འཕྲོད་བསྟེན།

ནགས་ཤོད་སྐལ་རྒྱན།  དེ་ཡང་འཇིག་རྟེན་འདིར་འཚོ་བའི་ཟས་སྐོམ་ནི་གསོན་རྐྱེན་ཡིན་ཡང་འཆི་རྐྱེན་དུ་ འགྱུར་བ་ཤིན་ཏུ་མང་བས་བླང་དོར་མ་ནོར་བའི་འཚོ་ཐབས་ཤིག་དགོས་མོད། ང་ཚོས་ཟས་སྐོམ་ལ་སྤྱོད་སྐབས་ཚོད་འཛིན་གང་ཡང་མི་ཐུབ་ལ་རུལ་སུངས་རྙིང་རིགས་ལ་ འཛེམ་དོགས་རྩ་བ་ནས་མི་བྱེད། དེ་བཞིན་རྫས་སྦྱོར་གྱི་ཁ་ཟས་ལ་གཟི་བརྗིད་དུ་རློམ་པས། གློ་བུར་དུ་འཆི་ལམ་དུ་བརྫངས་པ་ཉུང་ཉུང་མ་རེད། དེས་ན་རང་ཉིད་འཚོ་ས་འཇིག་རྟེན་འདིར་ཡིན་ལ་ཤི་ས་ཡང་འདིར་ཡིན་མོད། འཆི་བར་ཡོང་མེད་པས་འཆི་རྐྱེན་ཆེད་དུ་བསྟེན་མི་རུང་བ་དེ་རེད། འཆི་གསོན་གྱི་རྐྱེན་དག་ལ་རྟོག་དཔྱོད་ཡེ་མེད་པར་སྲེད་ཞེན་ཁོ་ནས་ཁྱི་ཕག་བཞིན་ གང་ཐུག་སྤྱོད་རྐྱང་བྱེད་པ་ནི་དུས་རབས་འདིར་དུད་འགྲོ་དང་འདྲ་མཚུངས་དངོས་རེད། འཆི་རྐྱེན་དག་ལ་སྙིང་རྗེ་ཅུང་ཙམ་མེད་ལ་ཚེ་སྲོག་ཀྱང་ཡིད་བརྟན་ཡེ་མེད་པས་ མྱུར་དུ་འཆི་རྒྱུ་ལས་འོས་ཅི་ཡོད། དེས་ན་རང་ཉིད་ཀྱི་ཚེ་སྲོག་ནི་ཆེས་རིན་ཐང་ལྡན་པའི་དངོས་པོ་ཞིག་ཡིན་པས་རྒྱུན་ དུ་གཅེས་སྤྲས་བྱེད་བབ་ཡོད་པ་ཡིན། ཁ་ཟས་ཀྱང་འཇུ་བདེ་དང་རན་པ་སོགས་ལུས་ཁམས་གང་འཕྲོད་བསྟེན་ནས་ལུས་སྲོག་ལ་བདག་ གཅེས་དགོས་པ་ལས་སྣང་ཆུང་དང་ལྐུགས་རྟགས་ལྟ་བུས་ཆུད་ཟོས་སུ་གཏང་མི་ཉེན་ལ་དེང་ རབས་རིམས་འགོག་གིས་ཉེན་སྲུང་ལ་ནམ་ཡང་ལྷོད་མི་ཉེན། རང་ཉིད་མིའི་རྣམ་དཔྱོད་ཀྱིས་འཇིག་རྟེན་འདིར་འཚོ་གནས་གང་ཞིག་བྱེད་ཀྱང་དུད་ འགྲོ་ལས་ཁྱད་ཐོན་པ་ཞིག་བྱ་རྒྱུ་ནི་རང་ཉིད་མི་ཡིན་པའི་འགན་འཁྲི་འཁྱེར་སྟངས་ཤིག་ཡིན། འཛམ་གླིང་གི་ས་སྒང་འདིར་སྲོག་ཆགས་གྲངས་མེད་འཚོ་སྡོད་བྱས་ཡོད་ལ་རང་རང་གིས་ འཚོ་ཐབས་གང་ཐུབ་བྱེད་པ་ནི་ཆོས་ཉིད་ལྟ་བུ་རེད།

རེ་དོགས་དང་འཇིགས་སྐྲག་སྣ་ཚོགས་འོག དོགས་ཟོན་དང་སྲུང་སྐྱོབ་ལ་ཐམས་ཅད་བྲེལ་ཟིང་འཚུབ་ཀྱང་མཐའ་མ་འཆི་བ་ལས་སུས་ ཀྱང་སྐྱོབ་ཐབས་མེད་ཀྱང་། ཁྱོད་རིང་དུ་འཚོ་དགོས་པ་ནི་ཚེ་སྲོག་གི་རིན་ཐང་རེད། གནས་ལུགས་དེ་ཤེས་པའི་ཐོག་ཐམས་ཅད་ཀྱང་འདོད་པ་བདེ་བ་དང་། མི་འདོད་སྡུག་བསྔལ་ཁ་ཚོན་ཆོད་པའི་བདེན་ཚིག་གཅིག་གྱུར་ངང་། གསོན་གནས་སུ་ཟས་གོས་དང་། གནས་མལ་འཕྲོད་བསྟེན། སྨན་དཔྱད་རིམ་གྲོས་མཚོན་པའི་ཐབས་ཤེས་རྒྱུན་གནས་དང་དར་སྤེལ་དགོས་མཁོ་ཆེ་ཡང་། ཐལ་ཆ་ཆེ་བའི་སྤྱི་ཚོགས་ནང་དེ་ཙམ་རྒྱུན་སྤྱོད་མེད་ལ་རིན་ཐང་ཡང་འཇོག་གི་མེད་ པ་འདི་རེད། གཏན་འགོག་དགོས་པའི་ཐ་མ་ཁ་དང་། བཟི་སྨན། ཆང་རག་མཚོན་པའི་མྱོས་རྫས་རིགས་དེ་དག་རྒྱུན་སྐྱོང་དང་དར་སྤེལ་བྱེད་པ་ནི་ཚེ་ སྲོག་ལ་ཆེད་དུ་རྒོལ་བ་ཞིག་ཡིན་ཀྱང་དེང་གི་ན་གཞོན་རྣམས་ཀྱིས་ཚོད་འཛིན་མེད་ པར་ངོམས་མེད་ལོངས་སྤྱོད་བྱེད་པ་ནི་མི་རིགས་ཀྱི་ཉེན་ཁའི་རང་བཞིན་དང་། དངོས་ཡོད་ཀྱི་ངན་འབྲས་འདི་དག་རང་ལ་མི་རིང་བར་འབྱུང་ངེས་ཀྱང་། འཇིག་སྐྲག་ཡེ་མི་ཤེས་པའི་བསམ་མེད་བྱིས་པའི་ངང་ཚུལ་གྱིས། ད་དུང་རྒྱུན་སྤྱོད་བྱེད་པ་ནི་རང་གི་ཚེ་སྲོག་ལ་ཆེད་དུ་རང་ཉིད་ཀྱིས་སྟ་གྲི་ གཞུས་པ་ལྟ་བུ་ཡིན་པས་གློ་བུར་དུ་འཆི་དགོས་བྱུང་བའི་ན་གཞོན་ཉུང་ཉུང་ག་ལ་ཡིན། བསམ་གཞིག་གིས་གནས་ལུགས་འདི་དག་ལ་ཞིབ་འདང་ཞིག་བྱོས་དང། ཁྱོད་ད་ཆར་ཤི་ཟིན་མེད་ན་ངེས་པར་དུ་སྤང་བླང་མ་ནོར་བ་བྱེད་པའི་དུས་ལ་བབ་ཡོད།

Related Articles