ནང་ཆོས་ཉམས་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན།

དགའ་ལྷོ་འབྲི་རྒྱལ་བ།

སྤྱིར་འཛམ་གླིང་འདིའི་ཐོག་འཚོ་གནས་ཐུབ་པ་ལ་ཆོས་ཞིག་ཁས་ལེན་མི་དགོས་པ་ནི་ཆོས་མེད་སྨྲ་བ་དེ་དག་ཕྱི་ཚུལ་ནས་བལྟས་ན་འདྲ་ཆགས་པོ་བྱས་ནས་འཚོ་གནས་ཐུབ་ཀྱི་ཡོད་པའི་བཟོ་འདྲ་ཡོད།        འོན་ཀྱང་བསམ་བློ་ཞིབ་ཚགས་ཞིག་བཏང་ན་ཆོས་ཁས་ལེན་མི་ལེན་དེ་དག་ལས་ཁས་ལེན་མཁན་ཚོ་སེམས་ལ་ཞི་བདེ་ཆེ་ཡི་ཡོད་པ་དེ་ཀུན་གྱིས་ཤེས་གསལ་རེད།  དེ་ནི་ཆོས་ནས་བཤད་པའི་བླངས་དོར་གྱི་བསླབ་བྱ་བཟང་པོ་དེ་དག་ལ་ཡིད་ཆེས་ཡོད་པའི་རྒྱུ་མཚན་གྱིས་རེད། ཆོས་ལུགས་ཀྱང་ཡེ་ཤུ་དང༌།  ཁ་ཆེ། ཇིའུ་ཤི།ཧི་འདུ་སོགས་དུ་མ་ཞིག་ཡོད་ཀྱང་དེ་དག་ནི་འཇིག་རྟེན་བཀོད་པ་པོ་འདོད་ཅིང་དེ་ཡང་རྟག་པ་རང་བྱུང་གི་སྐྱེས་བུ་ཞིག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་བཀོད་པའམ་སྒྲུབ་པར་འདོད་ཀྱི་ཡོད། གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་ན་ང་ཚོའི་སྣོད་བཅུད་ཐམས་ཅད་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་ཕྱག་ལ་ཡོད་པ་མ་གཏོགས་ང་ཚོའི་ལག་པར་མེད་པའི་བཟོ་འདྲ་བོ་ཆགས་ཀྱི་ཡོད།

ང་ཚོ་ནང་པའི་གཞུང་ནས་དེ་འདྲའི་རྟག་པ་རང་བྱུང་གི་སྐྱེས་བུ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ཞིག་འདོད་ཀྱི་མེད།ནང་ཆོས་ཀྱི་གཞུང་ལས་སྣོད་བཅུད་འདི་དག་ཐམས་ཅད་གོང་དུ་ཞུས་པ་ལྟར་གཅིག་གིས་བཀོད་སྒྲིག་བྱས་ཏེ་བྱུང་བ་མ་ཡིན་པར་རང་རང་གི་རྫས་རྒྱུན་སྔ་མས་ཉེར་ལེན་དང༌།  སེམས་ཅན་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་དེ་ཉིད་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། མཁན་མཆོག་དབྱིག་གཉེན་གྱིས་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུང་པ་ལྟར་ཡིན། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཞེས་པ་ནི། དཔེར་ན། ཞིང་པ་རྣམས་ཀྱིས་དཔྱིད་དུས་སུ་ཞིང་ཁར་ནས་ཀྱི་ས་བོན་བཏབ་པའི་ས་བོན་དེ་ནི་སྟོན་དུས་སུ་སྨིན་པའི་ལོ་ཏོག་དེ་ཡི་ཉེར་ལེན་དང༌།ས་བོན་བཏབ་པའི་ཞིང་དེ་ལ་དྲོད་དང་ཆུ་ལུད་སོགས་དགོས་ཀྱི་ཡོད་པ་དེ་ནི་སྟོན་དུས་ཀྱི་ལོ་ཏོག་དེའི་ལྷན་ཅིག་བྱེད་རྐྱེན་ཡིན། ས་བོན་བཏབ་ཀྱང་དྲོད་དང་ཆུ་ལུད་སོགས་ཀྱི་ཁྱད་པར་ལ་མ་ལྟོས་ན་ཕྱིས་སྟོན་དུས་སུ་ལོ་ཏོག་ཡག་པོ་ཞིག་འབྱུང་གི་མེད་ཞིང་པ་ཀུན་གྱིས་ཤེས་གསལ་ཡིན། དེས་ན་དངོས་པོ་དེ་རིགས་འདྲ་བ་ཡིན་པ་མཚུངས་ན་ཡང་དེ་ལ་བཟང་ངན་སོགས་ཀྱི་ཁྱད་པར་ཡོད་པ་ནི་གཙོ་བོ་ལྷན་ཅིག་བྱེད་རྐྱེན་ལ་རག་ལས་པ་ཞིག་ཡིན།ཆོས་ལུགས་དེ་དག་ལས་ང་ཚོའི་ནང་ཆོས་འདི་རང་རང་གི་ནང་སེམས་ཀྱི་འགྲོ་སྟངས་ཞིག་གི་སྟེང་ནས་བཞག་པ་ཡིན་པས་བཟང་ངན་དང་དགེ་སྡིག་གང་བྱེད་ཀྱང་རང་གི་ལག་ཏུ་ཡོད་པ་ལྟ་བུ་ཞིག་རེད། དེ་ལ་རང་གཞན་ཀུན་གྱིས་འདོད་པའི་བདེ་བ་ཞེས་པ་དང་མི་འདོད་པའི་སྡུག་བསྔལ་ཞེས་པ་ནི་ནང་པའི་གཞུང་ནས་བཤད་ཡག་གི་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་སེམས་དང་སེམས་བྱུང་གི་རྣམ་གཞག་དུ་མ་ཡོད་པའི་ནང་ནས་ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་པ་དེ་རེད།  དེ་ནི་ཕྱི་རོལ་གྱི་རྐྱེན་དང་ཅུང་ཟད་འབྲེལ་བ་ཡོད་ཀྱང་གཙོ་བོ་རང་གིས་བསམ་བློ་གཏོང་ཕྱོགས་ལ་རག་ལས་པ་ཞིག་རེད། མིའི་སྤྱི་ཚོགས་ནང་མི་འདོད་པའི་རྐྱེན་ངན་དུ་མ་ཞིག་འཕྲད་ཀྱི་ཡོད། དེའི་ཚེ་མི་བློ་རྒྱ་ཆེ་ཆུང་ལ་བརྟེན་ནས་རང་ལ་སྡུག་བསྔལ་ཆེ་ཆུང་ཡོང་གི་ཡོད་པ་ནི་ང་ཚོའི་མངོན་སུམ་གྱིས་མཐོང་གི་ཡོད། བདེ་སྡུག་ཞེས་པ་དེ་གཙོ་བོ་ནང་སེམས་ཀྱི་སྟེང་ནས་ཡོང་རྒྱུ་ཞིག་ཡིན་པས་རྒྱུ་དངོས་པོ་དང་གཏམ་སྙན་གྲགས་ཇི་ཙམ་ཆེན་པོ་ཡོད་ཀྱང་ཡིད་བརྟན་ཕེར་བའི་བདེ་སྐྱིད་ཅིག་ཡོང་རྒྱུ་ཁག་པོ་ཡོད། ནང་གི་སེམས་འདི་ཉིད་ཞི་དུལ་ཞིག་དང་བྱམས་བརྩེའི་ཡོན་ཏན་ལ་བློ་ཁ་ཕྱོགས་པ་ཞིག་ཡོད་ན་དེ་ལ་ཡིད་བརྟན་ཕེར་བའི་བདེ་སྐྱིད་ལྡན་པ་ཡོང་བ་གསལ་པོ་ཡིན། དེང་དུས་ཆེས་སྙན་གྲགས་ཅན་ཚན་རིག་གི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ཀྱང་ཕྱིའི་དངོས་པོའི་དཔལ་ཡོན་གཅིག་པུས་མིའི་འདོད་བློ་ཡོངས་སུ་སྐོང་ཐུབ་ཀྱི་མེད་པ་ཤེས་ཀྱི་ཡོད།

ཚན་རིག་གི་ལྟ་གྲུབ་ཆ་ནས་སེམས་ཀྱི་རྣམ་གཞག་ཁས་མ་བླངས་ན་ཡང་ཀླད་པའི་རྩ་ཕྲན་ལས་གཞན་པའི་གལ་ཆེན་གྱི་དངོས་པོ་ཞིག་ཡོད་པར་དེང་དུས་བསམ་བློ་འཁོར་བཞིན་ཡོད། དེར་བརྟེན་སྙན་གྲགས་ཆེ་བའི་ཚན་རིག་པ་རྣམས་ཀྱང་ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་ལ་དཔྱད་པ་བྱེད་འགོ་བརྩམས་ནས་དེང་སྐབས་ནང་པའི་མཁས་པ་ཚོ་དང་ཡང་ནས་ཡང་དུ་བགྲོ་གླེང་དང་སྦྱོང་བཤད་བྱེད་བཞིན་ཡོད། ང་ཚོའི་ནང་ཆོས་འདི་ནི་རང་གི་ཕར་བལྟས་ནས་ཟབ་པ་དང་ཡང་དག་པ་ཞིག་མཐོང་ཐུབ་ཀྱི་མེད་ན་ཡང༌། སྙན་གྲགས་ཅན་གྱི་མི་དེ་དག་གིས་ཚུར་མཐོང་ཆེན་བྱེད་ཚུལ་དེ་ལ་བལྟས་ནས་རང་གི་བསམ་བློ་ཞིབ་ཕྲ་གཏང་དགོས་པ་ཆགས་ཡོད།

ང་ཚོ་བོད་གངས་ཅན་ལྗོངས་འདིར་ཕ་མེས་ཡང་མེས་མི་རབས་མང་པོ་ཞིག་ནས་ནང་པའི་ཆོས་ཀྱི་ཉམས་ལེན་ནི་ཟུབ་ཏུ་མེད་པར་ང་ཚོའི་ཤ་ཁྲག་རུས་གསུམ་གྱི་ནང་དུ་ཐིམ་ནས་གནས་ཡོད།འོན་ཀྱང་དུས་སྐབས་འདི་ལ་ནང་པ་སངས་རྒྱས་པའི་ཆོས་ཁས་ལེན་པ་དང་ཉམས་སུ་ལེན་པ་ཞིག་ཡིན་ན་ངའི་ཕ་མེས་ནས་ནང་པ་ཡིན་པས་ང་ཡང་ནང་པ་ཡིན་ཞེས་པ་ཙམ་གྱིས་གཏན་ནས་འགྲིག་ཐབས་མེད། དེ་ནི་ཆོས་ཀྱི་གནས་ལུགས་ལ་རྨོངས་ནས་གང་ཡང་མ་ཤེས་པའི་སྒོ་ནས་དད་པ་བྱེད་པ་ཙམ་ཞིག་ཡིན་པས་དེ་ལ་རྨོངས་དད་ཅེས་ཟེར། ང་ཚོ་ནང་པ་སངས་རྒྱས་པ་ཞེས་པ་ནི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་རྗེས་སུ་འབྲང་མཁན་ཞིག་ལ་ཟེར་གྱི་ཡོད། དེ་ཕྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་པ་ལྟར་ང་ཚོས་ཉམས་སུ་ལེན་དགོས། དེ་ཡང་སྟོན་པའི་གསུང་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་པ་འདིས་ང་ཚོའི་སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་པའི་ཆོས་ཉམས་སུ་ལེན་ཚུལ་ལ་གདམས་པ་ཞིག་ཡིན། དེ་ཇི་ལྟར་ཞེ་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས་ཞེས་པ་དེས་ཆོས་ཉམས་སུ་ལེན་མཁན་དང༌། དེ་ནས་ཚིག་རྐང་ལྷག་མ་གསུམ་གྱིས་ཉམས་སུ་ལེན་ཚུལ་བསྟན་པ་ཡིན། དེ་ཡང་དཔེ་དང་སྦྱར་ནས་གསུངས་པ་རེད། དཔེར་ན་གསེར་ཉོ་མཁན་གྱི་ཚོང་པ་དེས་གསེར་དེ་ཐོག་མར་བརྡར། དེ་ནས་བཅད། དེ་ནས་མེ་ལ་བསྲེགས་ནས་བརྟགས་དཔྱད་བྱེད་པ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཆོས་དེ་ང་ཚོས་ཉམས་སུ་ལེན་པའི་ཚེ་དཔེ་དེ་བཞིན་དུ་རིགས་པའི་སྒོ་དུ་མ་ཞིག་གིས་བརྟག་དཔྱད་བྱས་ཏེ་ཉམས་སུ་ལེན་དགོས་པ་ལས་དཔྱད་པ་གང་ཡང་མ་བྱས་པར་ཡིན་ཤག་ཤག་འདྲ་བོ་བྱས་ཏེ་དད་པ་གཅིག་པོར་བྱེད་པས་ནི་ཉམས་ལེན་ཡང་དག་པ་ཞིག་མིན་པ་གསལ་པོ་བྱས་ནས་གསུངས་པ་ཡིན། དེས་ན་ང་ཚོས་ཆོས་ཉམས་སུ་ལེན་པ་ལ་ཉམས་ལེན་ཡང་དག་པ་ཞིག་བྱེད་དགོས། དེ་ལ་ནང་ཆོས་ཀྱི་དོན་དག་ཤེས་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། རབ་བྱུང་ན་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་མདོ་དང་དེའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་སོགས་འཕགས་ཡུལ་པན་གྲུབ་རྣམས་ཀྱི་གསུང་དང༌། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལ་བསླབ་ནས་ཤེས་པར་བྱེད་དགོས།དེ་ལྟར་མ་བྱུང་ན་ཡང་རང་རང་སོ་སོའི་ཆོས་རྒྱུད་ཀྱི་གཞུང་ལ་ངེས་པར་དུ་བསླབས་ནས་ཤེས་པར་བྱེད་དགོས། དེ་སློབ་པ་ལ་ཕོ་མོ་དང་སྐྱ་སེར་རྒན་གཞོན་སུ་ཡིན་ཡང་ཁྱད་པར་མེད། དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་དུ་རབ་བྱུང་གི་སྡེ་མ་གཏོགས་གཞུང་ལ་སློབ་སྦྱོང་བྱེད་སྲོལ་མེད་པ་དེ་ནི་ཆེས་ནོར་འཁྲུལ་ཞིག་ཡིན། ཆོས་ལ་སློབ་སྦྱོང་བྱེད་ཚུལ་ལ་ཡང་གདན་ས་གྲྭ་ཚང་ནང་ལ་མགོ་བསྡུས་གྲྭ་ནས་མཇུག་འདུལ་བ་བར་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་ཚུལ་དེ་ནི་འཛམ་གླིང་འདིའི་ནང་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡིན། དེ་འདྲའི་དམིགས་བསལ་སློབ་གསོའི་ལྟེ་གནས་མེད་ས་ང་ཚོ་བོད་ཀྱི་ཞིང་འབྲོག་ཁུལ་ལྟ་བུ་ལ་ཡང་ནམ་རྒྱུན་ནས་རང་གིས་ནང་ཆོས་ལ་དད་པ་བྱེད་པ་ཙམ་མིན་པར་དེའི་དོན་དག་གང་ཡིན་ཐད་ལ་བསམ་བློ་ཡག་པོ་བཏང་ནས་ཤེས་རྟོགས་བྱེད་དགོས།

དེ་ཡང་དཔེ་ཆ་ཏོག་ཙམ་ཤེས་མཁན་གཅིག་ལ་མ་བརྟེན་པར་རང་གཅིག་པུས་ཨུ་ཚུགས་ག་ཚོད་བྱས་ཀྱང་ཤེས་རྒྱུ་ཁག་པོ་རེད། དཔེ་ཆ་ཤེས་མཁན་སྐྱ་སེར་ཕོ་མོ་སུ་ཡིན་རུང་དེ་ལ་རང་གི་ཉམས་སུ་ལེན་རྒྱུའི་ཆོས་དེའི་དོན་ངོ་མ་ཇི་ལྟར་ཡིན་ཡང་ནས་ཡང་དུ་འདྲིས་དགོས། དཔེར་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱི་ཚིག་རྐང་བཞི་པོ་དེ་རྒྱུན་དུ་རང་གིས་ཁ་འདོན་བྱེད་ཀྱི་ཡོད་ན་སངས་རྒྱས་ཞེས་པ་དང༌། ཆོས་ཞེས་པ་དང༌། ཚོགས་ཀྱི་མཆོག་ཅེས་པ་དེ་དག་ག་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་དང༌། ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞིག་སྲུང་པ་ལ་སྤོང་བྱ་མི་དགེ་བཅུ་པོ་དེའི་རྒྱུ་དང་ངོ་བོ་དང་འབྲས་བུ་ཇི་འདྲ་བ་འབྱུང་གི་ཡོད་མེད་སོགས་འདྲི་དགོས་པ་ཡིན། དེ་ཡང་ཆོས་ལ་སློབ་སྦྱོང་བྱེད་ཚུལ་ཞིག་ཡིན། དེ་ལྟར་དྲིས་པ་ལ་ཆོས་གྲོགས་ཕན་ཚུན་ལྟ་བུ་འདྲ་མཉམ་གྱི་འདུ་ཤེས་ལས་བླ་མ་དང་དགེ་རྒན་གང་གི་ཡང་འདུ་ཤེས་མི་དགོས། འོ་ན་ཆོས་

ཀྱི་དོན་ལ་བསླབས་ནས་ཉམས་སུ་ལེན་དགོས་ན་ཉམས་ལེན་གྱི་རིམ་པ་ཇི་འདྲ་ཞིག་དགོས་ཞེ་ན། ཐོག་མར་མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡང་དག་པ་ཞིག་བྱ་དགོས་པ་ཡིན། དེ་ནི་ནང་པ་སངས་རྒྱས་པའི་ལམ་གྱི་རྩ་བ་ལྟ་བུ་ཆགས་ཀྱི་ཡོད། སྤྱིར་ནི་སྐྱབས་གནས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ལ་ནང་པ་སངས་རྒྱས་པ་ཟེར་གྱི་ཡོད། དེ་ཁས་མི་ལེན་ན་ནང་པ་སངས་རྒྱས་པའི་གང་ཟག་མིན། དེ་ལ་ཐོག་མར་སྐྱབས་འགྲོའི་ངོ་བོ། སྐྱབས་ཀྱི་ཡུལ་དང་དེའི་ངོ་བོ། སྐྱབས་སུ་སོང་བའི་ཕན་ཡོན་སོགས་ཤེས་པར་བྱེད་དགོས།

དེ་དག་ཤེས་པའི་སྟེང་ནས་སྐྱབས་སུ་སོང་བ་དེ་ལ་ཤེས་ནས་དད་པ་ཐོབ་པའི་སྐྱབས་འགྲོ་ཟེར་གྱི་ཡོད། དེ་ནི་སྐྱབས་འགྲོ་རྣལ་མ་ཞིག་དང་ཡང་དག་པ་ཞིག་ཡིན། དེ་ལྟ་མིན་ན་སྐྱབས་སུ་སོང་བ་ཙམ་གྱི་ཕན་ཡོན་མ་གཏོགས་སྐྱབས་འགྲོའི་ཕན་ཡོན་ཡང་དག་པ་ཞིག་ཐོབ་ཀྱི་མེད། དེས་ན་སྐྱབས་འགྲོའི་ངོ་བོ་སོགས་ཇི་ལྟ་བུ་ཡིན་སྙམ་ན། ངོ་བོ་ནི་དད་པ་ཡིན་ལ། དད་པ་ལ་ཡིད་ཆེས་པའི་དད་པ་དང༌། དང་བའི་དད་པ་དང༌། འདོད་པའི་དད་པ་དང་གསུམ་ཡོད། སྐྱབས་སུ་སོང་པའི་དད་པ་འདི་ལ་དད་པ་གསུམ་ཀ་ཚང་གི་ཡོད། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡིད་ཆེས་པའི་སྒོ་ནས་སྐྱབས་སུ་སོང་པ་ལ་ཡིད་ཆེས་པའི་དད་པ་དང༌། དེའི་ཡོན་ཏན་ལ་ཡི་རང་པའི་སྒོ་ནས་སྐྱབས་སུ་སོང་པ་ལ་དང་བའི་དད་པ་དང༌། སྐྱབས་གསུམ་གྱི་ཡོན་ཏན་དེ་དག་རང་རྒྱུད་ལ་བསྒྲུབ་འདོད་ནས་སྐྱབས་སུ་སོང་པའི་དད་པ་ལ་འདོད་པའི་དད་པ་ཟེར་གྱི་ཡོད། སྐྱབས་སུ་འགྲོ་བའི་ཡུལ་ནི། སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག །དགེ་འདུན་དཀོན་མཆོག་དང་གསུམ་ཡོད།

དེ་ལ་སངས་རྒྱས་དཀོན་མཆོག་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་ལ་ཟེར་གྱི་ཡོད། དེ་ནི་རང་རྒྱུད་ལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་གང་ཟག་ཞིག་ཡིན། དེ་འདྲའི་གང་ཟག་ཁྱད་པར་ཅན་དེ་ཡེ་ནས་དེ་ལྟ་བུ་ཞིག་ཨེ་ཡིན་ཞེ་ན་མ་ཡིན། ཁོང་ནི་ཐོག་མར་ང་རང་ཚོ་དང་གཅིག་པ་གང་ཟག་ཐ་མལ་བ་ཞིག་ཡིན། ངས་འབྲུག་པ་ཀུན་ལེགས་ཀྱི་ལོ་རྒྱུས་ཞིག་ཐོས་མྱོང༌། དེ་ནི་ལྷ་སའི་ཇོ་བོ་མཇལ་བའི་སྐོར་ཞིག་རེད། ཁོང་ཇོ་བོའི་མདུན་དུ་སླེབ་སྐབས་འདི་འདྲ་ཞིག་གསུང་པ་རེད་ཟེར། །ཐོག་མར་ཁྱོད་དང་ང་གཉིས་འདྲ་འདྲ་ཡིན། །ཁྱོད་ནི་བརྩོན་འགྲུས་དབང་གིས་རྫོགས་སངས་རྒྱས། །ང་ནི་ལེ་ལོའི་དབང་གིས་འཁོར་བར་འཁྱམ། །ད་ནི་ང་ཡིས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་ཇོ་བོ་ལ་ཕྱག་འཚལ་བ་རེད་ཟེར། དེ་ནི་ནང་ཆོས་ཀྱི་གཞི་ལམ་འབྲས་བུའི་གོ་དོན་མཁྱེན་པའི་སྟེང་ནས་གསུང་པ་ཞིག་རེད་འདུག །རང་རེའི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་འཁོར་བ་སྤྱི་དང་བྱེ་བྲག་གི་བསྡུག་སྔལ་ཤེས་ནས་དེ་ལ་བྲལ་འདོད་ཀྱི་བློ་སྐྱེས། དེ་དང་བྲལ་བ་ལ་དེའི་རྒྱུ་ཀུན་འབྱུང་ལས་ཉོན་གཉིས་དང་བྲལ་དགོས་པར་གཟིགས་ནས་ཀུན་འབྱུང་ལ་སྤོང་འདོད་ཀྱི་བློ་སྐྱེས། དེ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཟད་རུང་ཡིན་པ་མཐོང་ནས་དེ་ཟད་པའམ་སྤངས་པའི་འགོག་པ་ཐོབ་འདོད་དང༌། དེ་ཐོབ་པའི་ཐབས་ལས་ཉོན་དེ་དག་གི་གཉེན་པོ་ལམ་སྒོམ་དགོས་པར་མཁྱེན་ནས་

ལམ་བདེན་མངོན་དུ་བྱ་འདོད་ཀྱི་བློ་སྐྱེས་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་དང༌། ས་ལམ་གྱི་ཡོན་ཏན་རྣམས་རིམ་བཞིན་བསྐྱེད་པར་བྱེད་ནས་རང་རྒྱུད་ཀྱི་སྒྲིབ་གཉིས་མ་ལུས་པ་ཟད་པས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཞིག་ཡིན། དེ་ལྟ་བུ་སྟོན་པ་བཅོམ་ལྡན་འདས་དེ་སྐྱབས་ཡུལ་དུ་འོས་པའི་རྒྱུ་མཚན་བཞི་ཡོད། དེ་ལ་དང་པོ། རང་ཉིད་སྒྲིབ་གཉིས་ཀྱི་འཇིགས་པ་ཐམས་ཅད་དང་བྲལ་བས་གཞན་འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དང་ལྡན་པ་དང༌། གཉིས་པ། རང་ཅག་གདུལ་བྱ་རྣམས་ལ་སྒྲིབ་གཉིས་ཀྱི་འཇིགས་པ་དེ་དང་བྲལ་བའི་ཐབས་བསྟན་པ་ལ་མཁས་པ་དང༌། གསུམ་པ། ཀུན་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང༌། བཞི་པ། སྔར་རང་ཉིད་ལ་ཕན་བཏགས་མ་བཏགས་ལ་ཉེ་རིང་མེད་པར་འཇུག་པའི་བཏང་སྙོམས་མངའ་བ་དང་བཅས་ཡིན། འོ་ན་སྟོན་པ་བཅོམ་ལྡན་འདས་དེ་ཉེ་རིང་དང་བྲལ། ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་སྐྱོབ་

པའི་ནུས་པ་མ་ཚང་བ་མེད་པ་ཞིག་ཡིན་ན་ང་ཚོ་སྔར་ནས་མ་བསྐྱབས་པར་ད་དུང་ཡང་སྡུག་བསྔལ་གསུམ་གྱིས་མནར་ཞིང་འཁོར་བའི་གནས་འདིར་ལྷག་དགོས་དོན་གང་ཡིན་སྙམ་ན། དེང་སང་འགའ་ཞིག་གིས་འདི་ལྟར་བཤད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་མི་ནག་ཉེས་ཆེ་ཤོས་དེ་ནང་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རེད་འདུག་གང་ཡིན་ཟེར་ན་ཁོ་རང་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་ཡོད་ལ་སྐྱོབ་པར་ཁས་བླངས་ཡོད་ཀྱང་བསྐྱབས་མི་འདུག་ཟེར། དེ་ནི་ནང་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མ་ཤེས་པས་སྐྱོན་རེད།

ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱིས་སྐྱོབ་ཚུལ་ནི་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པ་བསྟན་པའི་སྒོ་ནས་ཡིན་པ་ལས། གོས་ཀྱི་དྲི་མ་ཆུ་ལ་བཀྲུས་ནས་སེལ་བ་བཞིན་དུ་ང་ཚོའི་རྒྱུད་ཀྱི་སྒྲིབ་གཉིས་ཀྱི་དྲི་མ་འདི་སྟོན་པ་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེལ་རྒྱུ་མེད་ལ་སྐུ་མགྲོན་ཁང་པའི་ནང་ལ་གདན་འདྲེན་ཞུས་པ་བཞིན་དུ་ང་ཚོ་དག་ཞིང་ལ་གདན་འདྲེན་ཡང་ཞུ་མི་ཐོབ། དེ་ལྟར་ཡིན་པ་ཡང། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་བ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བས་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། ཞེས་

གསུངས་ཡོད། དེས་ན་སྐྱབས་ཡུལ་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་ནི། ང་རང་ཚོ་ལ་སྡུག་བསྔལ་རྒྱུ་དང་བཅས་པ་ཟད་ཅིང་གཏན་གྱི་བདེ་བ་ཐར་པའི་གོ་འཕང་ཐོབ་པའི་ཐབས་སྟོན་པ་པོ་ཡིན། ཆོས་དཀོན་མཆོག་ལ། རང་གི་ཐོབ་བྱར་གྱུར་པའི་འགོག་བདེན་དང༌། ལམ་བདེན་གཉིས་ཡོད། དེ་ལ་འགོག་བདེན་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཅི་རིག་དང་བྲལ་བའི་འཕགས་རྒྱུད་ཀྱི་འདུས་མ་བྱས་ཀྱི་ཡོན་ཏན་ཞིག་ལ་ཟེར། ལམ་བདེན་ནི་རང་གི་འཐོབ་བྱ་འགོག་བདེན་འཐོབ་བྱེད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལ་སོགས་པའི་འཕགས་རྒྱུད་ཀྱི་ལམ་ཐམས་ཅད་ཡིན་ལ། ཆོས་དཀོན་མཆོག་འགོག་ལམ་གྱི་སྐྱབས་དེ་གཉིས་རང་རྒྱུད་ལ་ཐོབ་པའི་ཚེ་མཐོང་སྤང་དང་སྒོམ་སྤང་གི་འཇིགས་པ་ཅི་རིག་དང་བྲལ་བའི་རྒྱུ་མཚན་གྱིས་སྐྱབས་དངོས་ཡིན། ཚོགས་ཀྱི་མཆོག་དགེ་འདུན་དཀོན་མཆོག་ནི། རྒྱུན་ཞུགས་ཞུགས་པ་ནས་སངས་རྒྱས་འཕགས་པའི་བར་གྱི་འཕགས་པའི་གང་ཟག་ཐམས་ཅད་ཡིན་ལ་དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཟླ་གྲོགས་ལྟ་བུ་ཡིན།

དེ་ལྟར་སྐྱབས་ཡུལ་ངོས་ཟིན་པ་དང་དེ་དག་གི་ཡོན་ཏན་དྲན་པའི་སྒོ་ནས། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང༌།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སོགས་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྟེང་ནས་སྐྱབས་འགྲོ་བྱེད་པ་ནི་སྐྱབས་འགྲོ་ཡང་དག་པ་ཞིག་བྱེད་པ་ཡིན། དེ་ཡང་་མ་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཇིགས་པ་དེ་དག་དང་བྲལ་བའི་དོན་དུ་བྱེད་ན་དེ་ནི་ཐེག་པ་ཆེན་པོའི་སྐྱབས་འགྲོ་བྱེད་ཚུལ་ཡིན། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། རང་ཉིད་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་གྲལ་དུ་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་རུང་བ་དང༌། རང་རྒྱུད་ཀྱི་སྡིག་པ་རྣམས་ཟད་པར་འགྱུར་བ་དང༌། ངན་སོང་གི་གནས་སུ་མི་ལྟུང་བ་དང༌། མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང༌། བསམ་པའི་དོན་རྣམས་འགྲུབ་པ་དང༌། བསོད་ནམས་རྒྱ་ཆེན་པོ་དང་ལྡན་པ་དང༌། མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་ཀྱི་ཕན་ཡོན་དང་ལྡན་པ་ཡིན།སྐྱབས་འགྲོའི་བསླབ་བྱ་ལ་ཡང་སངས་རྒྱས་ལ་སྐྱབས་སུ་སོང་བས་དབང་ཕྱུག་སོགས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། ཆོས་ལ་སྐྱབས་སུ་སོང་བས་གཞན་ལ་གནོད་འཚེ་སྤང་དགོས་པ་དང༌། དགེ་འདུན་ལ་སྐྱབས་སུ་སོང་བས་སྡིག་གྲོགས་དང་མཐུན་འཇུག་སྤང་དགོས་པ་སྟེ་ཐུན་མོང་མ་ཡིན་པའི་བསླབ་བྱ་གསུམ་དང༌། རང་གི་སྲོག་གི་ཕྱིར་ཡང་མི་གཏོང་བ་དང༌། འཚོ་བ་སོགས་ཀྱིས་ཇི་ཙམ་ཕོངས་ཀྱང་དཀོན་མཆོག་ལས་སྐྱབས་གཞན་མི་འཚོལ་པ་དང༌། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང༌། དུས་རྟག་ཏུ་སྐྱབས་སུ་འགྲོ་བ་དང༌། རང་ཉིད་ས་ཕྱོགས་གང་དུ་ཕྱིན་ཀྱང་ཕྱོགས་དེའི་དཀོན་མཆོག་ལ་ལྷག་པར་སྐྱབས་སུ་འགྲོ་བ་སྟེ་ཐུན་མོང་བའི་བསླབ་བྱ་ལྔ་ཡོད་པ་རྣམས་ལ་བསྟེན་དགོས་པ་ཡིན། འདིར་སྐྱབས་འགྲོ་བྱེད་པ་ལ་ ཡང་བྱེད་སྟངས་འདི་འདྲ་ཞིག་དགོས་ཞེས་མཚོན་བྱེད་ལྟ་བུ་འདོར་སྡུས་ཞིག་བྲིས་པ་ཡིན། དེ་བཞིན་དུ་རང་གི་ཆོས་ཇི་འདྲ་ཞིག་ཉམས་ལེན་བྱེད་ཀྱང་ཁ་ཙམ་ཚིག་ཙམ་མིན་པར་དེའི་དོན་ཤེས་པར་བྱས་ནས་ཉམས་སུ་ལེན་དགོས་ལ་དེ་ལྟར་ཉམས་སུ་

བླངས་ན་དེ་ནི་ཉམས་ལེན་རྣལ་མ་ཞིག་དང་ཡང་དག་པ་ཞིག་ཏུ་ཆགས་ཀྱི་ཡོད་པས་དེའི་དོན་ལ་ནན་གཏན་གྱི་འབད་དགོས་སོ། །

 

Related Articles