ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི་སྐོར།

དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད།

བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། །

མདོ་སྔགས་ཆོས་འཁོར་རྒྱུན་མི་ཆད་པའི་གླིང་། །

བཀའ་གདམས་གསར་མའི་ལུགས་འཛིན་ཆོས་སྡེ་ཆེ། །

ནམ་ཡང་མི་ནུབ་རྟག་ཏུ་གནས་གྱུར་ཅིག །

དེང་དུས་མཚན་སྙན་ཤིན་ཏུ་འབར་བ་ཡི། །

ནགས་ཤོད་ལྟར་དགོན་དུར་ཁྲོད་གཡང་མོ་ཁུག །

ཇི་ལྟར་བྱུང་དང་དེ་ཡི་ཁྱད་ཆོས་སོགས། །

སྒྲོ་སྐུར་སྤངས་ཏེ་ཅུང་ཟད་བརྗོད་པར་བྱ། །

དུར་ཁྲོད་དེ་ཉིད་ཆགས་པའི་གནས་མཆོག་ནི། །

ལྟར་སྨོན་ཆོས་འཁོར་གླིང་གི་གཡོན་ཟུར་དང་། །

རྒྱ་བཟའ་ཀོང་ཇོའི་གཏེར་ཆུའི་གཡས་ཟུར་དུ། །

ས་དཔྱད་ཕུན་སུམ་ཚོགས་པའི་གནས་སུ་ཡོད། །

 

དེ་ཡང་ནགས་ཤོད་ལྟར་སྨོན་དགོན་གྱི་དུར་ཁྲོད་གཡང་མོ་ཁུག༼མིང་གཞན་ཀ་ལིའི་དུར་ཁྲོད༽ འདི་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་སྐུ་ཕྲེང་ཐམས་ཅད་འཕགས་མ་སྒྲོལ་མའི་གདམས་པའི་རྗེས་སུ་བཟུང་བ་སོགས་ངོ་མཚར་ཆེ་བའི་སྟག་ཕུ་བ་བསྟན་པའི་དངོས་གྲུབ་བམ་མཚན་གཞན་གཏེར་ཆེན་པདྨ་བཛྲ་ཡིས་སྤྱི་ལོ་༡༩༠༠ གཡས་གཡོན་དུ་ཕྱག་བཏབ། ཁོང་གིས་ད་ལྟའི་དུར་ཁྲོད་ཡོད་ས་དེར་དུར་ཁྲོད་ཀྱི་ས་དཔྱད་ཕུན་སུམ་ཚོགས་པར་གཟིགས་ནས་ས་འདུལ་དང་རབ་གནས་གནང་། དུར་ཁྲོད་ནང་དུ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དཀྱིལ་འཁོར་གཉིས་བཞེངས་དགོས་པ་དང་བཞེངས་ཚུལ་སོགས་ཀྱི་བཀའ་སློབ་ཟབ་མོ་གནང་། དུར་ཁྲོད་དེ་གང་དུ་ཡོད་ཅེ་ན།  ནགས་ཤོད་འབྲི་རུ་ལྟར་སྨོན་ཆོས་འཁོར་གླིང་གི་ཉེ་འགྲམ། ལྷ་མོའི་གནས་རི་དང་རྒྱ་བཟས་དུང་དཀར་སོགས་གཏེར་དུ་བཞེས་སའི་དགོན་པའི་རྒྱབ་རིའི་རི་སྣ།  ལྟར་སྨོན་ཆོས་འཁོར་གླིང་གི་གཡོན་ཕྱོགས།  རྒྱ་བཟས་གཏེར་དུ་བཞེས་པའི་གཏེར་ཆུ་ཆུ་མ་ཨུ་རོང་གི་གཡས་ཕྱོགས་ན་ཡོད།

ཕྱག་ན་པདྨའི་སྒྱུ་འཕྲུལ་སྟག་ཕུ་བས། །

ཕྱག་བཏབ་བྱིན་ཆེན་ཕབ་ནས་ས་འདུལ་མཛད། །

ནང་དུ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི། །

དཀྱིལ་འཁོར་བཞེངས་ནས་འབྲེལ་ཚད་དོན་ལྡན་བྱས། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དུར་ཁྲོད་འདི་ནི་ཕྱི་ལྟར་དུ་མིག་སྔར་མཐོང་བ་མི་མགོ་སྐམ་པོ་བརྩེགས་པའི་རྭ་བ་ཡིན་པས། མི་རྟག་པ་དང་བདག་མེད་པ་སྟོན་པའི་སློབ་དཔོན་ཡིན་ལ། ནང་ལྟར་དུ་ཡི་དམ་འཁོར་ལོ་སྡོམ་པ་ཡབ་ཡུམ་དང་དཔའ་བོ་མཁའ་འགྲོ་དུ་མ་འདུ་བའི་ཚོགས་རྭ་ཡིན་པས། སྡིག་ཅན་གྱི་ཚེ་འདས་བྱེ་བའི་སྡིག་སྒྲིབ་སྦྱོང་ས་དང་། ངན་སོང་གསུམ་གྱི་སྐྱེ་སྒོ་བཅད་ནས་མཐོ་རིས་དང་ཐར་པའི་ལམ་ལ་བགྲོད་པའི་འབབ་སྟེགས་ཡིན་ལ། ཁྱབ་བདག་སྟག་ཕུ་བས་རྗེས་སུ་དུར་ཁྲོད་འདིར་ཕུང་པོ་བྱ་རྒོད་ལ་བྱིན་སྐབས་ཕུང་པོའི་ཀ་ལི་མ་བཅག་པར་ངེས་པར་དུ་འཇོག་དགོས། མི་རྣམས་འདིར་སླེབས་ནས་ཀ་ལི་སྤུངས་པ་མཐོང་ནས་ངེས་འབྱུང་དང་འཆི་བ་མི་རྟག་པ་དྲན་ནས་བློ་ཁ་ཆོས་ལ་ཕྱོགས་པའི་དགོས་པ་ཡོད་གསུངས་སོ། །

ནང་ལྟར་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཡིན། །

དཔའ་བོ་མཁའ་འགྲོ་ཚོགས་པའི་ཚོགས་རྭ་ཡིན། །

ཕྱི་ལྟར་ཐོད་མཁར་བརྩེགས་པའི་རྭ་བ་ཡིན། །

མི་རྟག་བདག་མེད་སྟོན་པའི་སློབ་དཔོན་ཡིན། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དུར་ཁྲོད་འདིར་ཐོག་མར་འགྲིམ་པའི་ཕུང་པོ་ནི། དབུ་ཐང་གྲོང་ནས་མཁའ་སྤྱོད་མའི་སྤྲུལ་པར་གྲགས་པ་རྒྱུད་འཇམ་ལ་གཏོང་ཕོད་ཆེ་བ། དམན་ལ་ལྷག་པར་བརྩེ་ཞིང་ཐུགས་རྒྱ་ཡངས་པའི་རྒན་མོ་ཞིག་ཡོད་པ་དེའི་ཕུང་པོ་ཡིན། ཕུང་པོ་བྱ་ལ་བྱིན་ནས་ཐོད་པ་བཞག་པའི་དབུ་ཐོད་དང་པོ་དེ་ཡང་དེའི་དབུ་ཐོད་ཡིན། དབུ་ཐོད་དེ་ལ་རྣལ་འབྱོར་མའི་སྐུ་རང་བྱུང་དུ་ཡོད་པ་དང་། དུར་ཁྲོད་ནང་དུ་སྟག་ཕུ་པདྨ་བཛྲ་གྱིས་མཁའ་སྤྱོད་མའི་དཀྱིལ་འཁོར་བཞེངས་དགོས་པའི་བཀའ་ལུང་གནང་བ་སོགས་ལ་དཔགས་ན་མཁའ་སྤྱོད་མའི་གནས་ཡིན་ནམ་སྙམ། དུར་ཁྲོད་འདི་ཡི་ནང་དུ་ཕུང་པོ་དུར་འདེབས་པའི་རྟོགས་ལྡན་དང་པོ་ནི། ཁྱབ་བདག་སྟག་ཕུ་བ་ཆེན་པོས་གནང་བའི་རྟོགས་ལྡན་བདེ་ཆེན་མཐོང་གྲོལ་ཞུ་བ་དེ་ཡིན། ཁོང་ནི་ངེས་མེད་ཀྱི་རྒྱལ་ཁམས་པ་ལྟ་སྒོམ་རྣམ་པར་དག་པའི་གཅོད་པ་ནུས་ལྡན་ཞིག་ཡིན། ཁོང་ནགས་ཤོད་ཀྱི་མི་མིན་ཡང་དགོངས་པ་མ་རྫོགས་བར་དུ་ལྟར་སྨོན་དགོན་གྱི་རྟོགས་ལྡན་གནང་ནས་བཞུགས་པ་འདི། བླ་མ་ཁྱབ་བདག་སྟག་ཕུ་བ་ཆེན་པོའི་ཐུགས་རྗེའི་བྱིན་རླབས་དང་། དགོན་གྱི་སྲུང་མ་དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱི་མཐུས་ཡིན་ཟེར་ནས་ཡུལ་མི་རྣམས་ཀྱིས་རྟོགས་ལྡན་དེ་ལ་ཧ་ཅང་གིས་དད་པ་ཆེ། དཔེར་ན་ངའི་ཨ་ཕས་རྟོགས་ལྡན་ཁོང་གིས་གནང་བའི་བཞེས་ཆས་ཤིང་ཕོར་སྡེར་སྡེར་འཛེར་རྒྱབ་པ་ཞིག་ཡོད་པ་དེ་གཡང་ཁུག་ནང་དུ་བཅུག་ནས་ཉར་ཚགས་བྱས་ཡོད།

དུར་ཁྲོད་མཁའ་སྤྱོད་གནས་སུ་མཚོན་པའི་བརྡར། །

ནང་ན་རྣལ་འབྱོར་མ་ཡི་དཀྱིལ་འཁོར་དང་། །

ཕྱི་རུ་དུར་ཁྲོད་ཐོག་མར་འགྲིམ་རྒྱུ་ནི། །

རྣལ་འབྱོར་མ་ཡི་སྤྲུལ་པ་ཡིན་པས་མཚོན། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ཡང་སྒོས་དཔལ་ལྡན་ལྷ་མོ་རེ་མ་ཏི་དང།  ལྷ་མོ་དུང་སྐྱོང་དབང་མོ།  ལྷ་མོ་དུད་སོལ་མ་གསུམ་ནི་སྤྱིར་བོད་ཁམས་སྤྱི་ཡི་སྲུང་མ་དང་། བྱེ་བྲག་ལྟར་སྨོན་སྡེ་དགོན་གཉིས་ཀྱི་སྲུང་མའི་གཙོ་བོ་ཞིག་ཏུ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་དུ་གྲགས་པ་རྒྱ་བཟའ་ཀོང་ཇོས་ལྟར་སྨོན་དགོན་པ་ཕྱག་འདེབས་སྐབས། ད་ལྟར་ཆུ་མ་ཨུ་རོང་ཡོད་ས་དེ་ནས་སྤྲུལ་པའི་བུ་མོ་གསུམ་གྱིས་རྒྱ་བཟའི་ཆིབས་དྲེལ་གྱི་ཁ་རུ་ནས་བཟུང་སྟེ། ཁྱེད་ཀྱིས་འདིར་དགོན་པ་ཞིག་ཕྱག་འདེབས་གནང་ན་ང་ཚོ་གསུམ་གྱིས་གྲོགས་བྱེད་གསུངས་ནས་ཀོང་ཇོ་ལ་དགོན་འདི་ཕྱག་འདེབས་པར་བསྐུལ་ཞིང་རྒྱབ་རིར་ཐིམ་པའི་གཟིགས་སྣང་བྱུང་བས་ཡིན། དགོན་པའི་རྒྱབ་རི་འདི་ལྷ་མོ་རྣམ་གསུམ་ཐིམ་པའི་གནས་རི་ཡིན་པ་མ་ཟད། རྒྱ་བཟའ་ཀོང་ཇོས་དུང་དཀར་ཆ་གཅིག་དང་ཙནྡན་གྱི་ཀ་བ་སོགས་གཏེར་ནས་བཞེས་ས་ཡང་རི་དེ་ཡིན་པས། སྒྲོལ་མ་དང་ལྷ་མོའི་གནས་རིར་བརྩིས་ནས་རི་འདིར་གཏེར་བུམ་འབུལ་བ་དང་ལྷ་མོའི་ལྷ་ཐོ་སོགས་བཞེངས་ཡོད།

བརྗིད་ཆགས་དགོན་པའི་རྒྱབ་ཀྱི་ལྷུན་པོ་འདི། །

སྤྱི་དང་ལྷག་པར་ལྟར་སྨོན་སྡེ་དགོན་གྱི། །

སྲུང་མའི་གཙོ་བོ་ལྷ་མོའི་བཞུགས་གནས་དང་། །

དུང་དཀར་ཆ་སོགས་ཀོང་ཇོས་གཏེར་དུ་བཞེས། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེ་ལྟ་བུའི་གནས་རི་ཁྱད་པར་ཅན་གྱི་གཡོན་ཟུར་ན་ཡོད་པའི་ལྟར་མོས་དགོན་གྱི་དུར་ཁྲོད་གཡང་མོ་ཁུག་གམ་མིང་གཞན་ཀ་ལིའི་དུར་ཁྲོད་དང་གཏན་ཆགས་(ཀ་ལིའི་དུར་ཁྲོད་ཅེས་པ་རྗེས་གྲུབ་ཀྱི་བརྡ་ཀ་ལི་མང་པོ་སྤུངས་པའི་དུར་ཁྲོད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ།  གཏན་ཆགས་ཞེས་པ་ལ་སྒྲ་ཟུར་ཆག་ནས་ཡུལ་མི་རྣམས་ཀྱིས་བཙན་འཆབ་ཅེས་ཟེར)ཀྱང་ཟེར། འདི་ལ་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད། དུར་ཁྲོད་འདིའི་རྟོགས་ལྡན་དང་པོ་བདེ་ཆེན་མཐོང་གྲོལ་ཞུ་བ་ཁོང་གི་ལོ་རྒྱུས་ཅུང་ཟད་གོང་དུ་ཞུས་ཟིན་ལ།  རྟོགས་ལྡན་གཉིས་པ་ནི།  རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྟག་ཕུ་ཆོས་ཀྱི་ཉི་མས་རྟོགས་ལྡན་དུ་བསྐོ་བཞག་གནང་བའི་དཀོན་མནའ་གྲོང་ནས་ཡིན་པའི་ལྟར་སྨོན་དགོན་གྱི་གྲྭ་གྲགས་པ་མཐར་ཕྱིན་ཡིན། ཁོང་ནི་ལྷག་བསམ་ལྡན་ལ་ང་རྒྱལ་ཆུང་བ། རླུང་ཁ་ལྡང་ལ་འཛིན་པ་མེད་པ། གཟུངས་སྔགས་ཀྱི་ནུས་པའི་རྟགས་ཐོན་པས། ཁོང་གི་སྔགས་ས་དང་སྔགས་ཆུ་སོགས་ཀྱིས་འགྲོ་བ་མང་པོའི་དུས་མིན་འཆི་རྐྱེན་ལས་བསྐྱབས་པ། ཁྱད་པར་དུ་རྨ་གཉན་སྐྲང་གསུམ་དང་གདོན་གྱིས་བརླམས་པ་སོགས་ལ་ཤིན་ཏུ་ཕན། ཁོང་དུས་འགྱུར་སྐབས་སུ་སྐྱ་སར་བབས། ཁོང་ནི་ངའི་ཞང་པོ་ཡིན། རྟོགས་ལྡན་གསུམ་པ། དུས་འགྱུར་གྱི་རྗེས་སུ་ལྟར་སྨོན་དགོན་གྱི་མཁན་པོ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་བཀའ་བཅུ་ངག་དབང་དོན་ཡོད་ཀྱིས་བསྐོས་པའི་རྟོགས་ལྡན་འཕྲིན་ལས་རེད། ཁོང་ནི་བཟོ་རིགས་ལ་མཁས་པས་མཆོད་རྟེན་དང་ལྷ་ཁང་གི་ཐིག་ཚད་དང་། དེ་དག་གསར་བཞེངས་ཀྱི་རྡོ་བརྩེགས་རྒྱག་པ་སོགས་ལ་ཤིན་ཏུ་མཁས། དབུ་ཐང་གྲོང་གི་ཚེས་བཅུའི་དབུ་མཛད་དང་། མཚམས་བསྙེན་སྒྲུབ་དང་ལྡན་པའི་གཅོད་པ་ཡག་པོ་ཞིག་གོ།

འབྲེལ་ཚད་དོན་ལྡན་དུར་ཁྲོད་ཁྱད་འཕགས་འདིར། །

རྣལ་འབྱོར་རྟོགས་ལྡན་བདེ་ཆེན་མཐོང་གྲོལ་སོགས། །

ཇི་ལྟར་བྱོན་ཚུལ་ཅུང་ཙམ་བརྗོད་པ་འདི། །

བརྗེད་ངེས་རྐུན་པོ་བསྲུང་བའི་སྒོ་ལྕགས་ཡིན། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དུར་ཁྲོད་ཕྱག་བཏབ་ཟིན་ནས་བདག་པས་གཞན་གཅེས་པའི་སེམས་བསྐྱེད་ཀྱིས་རྒྱུད་ཕྱུག་པའི་བླ་མ། ནང་གི་རྣམ་རྟོག་ཐོག་རྫིས་བྱས་ནས་སྣང་སྲིད་གཉེན་དུ་ཤར་བའི་རྟོགས་ལྡན། ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་བའི་འདུལ་བ་འཛིན་པ་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་ཇི་ལྟར་བརླབས་པའི་ཚུལ་ནི། ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་ནང་ཚན་ཕྱག་ན་པདྨོའི་རྣམ་སྤྲུལ་སྟག་ཕུ་བ་པདྨ་བཛྲ་དང་། དེའི་ཡང་སྤྲུལ་སྟག་ཕུ་ཆོས་ཀྱི་ཉི་མ། ཞང་ཞུང་ཆོས་དབང་གྲགས་པའི་སྐྱེ་ཕྲེང་ལྷ་ལྡན་རབ་འབྱམས་པ་ཆེན་པོ་ཞབས་དྲུང་མཁས་གྲུབ་བསྟན་འཛིན་མཆོག་ལ་སོགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་རླབས་དང་རབ་གནས་སོགས་ཡང་ཡང་གནང་བ་དང། དུས་འགྱུར་གྱི་རྗེས་སུ་ཇོ་བོ་བཀའ་གདམས་པའི་རིང་ལུགས་དྲི་མ་མེད་པའི་རྣམ་པར་ཐར་པ་ལ་གནས་ཤིང་། བྱམས་སྙིང་རྗེ་བྱང་སེམས་ཀྱིས་རྒྱུད་ཕྱུག་པ་བདག་གི་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྱུང་སྤྲུལ་སྐལ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་ངད་ཕྱོགས་བཅུར་འཕྲོ་བའི་འདུལ་བ་འཛིན་པ་ཆེན་པོ་མཁན་རིན་པོ་ཆེ་ངག་དབང་དོན་ཡོད་སོགས་ཀྱིས་རབ་གནས་དང་བྱིན་རླབས་ཡང་ཡང་གནང་བའི་གནས་མཆོག་ཞིག་ཡིན།

སྙིང་རྗེའི་རང་གཟུགས་སྟག་ཕུ་རིམ་བྱོན་དང་། །

རྟོགས་པའི་ཀློང་རྡོལ་ཞབས་དྲུང་སྤྲུལ་བའི་སྐུ། །

བཀའ་གདམས་རྣམ་ཐར་སྐྱོང་བའི་ཁྱུང་སྤྲུལ་རྗེ། །

འདུལ་འཛིན་མཁན་ཆེན་ངག་དབང་དོན་ཡོད་སོགས། །

བློ་གྲོས་རྩལ་རྫོགས་དེ་ཉིད་ཐུགས་སུ་ཆུད། །

སྙིང་རྗེས་རྒྱུད་ཕྱུག་གཅེས་འཛིན་དྲུང་ནས་ཕྱུང་། །

ལྷག་བསམ་ཀློང་རྡོལ་གཞན་དོན་ལ་བརྩོན་པའི། །

སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་ཆར་ཕབ། །

རང་དགོན་བྲལ་ཡང་རང་གི་དགོན་པ་ལ། །

ཞེན་པ་དཀར་ཞིང་མི་ཡུལ་གཞན་འགྲིམས་ཀྱང་། །

རང་ཡུལ་གློ་བ་ཉེ་ཞིང་འཕགས་ཡུལ་དུ། །

གནས་པའི་དགེ་བཤེས་ཐོགས་མེད་ཅེས་བྱས་བྲིས། །

Related Articles