ཡིག་རྨོངས་སེལ་དགོས།

ནགས་ཤོད་སྐལ་རྒྱན།

ངས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད། སྐད་ཡིག་ཡར་རྒྱས་གཏོང་སྟངས་ནི་བེད་སྤྱོད་མང་ཙམ་བྱེད་ནས་དོ་སྣང་བྱ་རྒྱུ་དེ་རེད།

དེ་ཡོང་བ་ལ་ཡིག་རྨོངས་སེལ་དགོས་པ་རེད། ཡིག་རྨོངས་ཟེར་དུས་ཀ་ཁ་མ་ཤེས་པ་ནས་བརྡ་སྤྲོད་ཚད་ལྡན་མ་ཤེས་བར་བཞག་ཆོག གང་ལྟར་ཡི་གེ་མ་ཤེས་པ་ཤེས་པར་བྱ་རྒྱུ་དེ་རེད། མི་ཚང་ནས་མི་ཚང་། གྲོང་པ་ནས་གྲོང་པ། ལུང་པ་ནས་ལུང་པར་བརྒྱུད་ནས་ཡི་གེ་བསླབ་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ་བ་མཐོང་། དེར་བརྟེན་སྤྱི་ཚོགས་ཐོག་ལྷག་བསམ་དང་ཤེས་ཡོན་དཔལ་འབྱོར་ཡོད་མཁན་ཚོས་ཤུགས་སྣོན་རྒྱག་ཐུབ་ན་དགེ་མཚན་ཆེ་བའི་བྱ་བཞག་རེད་དྲན། དེ་ཡང་ཆེ་ས་སློབ་གྲ་ལྟ་བུ་དང་། ཆུང་ས་ཆུ་ཚོད་ནས་ཉིན་ཞག་གང་ལྟར་དུས་ཚོད་ཉུང་ངུ་ལས་མེད་ན་ཡང་། ཀ་ཁ་བསླབ་ཐུབ་མཁན་གྱིས་ཀ་ཁ། སུམ་རྟགས་དག་གསུམ་བསླབ་ཐུབ་མཁན་གྱིས་སུམ་རྟགས་དག་གསུམ་བསླབས་པ་ཡིན་ན་རིམ་པས་ཤེས་ཡོན་གོང་མཐོར་འགྲོ་བའི་ཐབས་ལམ་བཟང་ཤོས་སུ་མཐོང་། ་ལོ་ཟླ་དུས་ཁོམ་མེད་མཁན་ཡིན་ཀྱང་སྔ་དྲོ་དང་ཕྱི་དྲོ་རེ་ཙམ་དང་། མ་མཐའ་བདུན་རེའི་ནང་ལ་ཀ་ཁ་ཐེངས་རེ་བསླབས་ན་མི་རིང་བར་ཤེས་ཐུབ་རྒྱུ་ཐེ་ཚོམ་མེད། སློབ་མ་ཡང་གཅིག་གཉིས་ལས་མེད་ཀྱང་གྲངས་འབོར་གྱི་གནས་འགག་མ་རེད་ངེས་པར་དུ་སློབ་སྦྱོང་སྤྲོད་ཐབས་བྱེད་དགོས་པ་རེད། དེ་བཞིན་ཆེ་ས་སློབ་ཁང་ནས་ཆུང་ས་སྙུ་གུ་འབྲི་དེབ་སོགས་མཐུན་རྐྱེན་དགོས་པས་འབྱོར་བ་ལ་གཞིག་པའི་རྒྱབ་སྐྱོར་རེ་གནང་བ་ཡིན་ན་ང་ཚོས་སྐད་ཡིག་དང་སྐད་ཡིག་ཅེས་པའི་མངོན་འདོད་དེ་མངོན་དུ་འགྱུར་ཐུབ་སྙམ་མོ། །

ཁ་བརྡ་ཚིག་གསུམ།

 ནགས་ཤོད་སྐལ་རྒྱན་པས།

ཀ་སོགས་གངས་ཅན་བོད་ཀྱི་ཡི་གེ་ཡིན། ། ཁ་བ་བོད་པའི་གཞོན་ནུ་ཕོ་མོས་སྦྱོངས། །
ག་ཚད་དཀའ་ལས་ཁ་ཡང་སྡུག་རུས་བྱོས། ། ང་ཚོའི་སྐད་ཡིག་མ་ཤེས་ངོ་ཚ་ཡིན། །

ཅ་གས་བཅང་རྒྱུ་ནང་གི་སྐད་ཡིག་དང་། ། ཆ་ལུགས་ཕྱི་ཡི་སྤྱོད་ལམ་མ་འགྱུར་བར། །
ཇ་མར་ཐུད་སོགས་བོད་ཟས་གཙང་མ་ལས། ། ཉ་འབུ་སྡིག་སྲིན་ཟ་བ་ངོ་ཚ་ཡིན། །

ཏ་ཐ་ག་ཐའི་བསྟན་འདི་དགག་བྱ་མིན། ། ཐ་སྙད་གནའ་དེང་རིག་གཞུང་འཛེམས་བྱ་མིན། །
ད་གཟོད་རིན་ཐང་མ་ཤེས་མཁས་པ་མིན། ། ན་རེ་སྐྱོན་དུ་ལྟ་བ་ངོ་ཚ་ཡིན། །

ཁྲི་སྟོང་གི་རི་ཆུ་བརྒལ་བའི་དུས་ཀྱི་ཕོ་ཉ།

འགོམ་ལམ་བཟང་།

རི་ཆུ་གྲངས་མེད་དང་ལེ་བར་ཁྲི་ཕྲག་གིས་བསྐལ་བའི་ཕར་ནང་ནས་རང་ཡུལ་ལ་འཕྲེང་བའི་མི་བུ་

ཞིག་གིས་དུས་ཀྱི་ཡོལ་བའི་ཕག་ནས་རྒྱང་ལྟ་བྱས་པའི་ཚོར་བའི་དུམ་བུ་འགའ་ཞིག།

ཞིང་འབྲོག་གཉིས་ལ་ལྟ་བའི་ཚོར་བའི་དུམ་བུ།
ཕྱིའི་དངོས་པོའི་འཕེལ་རིམ་གྱི་ཚ་རླབས་འཕྱུར་བཞིན་པར་བརྟེན་མི་རྣམས་ཀྱང་ཁྲ་ཁྲ་ཟིང་ཟིང་གི་ཁོེར་ཡུག་དང་ཅ་དངོས་དག་ལ་ཡིད་སྨོན་ནས། རང་གི་མི་རབས་ནས་བརྒྱུད་པའི་ལམ་དང་ལུགས་སྲོལ་རྣམས་ཡལ་བར་འདོར་ལ་བྲེལ་བཞིན་ཡོད། ཕ་མེས་ཡང་མེས་ནས་བདམས་པའི་འཚོ་རྟེན་དངོས་ཕུ་ལ་འབྲོག་ས་དང་མདོ་ལ་ཞིང་ས་དེ་དག་ལས་བྱུང་བའི་ཐོན་བསྐྱེད་རྣམས་ལོངས་སྤྱད་ནས་ད་ལྟ་ང་ཚོའི་མི་རབས་བར་དུ་འཚོ་ཐུབ་པ་བྱུང་ཡོད་མོད། ཨ་གསར་ལ་དགའ་བའི་མི་བུ་དག་གིས་གནས་སྐབས་ཀྱི་བདེ་སྐྱིད་ཕྲན་བུ་མ་ལྟོགས་མ་འཁྱག་ཙམ་གྱིས་ཆོག་པར་བྱས་ནས། ཕུགས་བསམ་དང་། མདུན་རྒྱང་། འབྱུང་འགྱུར་བྱ་བཞག་ལ་མནོ་བསམ་གང་ཡང་མེད་པར་ཧོལ་རྒྱུགས་ཁོ་ནར་མོས་པ་འདི་བཟང་རྟགས་ཤིག་ལར་ནས་འགའ་ཤས་ཀྱིས་ད་བར་དུ་ཞིང་འབྲོག་ལ་བརྩོན་བཞིན་པ་ནི་རྗེས་ལུས་ཡང་ལུས་སུ་སེམས་ཀྱིན་འབྲོག་པས་རྟ་ནོར་ལུག་གསུམ་སོགས་འཚོང་གང་ཐུབ་དང་། ཞིང་པས་ས་ཞིང་རྨོ་འདེབས་མི་བྱེད་པར་ཞིང་ཁ་སྤང་ལ་འཇོག་པ་དང་། གཞན་ལ་བཙོངས་ནས་ཁང་པ་རྒྱག་ས་བྱས་པ་སོགས། མདོར་ན་བློ་གཏད་ཡོད་ཚད་རྟག་བརྟན་འགྱུར་མེད་དུ་རློམ་པའི་དབྱར་རྩྭ་དགུན་འབུ་ལ་བཅོལ་ནས་རིན་བྲལ་གྱི་ས་ཞིང་རྣམས་རྩ་མེད་གཏོང་བཞིན་ཡོད། དེར་བརྟེན་འབྲོག་པའི་ས་ཆར་གཞིགས་ན། རྟ་ནོར་ལུག་སོགས་ནི་མེད་དུ་མི་རུང་བའི་ནོར་བུ་ཞིག་ཡིན་རུང་། ནོར་བུའི་ནོར་ཉམས་མ་ཆོད་ནས། དེང་སང་ལུག་དང་ར་ཕལ་ཆེར་བཙོངས་ནས་མེད་པར་བྱས་ཟིན་ལ། རྟ་ནི་བེད་མེད་གྱུར། གཡག་དང་འབྲི་དག་ཞོགས་པ་རི་ལ་གཏོང་བ་དང་དགོང་མོ་ལྷས་སུ་སྐོར་ཐུབ་ཙམ་ལས་ཉིན་གང་པོར་སྔ་ལྟས་མེད་པར་འཁྱམས་འཇུག་གིན་ཡོད། དེ་དག་གིས་མཚོན་ད་ཆར་ཟོག་རྣམས་ཉར་སྙིང་འདོད་ལ་མི་འདོད་ཀྱི་ཚད་དུ་ལྷུངས་ཡོད། འབྲོག་པའི་ནོར་བུ་སྟོང་ལ་ཉེ་བ་དང་འདི་སྟོངས་ན་ཚད་གང་དུ་ལྷུང་མིན་ནི་ཨ་རོགས་འབྲོག་པ་རྣམས་ཀྱིས་བསམ་གཞིགས་གང་ཡང་བྱས་མེད་ཚོད་རེད།