སྐད་འཕྲིན་ལ་ཕུལ་པའི་བདེན་གཏམ།

ནགས་ཤོད་སྐལ་རྒྱན།

སྐད་འཕྲིན་ལགས་ཁྱོད་ཀྱིས་ནོར་འཁྲུལ་ཅི་ཞིག་ཤོར་བ་ཡིན་ནམ་འཁང་ར་བྱེད་མཁན་ཉུང་ཉུང་མ་རེད།

སྐབས་ལ་ལར་ལྕགས་ཐག་གིས་བསྡམས་པ་དང་མཚམས་རེར་ཐོ་བས་རྡུང་པ་སོགས་སྡིག་དམོད་བྱེད་མཁན་ཧ་ཅང་མང་། ངན་ཁག་གཡོགས་པ་ལ་དེ་བས་ཚད་དང་མཐའ་ཅི་ཡོད། མ་གཞི་སྐྱོན་རྐྱང་རྐྱང་བཙལ་ནས་མ་རྙེད་ནའང་གཞི་མེད་སྐྱོན་བརྗོད་ལ་དགའ་བའི་སྤྱི་ཚོགས་འདིས། ཁྱོད་ཀྱི་སྐྱོན་ཁོ་ན་གླེང་བ་ལས་ཡོན་ཏན་རྩ་བ་ནས་རྙེད་མེད། དེས་ན་ཁྱོད་ལ་ཡོན་ཏན་མེད་དམ་ཞེ་ན་དེ་འདྲ་མ་རེད། ཁྱོད་འཇིག་རྟེན་འདིར་སྐྱེས་ནས་འཚར་ལོང་ཁྲོད། བོད་ཀྱི་སྐད་ཡིག་དང་འགྲོགས་ནས་དགའ་བའི་རྩེད་རྒོད་དང་སྐྱོ་བའི་མིག་ཆུ་མཉམ་དུ་བཞུར་བའི་གྲོགས་པོ་ཆུང་ཆུང་ཞིག་སྟེ། ངོ་གདོང་དེར་བོད་ཀྱི་སྐད་ཡིག་ཅི་ཙམ་ཉར་ཚགས་བྱས་ཡོད། ཀ་ཁ་དང་མ་ཎིའི་དབྱངས་རྟས་མཚོན་པའི་གླུ་གར་གྱི་རྒྱ་མཚོ་དང་རིག་གཞུང་གི་ཕ་ཁྱིམ་དུ་བཞེངས་ཡོད་ལ་ལག་ཏུ་ཉར་མཁན་ཚོས་ཉིན་རེ་བཞིན་བོད་ཡིག་ལ་བཀོལ་སྤྱོད་ཅི་ཙམ་བྱེད་པ་ནི། ཁྱོད་ཀྱི་རྒྱབ་ལོགས་སུ་ཉུལ་ན་རྩོམ་ཡིག་གིས་གང་བ་ཤ་སྟག་རྙེད་ཐུབ། འདི་དག་ནི་ཁྱོད་ཀྱིས་བསྐྲུན་པའི་སྐད་ཡིག་གི་ཁོར་ཡུག་རེད། ཉེ་འགྱང་གང་དུ་འགྲོ་སྡོད་བྱས་ཀྱང་སློབ་སྦྱོང་གི་གོ་སྐབས་དང་དཔྱོད་ལྡན་པའི་བསླབ་བྱ་ལམ་སྟོན་སོགས་རིན་མེད་དང་ཚེགས་མེད་ངང་བདེ་བླག་ཏུ་ཐོབ་པ་ནི་ཁྱོད་ཀྱི་བཀའ་དྲིན་ཅིས་མ་ཡིན། ཁྱོད་དང་འབྲེལ་འདྲིས་ཆེ་བ་རྣམས་ངག་གི་སྒྱུ་རྩལ་དང་སྐད་ཡིག་ལ་ལྷག་པར་བྱང་ཆ་ལྡན། ད་དུང་བསམ་པའི་འཁྱེར་སོ་དང་། ལྟ་བའི་མིག་རྒྱང་། སེམས་ཀྱི་ཁོང་སོ་གློད་པ་སོགས་ཤུགས་རྐྱེན་ཅི་བས་ཆེ་བ་མ་ཟད། འཛེམ་ཟོན་མེད་པར་ངན་པའི་འཚང་འབྲུ་བ་དང་ཁྲམ་པའི་རྫུན་རྐུབ་བརྟོལ་བ་སོགས་བྱས་པ་ཆུང་ཆུང་ཞིག་གཏན་ནས་མ་རེད། དེས་ན་སྐད་འཕྲིན་འདིས་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་ཕན་ཐོགས་ངེས་ཅན་ཡོད་པ་སྨོས་ཅི་དགོས།

བོད་པའི་གླུ་མཁན་ལགས།

ནགས་ཤོད་སྐལ་རྒྱན།

ཁྱེད་ཅག་ནི་བོད་མི་རྣམས་ཆེས་དགའ་མོས་བྱ་ཡུལ་ཞིག་ཏེ།

ཁྱེད་ཅག་གི་སྙན་མོ་ངག་གི་འགྱུར་ཁུག་དང་ཡིད་འོང་ལང་ཚོའི་མེ་ཏོག་ནི་ཆེས་སྒུལ་ཤུགས་ཅན་ཞིག་རེད། རྩམ་དྲི་དང་མར་དྲི་འཐུལ་བའི་གླུ་ཚིག་དག་ཏུ་ཐུན་མིན་བོད་ཀྱི་ཁྱད་ཆོས་རྣམས་ཅི་དགར་མངོན་པ་ནི། གླུ་པ་གླུ་མ་ཁྱེད་ཅག་གི་སྟོབས་ཤུགས་སུ་གྱུར་ཡོད། ཁྱེད་ཅག་གིས་གསར་བཟོ་བྱས་པའི་གླུ་གཞས་དག་ནི་སྐར་ཆ་ཁ་ཤས་ནང་ལྟ་ཉན་བྱེད་མཁན་བརྒྱ་སྟོང་ཁྲི་འབུམ་དུ་ཟིན་ཚོད་འདུག་པས། ད་ཆར་གླུ་གཞས་ནི་བོད་མིའི་སྤྱི་ཚོགས་སུ་ཁྱབ་ཚད་ཆེ་ཤོས་དང་མགྱོགས་ཚད་མྱུར་ཤོས་མ་ཟད། སེམས་ཁམས་སུ་ཐིམ་ཚད་མཐོ་ཤོས་སུ་ངོས་འཛིན་བྱེད་ཆོག །སྤྱིར་བཏང་གླུ་གཞས་ནི་དགའ་སྤྲོའི་ཆ་ལག་ལྟ་བུ་ཡིན་མོད། བོད་ཀྱི་གླུ་གཞས་ནི་མི་རིགས་ཀྱི་ལྟ་གྲུབ་དང་། རིག་གཞུང་གི་ནང་སྙིང་བཞུར་བའི་ཉིང་ཁུ་ལྟར་རང་བཞིན་གྱི་ནུས་སྟོབས་ཤིག་མངའ་བ་ནི་སྤོབས་པ་དང་གཟི་བརྗིད་ཅིས་མ་ཡིན།  འོན་ཀྱང་གླུ་གཞས་ཀྱི་རིན་ཐང་ནི། སྤྱི་ཚོགས་སུ་གདེང་འཇོག་ཅི་ཙམ་ཐུབ་མིན་རག་ལས་པས། དབྱངས་དང་ཚིག་སོགས་གསར་བཟོ་དགོས་པ་སྨོས་མེད་ཀྱང་། གཞན་གྱི་ལད་ཟློས་རྐྱང་རྐྱང་བྱེད་པའི་གླུ་མཁན་དག་ནི།  ངག་ཚིག་ཅི་ཙམ་ཡག་ཀྱང་གཞན་ནས་བརྐུས་པ་དང་བཤུས་པ་ཞིག་ཡིན་ཕྱིན། ཁྱོད་ལ་གདེང་འཇོག་ཚད་ལྡན་ཞིག་བྱེད་ཐབས་བྲལ་འདུག །རྒྱུ་མཚན་ནི་རང་གི་རྩོམ་དེབ་ཏུ་གཞན་གྱི་རྩོམ་ཡིག་དཔར་བཤུས་བྱས་པ་དང་ཀུན་ནས་མཚུངས་པས་རེད། ཁྱོད་ཚད་ལྡན་གྱི་གླུ་མཁན་ཞིག་འདོད་ན་ནམ་ཡང་གཞན་གྱི་གཟུགས་བརྙན་དུ་ལང་མི་རུང་བ་ཡིན་མོད། གང་མང་ཞིག་གཞན་གྱི་གཟུགས་བརྙན་དུ་ལངས་ནས་གླུ་མཁན་དུ་རློམས་པ་ནི། རང་གི་ནུས་སྟོབས་ཆེད་དུ་མི་མངོན་པར་བྱེད་པ་དང་ཀུན་ནས་མཚུངས་འདུག །དེས་ན་གནས་དུས་དང་འཚམས་པའི་དབྱངས་དང་ཚིག་རང་ལུགས་ཡོད་པ་ཞིག་བཟོས་ན། ད་གཟོད་གླུ་མཁན་ཞིག་གི་སྤོབས་པ་དང་གཟི་བརྗིད་ཅིས་མ་ཡིན།།

༢༠༡༦/༡༠/༧

 

རྟོག་ངོར་ཤར་བའི་སྔོ་ལྗང་གི་འཇིག་རྟེན།

ནགས་ཤོད་ལྷ་རབས་དགེ་བཤེས་བློ་བཟང་ཕུན་ཚོགས།

གོ་ལ་ཡི་འཇིག་རྟེན་འདི།། འོ་ཅག་ཚོའི་ཁྱིམ་གཞིས་ཏེ།།
ཚེ་སྲོག་གི་འཚོ་གནས་དང༌།། བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།།

སྤང་ཁ་ལ་གཅེས་སྲུང་དང༌།། ཤིང་ནགས་རིགས་འདེབས་འཛུགས་གནང༌།།
ཡིད་དབང་གི་འཇིག་རྟེན་འདིའི།། ཁོར་ཡུག་ལ་གཅེས་སྐྱོང་གྱིས།།

ལྗོན་ཤིང་གི་ང་ཚོ་ལ།། སྲོག་དབུགས་ཀྱི་དྭངས་མ་སྦྱིན།།
རང་བྱུང་གི་གནོད་འཚེ་འགོག །   བག་ཕེབས་ཀྱི་སྤྲོ་སྣང་སྟེར།།