དབྱར་རྩྭ་དགུན་འབུ།

ནགས་ཧ་ཧ་སྐལ་བཟང་།

དེང་སྐབས་འཛམ་བུ་གླིང་འདིར་རྒྱལ་ཁབ་དང་ཡུལ་ལུང་གང་སར་དར་གུད་སྣ་ཚོགས་པ་འདིའི་ཁྲོད་དུ་དབུལ་ཕྱུག་གི་འཕོ་འགྱུར་གྲངས་མེད་པ་ཞིག་འགྲོ་བཞིན་པ་དང་དུས་མཚུངས།ར་བྭ་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བོད་ཆོས་ལྡན་གྱི་ཞིང་དུ་ཡང་དབུལ་ཕྱུག་གི་འཕོ་འགྱུར་དང་།གཞན་ནང་ཆོས་དང་བོད་ཀྱི་སྐད་ཡིག་སོགས་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ཉམས་རྒུད་ཆེན་པོ་ཞིག་འགྲོ་བཞིན་ཡོད་ལ།དེ་འདྲ་འབྱུང་བའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་མི་མངོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དབྱར་རྩྭ་དགུན་འབུ་ཞེས་པ་འདི་ཡིན་པར་སེམས།དེ་ཡང་བོད་ཀྱི་ས་ཁུལ་མང་པོ་ཞིག་དེ་སྔོན་སྲོལ་རྒྱུན་གྱི་འཚོ་རྟེན་ཞིང་པ་ཚོས་ས་ཞིང་འདེབས་ལས་བྱེད་པ་དང་འབྲོག་པ་ཚོས་སྒོ་ཟོག་གསོ་སྐྱོང་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་ན་ཡང་།ད་སྐབས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཆ་ཚང་དང་ཁ་བྲལ་ཏེ་དབྱར་རྩྭ་དགུན་འབུ་ཁོ་ན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།

རྨོངས་འཆར་བརྗོད་འདོད།

སེར་ལྷོ་ལྷ་རམས་པ་ངག་དབང་བསྟན་པ།

དུས་རབས་ཉེར་གཅིག་ནང་གི་རྐང་གཉིས་རྣམས་དུས་རབས་དང་མཐུན་པའི་མི་ཞིག་ཆགས་རྒྱུ་གལ་ཆེ།

དེ་ཆགས་པ་ལ་ཕྱོགས་གཅིག་གི་རེ་འདོད་ནི་ནོར་འཁྲུལ་ལོས་ཡིན།དེང་དུས་མི་ཞིག་ཡོང་བ་ལ་དང་པོའི་ཆ་རྐྱེན་དེང་དུས་ཀྱི་སློབ་སྦྱོང་བྱེད་སྟངས།དེང་དུས་ཀྱི་སྐད་ཆ་ཤོད་སྟངས།དེང་དུས་ཀྱི་འཚོ་བ་སྤྱོད་སྟངས་སོགས་ཀུན་ལ་རྣམ་དཔྱོད་བེད་སྤྱོད་དགོས་པ་ཞིག་མཐོང་།དང་པོ་དེང་དུས་ཀྱི་སློབ་སྦྱོང་སྐོར།སློབ་སྦྱོང་དེ་ལ་གོ་བ་འདྲ་མིན་ཡོད་ཀྱང་བསམ་ཚུལ་ཙམ་ཞིག་འགོད་པ།ང་ཚོ་བོད་པར་ཆག་བཞག་ན་ང་དགུའི་སྔོན་གྱི་ཡོངས་ཁྱབ་བོད་ཀྱི་སློབ་སྦྱོང་ལ་ངོས་འཛིན་གྱི་མེད།དེ་ལས་གཞན་གང་ཡོད་ཟེར་ན།གཙོ་བོ་མི་ལ་ཤིན་ཏུ་ནས་ཉེར་མཁོ་ཆེ་བའི་ཚན་རྩལ་གྱི་སྡེ་ཚན་ལ་གོ་དགོས།དེའི་ཞོར་དུ་ལུང་པ་གཞན་གྱི་སྐད་རིགས་ལ་ངོས་འཛིན་གྱི་ཡོད།དེ་གཉིས་གྱི་ཐོག་ནས་ཡར་ལ་འགྲོ་བ་དང་།མར་ལ་གུད་པ་གཉིས་ཀ་ཡོང་གི་ཡོད།དུས་རབས་འདི་ལ་རྒྱལ་ཁབ་དབར་གྱི་དབང་བསྒྱུར་དང་།མི་རིགས་ཕན་ཚུན་གྱི་མནར་གཅོད།སྐད་རིགས་ཁྱབ་གདལ་གྱི་བཙན་འཛུལ་སོགས་ཐམས་ཅད་ཀྱི་བྱེད་པ་པོ་ལྟ་བུར་ཆགས་ཀྱི་ཡོད།

འཕྲོད་བསྟེན།

ནགས་ཤོད་སྐལ་རྒྱན།  དེ་ཡང་འཇིག་རྟེན་འདིར་འཚོ་བའི་ཟས་སྐོམ་ནི་གསོན་རྐྱེན་ཡིན་ཡང་འཆི་རྐྱེན་དུ་ འགྱུར་བ་ཤིན་ཏུ་མང་བས་བླང་དོར་མ་ནོར་བའི་འཚོ་ཐབས་ཤིག་དགོས་མོད། ང་ཚོས་ཟས་སྐོམ་ལ་སྤྱོད་སྐབས་ཚོད་འཛིན་གང་ཡང་མི་ཐུབ་ལ་རུལ་སུངས་རྙིང་རིགས་ལ་ འཛེམ་དོགས་རྩ་བ་ནས་མི་བྱེད། དེ་བཞིན་རྫས་སྦྱོར་གྱི་ཁ་ཟས་ལ་གཟི་བརྗིད་དུ་རློམ་པས། གློ་བུར་དུ་འཆི་ལམ་དུ་བརྫངས་པ་ཉུང་ཉུང་མ་རེད། དེས་ན་རང་ཉིད་འཚོ་ས་འཇིག་རྟེན་འདིར་ཡིན་ལ་ཤི་ས་ཡང་འདིར་ཡིན་མོད། འཆི་བར་ཡོང་མེད་པས་འཆི་རྐྱེན་ཆེད་དུ་བསྟེན་མི་རུང་བ་དེ་རེད། འཆི་གསོན་གྱི་རྐྱེན་དག་ལ་རྟོག་དཔྱོད་ཡེ་མེད་པར་སྲེད་ཞེན་ཁོ་ནས་ཁྱི་ཕག་བཞིན་ གང་ཐུག་སྤྱོད་རྐྱང་བྱེད་པ་ནི་དུས་རབས་འདིར་དུད་འགྲོ་དང་འདྲ་མཚུངས་དངོས་རེད། འཆི་རྐྱེན་དག་ལ་སྙིང་རྗེ་ཅུང་ཙམ་མེད་ལ་ཚེ་སྲོག་ཀྱང་ཡིད་བརྟན་ཡེ་མེད་པས་ མྱུར་དུ་འཆི་རྒྱུ་ལས་འོས་ཅི་ཡོད། དེས་ན་རང་ཉིད་ཀྱི་ཚེ་སྲོག་ནི་ཆེས་རིན་ཐང་ལྡན་པའི་དངོས་པོ་ཞིག་ཡིན་པས་རྒྱུན་ དུ་གཅེས་སྤྲས་བྱེད་བབ་ཡོད་པ་ཡིན། ཁ་ཟས་ཀྱང་འཇུ་བདེ་དང་རན་པ་སོགས་ལུས་ཁམས་གང་འཕྲོད་བསྟེན་ནས་ལུས་སྲོག་ལ་བདག་ གཅེས་དགོས་པ་ལས་སྣང་ཆུང་དང་ལྐུགས་རྟགས་ལྟ་བུས་ཆུད་ཟོས་སུ་གཏང་མི་ཉེན་ལ་དེང་ རབས་རིམས་འགོག་གིས་ཉེན་སྲུང་ལ་ནམ་ཡང་ལྷོད་མི་ཉེན། རང་ཉིད་མིའི་རྣམ་དཔྱོད་ཀྱིས་འཇིག་རྟེན་འདིར་འཚོ་གནས་གང་ཞིག་བྱེད་ཀྱང་དུད་ འགྲོ་ལས་ཁྱད་ཐོན་པ་ཞིག་བྱ་རྒྱུ་ནི་རང་ཉིད་མི་ཡིན་པའི་འགན་འཁྲི་འཁྱེར་སྟངས་ཤིག་ཡིན། འཛམ་གླིང་གི་ས་སྒང་འདིར་སྲོག་ཆགས་གྲངས་མེད་འཚོ་སྡོད་བྱས་ཡོད་ལ་རང་རང་གིས་ འཚོ་ཐབས་གང་ཐུབ་བྱེད་པ་ནི་ཆོས་ཉིད་ལྟ་བུ་རེད།