའོ། །

དེ་དག་ཡན་ལག་ཏུ་འགྱུར་ཚུལ་ནི།

ཡང་དག་པའི་ལྟ་བ་ནི་ཡོངས་སུ་དཔྱོད་བྱེད་ཀྱི་ཡན་ལག་དང་། ཡང་དག་པའི་རྟོག་པ་ནི་གཞན་ལ་གོ་བྱེད་ཀྱི་ཡན་ལག་དང་། ཡང་དག་པའི་ངག་ལས་ཀྱི་མཐའ་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དང་པོས་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། གཉིས་པས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད། གསུམ་པས་འདོད་པ་ཆུང་ཞིང་ཡོ་བྱད་བསྙུངས་པར་ཡིད་ཆེས་པར་བྱེད་པའོ། །ཡང་དག་པའི་རྩོལ་བ་སོགས་གསུམ་ནི་གཉེན་པོའི་ཡན་ལག་ཏུ་འདུ་བ་སྟེ། ཡང་དག་པའི་རྩོལ་བ་ཉོན་མོངས་པའི་གཉེན་པོ་དང་། ཡང་དག་པའི་དྲན་པ་བྱིང་རྒོད་ཀྱི་གཉེན་པོ་དང༌། ཡང་དག་པའི་ཏིང་ངེ་འཛིན་དབང་ངམ་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོའི་ཡན་ལག་ཡིན་ཏེ། དབུས་མཐའ་ལས། ཡོངས་སུ་དཔྱོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོ་འོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

གསུམ་པ་ཆོས་མཐོང་ན་སངས་རྒྱས་མཐོང་བར་བཤད་པ་ནི།

ཆོས་འཕགས་ལམ་བརྒྱད་ཚུལ་བཞིན་ཉམས་སུ་བླངས་པས་སངས་རྒྱས་ཐོབ་པར་འགྱུར་བས་ཆོས་མཐོང་ན་སངས་རྒྱས་མཐོང་ན་མཐོང་ཞེས་པ་ཡིན་ལ་མཐོང་བྱའི་སངས་རྒྱས་ནི། སཱ་ལུ་ལྗང་པའི་མདོ་ལས། དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྐུ་དང་ལྡན་པ་དང༌། སློབ་པ་དང༌། མི་སློབ་པའི་ཆོས་དེ་དག་གཟིགས་པའོ། །ཞེས་གསུངས། དོན་ནི་འཕགས་ལམ་ཡན་ལག་ཚུལ་བཞིན་ཉམས་སུ་བླངས་ན་འབྲས་བུ་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སངས་རྒྱས་ཐོབ་པར་འགྱུར་ཞེས་པའོ། །དེ་ལ་སངས་རྒྱས་ནི། དཀོན་མཆོག་རྗེས་དྲན་གྱི་མདོ་ལས། རྒྱ་གར་སྐད་དུ། ཨཱརྱ་རཏྣ་ཏྲ་ཡ་ཨ་ནུ་སྨྲ་ཏི་སཱུཏྲ། བོད་སྐད་འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། དེ་ནི་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །ཞེས་འབྱུང་བ་ལྟར་ཆོས་དགུ་དང་ལྡན་པའི་སྐྱབས་གནས་མཐར་ཐུགས་ཞིག་གོ།

ཁྱད་ཆོས་དགུ་ནི། བགེགས་བཅོམ་པ་དང་བཤད་པ་དང་། །སྤངས་དང་ཡེ་ཤེས་ཕུན་ཚོགས་དང་། །རྒྱུ་དང་ཇི་ལྟར་གཤེགས་པ་དང་། །འཇིག་རྟེན་ལ་གཟིགས་སྐལ་ལྡན་འདུལ། །སྟོང་པ་ཉིད་དེ་ཡོན་ཏན་དགུ། །ཞེས་པ་ལྟར་རོ། །དང་པོ་བཅོམ་པའི་ཡོན་ཏན་ནི། དེ་ལ་འདི་ལྟར་བཅོམ་ལྡན་འདས་དེ་ནི། ཞེས་པ་སྟེ། འོག་ནས་འཆད་འགྱུར་གྱི་ཡོན་ཏན་བདུད་བཞི་ཕྲ་རགས་ཐམས་ཅད་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་བཅོམ་ཞིང་ལེགས་པའི་སྐལ་བ་དྲུག་དང་ལྡན་ལ་འཇིག་རྟེན་ལས་ཡང་དག་པར་འདས་པའོ། །གཉིས་པ་བཤད་པ་ཕུན་ཚོགས་ནི། དེ་བཞིན་གཤེགས་པ་སྟེ། རང་གིས་ཤེས་བྱའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གཤེགས་པ་སྟེ་རྟོགས་ནས་གཞན་ལ་སྟོན་པ་སྟེ། མངོན་པ་མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ཞེས་པ་ལྟར་རོ། །གསུམ་པ་སྤངས་པའི་ཡོན་ཏན་ནི། དགྲ་བཅོམ་པ་སྟེ་ཤེས་ཉོན་གྱི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམ་ཞིང་སྤངས་པའོ། །བཞི་པ་ཡེ་ཤེས་སམ་མཁྱེན་པའི་ཡོན་ཏན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོག་པར་ཤེས་བྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་མི་ཤེས་པའི་གཉིད་སངས་ནས་བློ་གྲོས་གྱི་སྣང་བ་རྒྱས་པའི་མཐར་ཕྱིན་པའི་ཡེ་ཤེས་མངའ་ཏེ། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། ཞེས་གསུངས་པ་ལྟར་རོ། །

ལྔ་པ་ཕུན་ཚོགས་གསུམ་ལྡན་གྱི་རྒྱུ་ནི། རིག་པ་དང་ཞབས་སུ་ལྡན་པ་སྟེ། ཤེས་རབ་ཀྱི་བསླབ་པས་ཤེས་བྱའི་གནས་ལུགས་ཕྱི་ཅི་མ་ལོག་པ་རིག་པ་དང་། ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པའི་ཞབས་གཉིས་སུ་ལྡན་པ་སྟེ་བསླབ་པ་གསུམ་གྱི་ཡོན་ཏན་ཏེ། བསླབ་པ་གསུམ་གྱི་མདོ་ལས། དགེ་སློང་དག། ཚུལ་ཁྲིམས་ལ་གོམས་པར་བྱས་ན། ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དྲུག་པ་ཇི་ལྟར་གཤེགས་པ་ནི། བདེ་བར་གཤེགས་པ་སྟེ། ལམ་བདེ་བ་ནས་འབྲས་བུ་བདེ་བ་སྤངས་རྟོགས་ཁྱད་པར་གསུམ་ལྡན་གྱི་གནས་སུ་གཤེགས་པའོ། །དེ་ལ་སྤངས་པའི་ཁྱད་པར་གསུམ་ནི། ལེགས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པ། མ་ལུས་པ་སྤངས་པའོ། །རྟོགས་པའི་ཁྱད་པར་གསུམ་ནི། དེ་ཁོ་ན་ཉིད་མཁྱེན་པ་། མཁྱེན་པ་བརྟན་པ། མ་ལུས་པར་མཁྱེན་པའོ། །བདུན་པ་འཇིག་རྟེན་ལ་གཟིགས་པ་ནི། འཇིག་རྟེན་མཁྱེན་པ་སྟེ། ཉིན་མཚན་དུས་དྲུག་ཏུ་གདུལ་བྱའི་འཇིག་རྟེན་ལ་དུས་རྟག་ཏུ་གཟིགས་ནས་སྐལ་བ་དང་ལྡན་མིན་མཁྱེན་པར་མཛད་པ་ཡིན་ཏེ། སྒྲོལ་མའི་བསྟོད་པ་ལས། ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས། །རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བར། །ལྷུན་གྲུབ་རྒྱུན་མི་ཆད་པར་འཇུག་མཛད་མ། །མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་གདུལ་བྱ་ལ་དུས་དྲུག་ཏུ་གཟིགས་པའོ། །

བརྒྱད་པ་སྐལ་ལྡན་འདུལ་བ་ནི། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་སྟེ། སྐལ་ལྡན་གྱི་སྐྱེས་བུ་རྣམས་འདུལ་བའི་ཚེ་གདུལ་བྱ་རང་རང་གི་བློ་དང་མཚམས་པར་ཐེག་པ་གསུམ་གྱི་ལམ་བསྟན་ནས་ཁ་ལོ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཕྱོགས་སུ་སྒྱུར་བ་ལ་ཐབས་མཁས་བླ་ན་མེད་པ་དང་ལྡན་པ་སྟེ། མཛོད་རང་འགྲེལ་ལས། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་བྱ་བ་སྟེ། འཁོར་བ་ནི་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང༌། བརྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུ་ཡིན་ཏེ། འགྲོ་བ་དེར་བྱིང་བ་སྐྱབས་མེད་པ་ལ་བཅོམ་ལྡན་འདས་ཐུགས་བརྩེ་བ་དང་ལྡན་པས་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བ་དག་གིས་སྐལ་པ་ཇི་ལྟ་བ་བཞིན་དུ་དྲངས་སོ། །དགུ་པ་འཕྲིན་ལས་ཀྱི་རྟེན་སྟོང་པ་ཉིད་ནི། ལྷ་དང་མི་རྣམས་ཀྱི་སྟོན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་ཡང་ལྷ་དང་མི་གཉིས་དངོས་སུ་སྨོས་པ་ནི། གདུལ་བྱའི་གཙོ་བོ་སྟེ་རྟེན་དེ་གཉིས་ཁོ་ན་ལ་བདེན་པ་གསར་མཐོང་དང་འབྲས་བུ་བཞི་གསར་དུ་ཐོབ་པ་ཡོད་ཀྱི་གཞན་ལ་མེད་པའོ། །ཁྱད་ཆོས་ཡོན་ཏན་དགུ་དང་ལྡན་པའི་ཁྱད་གཞི་སངས་རྒྱས་ནི། སངས་རྒྱས་བཅོམ་ལྡན་འདས་སོ་སྟེ། ཚིག་དོན་གོང་དུ་བཤད་ཟིན་གོང་གི་ཁྱད་ཆོས་དེ་རྣམས་གང་ལ་མངའ་བའི་ཁྱད་གཞི་སྟོན་པའོ། །མདོར་ན་བསྟན་པའི་ནང་མཛོད་རྟེན་ཅིང་འབྲེལ་བ་འབྱུང་བ་མཐོང་བས་བདག་གཞི་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་གནས་ལུགས་སྟོང་པ་ཉིད་མཐོང་ལ་དེ་མཐོང་བས་མཐའ་བྲལ་གྱི་འཕགས་ལམ་བརྒྱད་ཚུལ་བཞིན་ཉམས་སུ་ལེན་པ་དེ་འབྱུང་འཕགས་ལམ་བརྒྱད་ཚུལ་བཞིན་ཉམས་སུ་བླངས་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཞེས་རྗེས་འགྲོ་བསྟན་པའོ། །

རྟེན་འབྲེལ་མདོ་དོན་ཅུང་ཟད་བཤད་པ་འདི། །

རང་ཉིད་བསྟན་ལ་འདྲིས་དང་བསྐུལ་ཕྱིར་བཤད། །

རྒྱལ་བའི་བསྟན་དར་བླ་མའི་སྐུ་ཚེ་བརྟན། །

འགྲོ་ཀུན་བདེ་སྐྱིད་ལྡན་པའི་རྒྱུར་འགྱུར་ཤོག །

Related Articles