ཁྲི་སྟོང་གི་རི་ཆུ་བརྒལ་བའི་དུས་ཀྱི་ཕོ་ཉ།

འགོམ་ལམ་བཟང་།

རི་ཆུ་གྲངས་མེད་དང་ལེ་བར་ཁྲི་ཕྲག་གིས་བསྐལ་བའི་ཕར་ནང་ནས་རང་ཡུལ་ལ་འཕྲེང་བའི་མི་བུ་

ཞིག་གིས་དུས་ཀྱི་ཡོལ་བའི་ཕག་ནས་རྒྱང་ལྟ་བྱས་པའི་ཚོར་བའི་དུམ་བུ་འགའ་ཞིག།

ཞིང་འབྲོག་གཉིས་ལ་ལྟ་བའི་ཚོར་བའི་དུམ་བུ།
ཕྱིའི་དངོས་པོའི་འཕེལ་རིམ་གྱི་ཚ་རླབས་འཕྱུར་བཞིན་པར་བརྟེན་མི་རྣམས་ཀྱང་ཁྲ་ཁྲ་ཟིང་ཟིང་གི་ཁོེར་ཡུག་དང་ཅ་དངོས་དག་ལ་ཡིད་སྨོན་ནས། རང་གི་མི་རབས་ནས་བརྒྱུད་པའི་ལམ་དང་ལུགས་སྲོལ་རྣམས་ཡལ་བར་འདོར་ལ་བྲེལ་བཞིན་ཡོད། ཕ་མེས་ཡང་མེས་ནས་བདམས་པའི་འཚོ་རྟེན་དངོས་ཕུ་ལ་འབྲོག་ས་དང་མདོ་ལ་ཞིང་ས་དེ་དག་ལས་བྱུང་བའི་ཐོན་བསྐྱེད་རྣམས་ལོངས་སྤྱད་ནས་ད་ལྟ་ང་ཚོའི་མི་རབས་བར་དུ་འཚོ་ཐུབ་པ་བྱུང་ཡོད་མོད། ཨ་གསར་ལ་དགའ་བའི་མི་བུ་དག་གིས་གནས་སྐབས་ཀྱི་བདེ་སྐྱིད་ཕྲན་བུ་མ་ལྟོགས་མ་འཁྱག་ཙམ་གྱིས་ཆོག་པར་བྱས་ནས། ཕུགས་བསམ་དང་། མདུན་རྒྱང་། འབྱུང་འགྱུར་བྱ་བཞག་ལ་མནོ་བསམ་གང་ཡང་མེད་པར་ཧོལ་རྒྱུགས་ཁོ་ནར་མོས་པ་འདི་བཟང་རྟགས་ཤིག་ལར་ནས་འགའ་ཤས་ཀྱིས་ད་བར་དུ་ཞིང་འབྲོག་ལ་བརྩོན་བཞིན་པ་ནི་རྗེས་ལུས་ཡང་ལུས་སུ་སེམས་ཀྱིན་འབྲོག་པས་རྟ་ནོར་ལུག་གསུམ་སོགས་འཚོང་གང་ཐུབ་དང་། ཞིང་པས་ས་ཞིང་རྨོ་འདེབས་མི་བྱེད་པར་ཞིང་ཁ་སྤང་ལ་འཇོག་པ་དང་། གཞན་ལ་བཙོངས་ནས་ཁང་པ་རྒྱག་ས་བྱས་པ་སོགས། མདོར་ན་བློ་གཏད་ཡོད་ཚད་རྟག་བརྟན་འགྱུར་མེད་དུ་རློམ་པའི་དབྱར་རྩྭ་དགུན་འབུ་ལ་བཅོལ་ནས་རིན་བྲལ་གྱི་ས་ཞིང་རྣམས་རྩ་མེད་གཏོང་བཞིན་ཡོད། དེར་བརྟེན་འབྲོག་པའི་ས་ཆར་གཞིགས་ན། རྟ་ནོར་ལུག་སོགས་ནི་མེད་དུ་མི་རུང་བའི་ནོར་བུ་ཞིག་ཡིན་རུང་། ནོར་བུའི་ནོར་ཉམས་མ་ཆོད་ནས། དེང་སང་ལུག་དང་ར་ཕལ་ཆེར་བཙོངས་ནས་མེད་པར་བྱས་ཟིན་ལ། རྟ་ནི་བེད་མེད་གྱུར། གཡག་དང་འབྲི་དག་ཞོགས་པ་རི་ལ་གཏོང་བ་དང་དགོང་མོ་ལྷས་སུ་སྐོར་ཐུབ་ཙམ་ལས་ཉིན་གང་པོར་སྔ་ལྟས་མེད་པར་འཁྱམས་འཇུག་གིན་ཡོད། དེ་དག་གིས་མཚོན་ད་ཆར་ཟོག་རྣམས་ཉར་སྙིང་འདོད་ལ་མི་འདོད་ཀྱི་ཚད་དུ་ལྷུངས་ཡོད། འབྲོག་པའི་ནོར་བུ་སྟོང་ལ་ཉེ་བ་དང་འདི་སྟོངས་ན་ཚད་གང་དུ་ལྷུང་མིན་ནི་ཨ་རོགས་འབྲོག་པ་རྣམས་ཀྱིས་བསམ་གཞིགས་གང་ཡང་བྱས་མེད་ཚོད་རེད།

ནམ་ཞིག་གོ་ལའི་འགྱུར་ལྡོག་དང་འབྱུང་བཞིའི་འཕོ་འགྱུར་ལ་བརྟེན་ནས། ང་ཚོའི་འཚོ་གནས་ཀྱི་གནས་བབས་ལ་འགྱུར་བ་འགྲོ་མི་སྲིད་པ་མིན་ལ། སྐབས་དེ་དུས་དབྱར་རྩྭ་དགུན་འབུ་མི་མངོན་དབྱིངས་སུ་རྒྱས་བཏབ་ཚེ། ད་གཟོད་ལག་པ་ཨམ་ཕྲག་ཏུ་བཅུག རལ་པ་རླུང་གིས་ཟིངས། ཞལ་རས་ཐལ་བས་ཚོས་པ་ལས་གཞན་གང་ཡང་མེད་པ་ཆགས་སྲིད་ལ། དེ་དུས་གཡང་མོ་འབྲི་མོ་དག་གི་བཀའ་དྲིན་དང་དེ་དག་འཚོ་སྐྱོང་བྱས་པའི་དགེ་ཕན་སོགས་རེ་རེ་ནས་མིག་སྔར་འཁོར་དུས་ཕྱིས་ཚར་བ་མིན་ནམ། ཁ་ཤས་ཀྱིས་དེ་ཁྱོད་ཀྱི་ཁ་བརྡ་རེད་ང་ཚོའི་གནས་བབས་ལ་འགྱུར་བ་འགྲོ་མི་སྲིད་ཅེས་དམོད་ངན་དང་བཅས་ཤོད་ལས་ཆེ་མོད། དཔེར་ན། ང་ཚོའི་ལུང་པ་འགའ་ཞིག་ལ་སྔོན་མ་དང་བསྡུར་ན་དབྱར་རྩྭ་དགུན་འབུ་ནམ་རྒྱུན་སྐྱེ་ས་དག་ལ་མི་སྐྱེ་བ་དང་ཡང་ཉུང་དུ་འགྲོ་བ་སོགས་སྔར་དང་བསྡུར་ན་འགྱུར་བ་མང་པོ་ཕྱིན་ཡོད་ལ། ས་ཆ་གཞན་དག་ལ་ཡང་དབྱར་རྩྭ་དགུན་འབུའི་གནས་སྟངས་ལ་འགྱུར་བ་མང་དུ་འགྲོ་ཡི་ཡོད་པ་ནི། མིག་མཐོང་ལག་ཟིན་ཏུ་གྱུར་པ་འདི་ག་རང་རེད། འོ་ན་དབྱར་རྩྭ་དགུན་འབུ་ལས་ཕྱུགས་རིགས་ས་ཞིང་ལོ་འབྲས་སོགས་ལ་གནས་སྟངས་འགྱུར་བ་འགྲོ་མི་སྲིད་པ་རེད་དམ། ནམ་ཞིག་དེ་དག་གོད་ཆག་བྱུང་ནས་ཞིང་འབྲོག་གི་འཚོ་བ་ཉམས་པ་ཡིན་ན་གཅིག་པ་མིན་ནམ་སྙམ་ན། མི་འདྲ་བར་སེམས་ཏེ་ཞིང་འབྲོག་གི་འཚོ་བ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ད་ལྟ་བར་དུ་ང་ཚོའི་འཚོ་རྟེན་དངོས་མ་དེ་ཡིན་ལ། དོ་བདག་རང་གིས་འགྱུར་བ་བཏང་བ་ལས་གཞན་ཕལ་ཆེར་འགྱུར་བ་ཕྱིན་མེད་པ་རེད། ང་ཚོའི་ལུང་པར་ཆ་བཞག་ན་དབྱར་རྩྭ་དགུན་འབུ་ནི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་གི་ཡས་མས་སུ། འཚོ་རྟེན་ཆ་ཤས་ཤིག་འགྱུར་བཞིན་ཡོད་ལ། བཅུ་ཕྲག་གཅིག་གི་གོང་དུ་ཆ་མཉམ་གྱི་འཚོ་རྟེན་གྱུར་ཐུབ་པ་བྱུང་ཡོད། དེ་ནས་བཟུང་ལོ་ཁ་ཤས་རིང་ལ་ཧ་ཅང་གི་དྲིན་ཆེ་བའི་དབྱར་རྩྭ་དགུན་འབུ་དེས་མི་རྣམས་ལ་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད་རུང་། ང་ཚོ་ཆོག་ཤེས་མེད་པའི་མི་དག་ལ་བསམས་ན་ད་དུང་དེ་བས་འདོད་རྔམས་ཆེ་བ་དང་དེ་ལས་ཧམ་པ་ཚ་བའི་སྒང་དུ་སླེབས་ཡོད། ཡིན་ཡང་ད་ལྟའི་གནས་སྐབས་སུ་སྔོན་མ་དང་བསྡུར་ན་ཉུང་དུ་ཉུང་དུ་མ་གཏོགས་མང་དུ་འགྲོ་བའི་ཚོད་མི་འདུག་པས། ཆུ་མ་བྱུང་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་ཟློག་པ་བྱས་ན་བཟང་ངོ་སྙམ།

དེས་ན་ཚ་ཁོལ་ཁོལ་གྱི་འབྲོག་ཁྱིམ་དུ། གཡང་འཁོར་བའི་ཕྱུགས་རིགས་ལྷན་དུ་བཞིན་རས་སྣུམ་ལྷུག་ལྷུག་བྱས་བསྡད་རྒྱུ་མི་དགའ། ཤེས་ཡོན་དང་སློབ་སྦྱོང་གང་ཡང་མེད་པར་གྲོང་ཁྱེར་གྱི་ཐལ་བ་བཟེད་ནས་སྤྲང་འཆམས་འགྲོ་རྒྱུ་དགའ་བ་ནི་ཅི་འདྲའི་ནོར་བ་ཞིག་མ་རེད་དམ། དེ་ལྟ་བུའི་བྱ་སྤྱོད་དེས་རང་རིགས་བརླག་པར་འདོད་པའི་སྒེར་གཅོད་སྲིད་གཞུང་གི་མངོན་འདོད་སྒྲུབ་བཞིན་པ་ལས། རང་དང་རང་གི་མི་རིགས་ལ་ཁེ་ཕན་གང་ཡང་མེད་པ་ནི་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཚུགས་ཀ་དེ་རེད། དེས་ན་འབྲོག་པ་རྣམས་ཀྱིས་གསར་འདོད་དང་ལོག་ལམ་མ་སོང་བར་ཕ་མེས་ནས་རང་རིགས་ལ་བསྩལ་བའི་འཚོ་རྟེན་དག་བདག་ཉར་བྱེད་དགོས་སྙམ། རྒྱུ་མཚན་དེས་ན་འབྲོག་པ་རྣམས་ཀྱིས་རྫོང་དང་གྲོང་ཁྱེར་དུ་སྤོ་བར་མ་བྲེལ་ནས་རྩ་ས་ནོར་ལུག་བདག་པོ་བརྒྱབས་ཏེ་བསྡད་ན་དུས་དང་རྣམ་པ་ཀུན་ཏུ་འབྲོག་པའི་འཚོ་བ་ལ་ཉམས་ཆག་མི་འགྲོ་ལ། དེ་མིན་ཚོང་ལས་ཁེ་སྤོགས་དང་སློབ་སྦྱོང་དོན་གཉེར་སོགས་གང་ཡང་མི་བཏུབ་པས། དབྱར་རྩྭ་དགུན་འབུ་ལ་སྐྱབས་རེ་ན་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་མིན་ནོ།

ཞིང་པ་རྣམས་ལ་མཚོན་ན་ཞིང་ལས་ཐོན་སྐྱེད་དང་སྔོ་ཚལ་འདེབས་འཛུགས་མི་བྱེད་པར་ས་ཞིང་འཚོང་བ་དང་སྤང་དུ་འཇོག་པ་སོགས་བྱས་ནས། གསར་བུ་རྣམས་ལས་མེད་རྒྱ་གྲོང་འགྲིམ་རྒྱུ་དང་ཤོ་བག་རྒྱན་སྐུགས་ལས་ལ་བརྩོན་ཞིང་། དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ཡོད་དོ་ཅོག་གར་སོང་འདིར་སོང་མེད་པར་སྐད་ཅིག་གིས་བརླག་པར་བྱ་རྒྱུ་དེ་རེད། དེ་ལྟར་མིན་པར་འབུ་རྐོའི་ངལ་རྩོལ་ལས་ཡོང་འབབ་བྱུང་བ་དག་ལས་གང་མཁོ་བཀོལ་ནས་གཞན་དག་མ་རྐང་གསོག་འཇོག་བྱས་ན་ལོ་རེ་བཞིན་དཔལ་འབྱོར་འཕར་ཚད་ཇེ་མང་ཕྱིན་ཏེ་ཉིན་ཞིག་ཕྱུག་པོའི་ལམ་བུར་བསྙེག་པར་དཀའ་ཁག་མེད་མོད། གསར་བུ་དག་གིས་མིག་དཔེ་བཟང་ལྟ་མི་བྱེད་པར་འགྲན་རྩོད་ཁོ་ནས་ས་གཏོར་གནམ་གཏོར་གྱིས་ཟླ་བ་གཉིས་གསུམ་གྱིས་ཁུག་མ་སྟོང་པ་ཆགས་པར་བྱེད་བཞིན་ཡོད། སྔོན་མ་ཚོང་པ་ཞིག་གིས་འདི་ལྟར་བཤད་མྱོང་། ཁྱེད་ཚོའི་ལུང་པའི་མི་ཡིས་དངུལ་བེད་སྤྱོད་བྱེད་སྟངས་ལ་ང་ཧང་སང་གི་འདུག གང་ཡིན་ཞེ་ན་ཁ་ལག་གཅིག་བཟས་རུང་བཟའ་ཐུབ་མིན་ལ་མ་བལྟས་པར་ངོམས་སོའི་ཆེད་དུ་མང་པོ་ཞིག་ཕབ་ནས་མཐར་ཕྱེད་ཀ་ལས་མང་བ་ལྷག་གི་འདུག ཁོང་ཚོས་བཟའ་མི་ཐུབ་པ་ཤེས་རུང་དེ་ནི་ངོམས་སོའི་ཆེད་དུ་རང་རེད། ཅེས་ཤོད་ཀྱིན་འདུག བསམ་གཞིག་བྱས་ན་དེ་ལྟ་བུའི་བྱ་བ་དེས་རང་ཉིད་ཀྱི་ཤེས་ཡོན་ཆུ་ཚད་དང་། ཕུགས་བསམ་མདུན་རྒྱང་ལ་མནོ་བསམ་གཏོང་ཤེས་མིན་གཞན་གྱིས་དཔོག་པར་བྱེད་འཇུག་གིན་ཡོད་ལ། ཐ་མའི་ཕམ་ཁ་དེ་ཡང་རང་ལས་གཞན་སུ་ལ་འབྱུང་། དང་པོ་ནས་རྒྱུ་རྩིས་མེད་ན་དཀའ་ལས་བརྒྱབས་ནས་གང་བྱེད། དེས་ན་ཁ་ལག་གཅིག་བཟས་རུང་འགྲོ་གྲོན་གཏོང་ཤེས་པ་བྱ་རྒྱུ་གལ་ཆེ་བར་སྙམ། དོན་མེད་ས་གཏོར་གནམ་གཏོར་བྱས་ནས་དགོས་པ་ཅི་ཡོད།གོས་ཡིིན་ཡང་གཙང་མ་ཞིག་བྱུང་ན་གོས་རྟགས་ཆེ་ཞིང་རིན་ཐང་ལྡན་པར་རྔམ་མི་དགོས་ལ་ལུས་མ་འཁྱགས་ན་དེས་ཆོག་པ་ཡིན། གོས་ཀྱི་བྱེད་ལས་ནི་ལུས་མ་འཁྱགས་པར་བྱ་རྒྱུ་དེ་ཡིན་པས་རེད།

ལོ་ཆུང་རྣམས་སློབ་གྲྭར་སོང་ནས་སློབ་སྦྱོང་མི་བྱེད་པར་སྤྲང་འཆམ་ཁོ་ནས་མི་ཚེ་མི་འཁྱོལ་བར་ངོས་ཟིན་དགོས་ལ། ཡང་ན་ལག་ཤེས་ཡག་པོ་ཞིག་སྦྱངས་ན་ལེགས་མོད། ངལ་བ་གདོང་ལེན་མི་བཟོད་པ་འདི་རེད། ང་ཚོའི་ཕ་མེས་རྣམས་རང་མགོ་རང་ཐོན་གྱི་ལག་ཤེས་གང་འཚམས་ཤེས་ཀྱི་ཡོད། དཔེར་ན་མཁར་ལས་རྡོ་རྩིག ཤིང་བཟོ་ཚོན་འབྲི། སྨན་སྦྱོར་རྩིས་འབེབས། བཟོ་ལས་ལྕགས་མགར་སོགས་སྣ་མང་མཁྱེན་གྱི་ཡོད་མོད། ད་ལྟ་ང་ཚོའི་མི་རབས་འདིར་དེ་ལྟར་ཤེས་མཁན་ཧ་ཅང་གི་ཉུང་ཉུང་ཡིན་པ་མངོན་གསལ་རེད། དེ་ནི་ཡག་རྟགས་དང་བཟང་རྟགས་ཤིག་དང་ང་ཚོས་འཇོན་པ་མིན་པར་བསམ་མནོ་ནང་དུ་བཀུགས་ན་ལོས་ཀྱང་ཤེས། སོ་སོའི་ནང་གི་ཁང་པ་རྒྱག་པ་དང་ཤིང་བཟོ་ཚོན་འབྲི་ལྟ་བུའི་ལས་ཀ་ཞིག་བྱེད་དགོས་རུང་མི་གཞན་ཞིག་འཚོལ་བ་ལས་རང་ཚང་ལ་ཆ་རྐྱེན་དེ་རིགས་གཞི་མ་གྲུབ་པ་ཆགས་པ་རེད། དེ་དུས་ནམ་རྒྱུན་བརྙས་བཅོས་བྱེད་སའི་ཨར་པོ་དེ་ཚོར་སྐྱབས་བཅོལ་དགོས་འབྱུང་ལ། དབྱར་རྩྭ་དགུན་འབུ་འགྱུར་བ་ཕྱིན་ན་དེ་ཚོར་འཚོལ་བསམས་ཀྱང་མ་དངུལ་མེད་པར་འཚོལ་དཀའ་བའི་གནས་སུ་གྱུར་པ་རེད། རང་ཉིད་ནི་ལག་དུམ་ཞིག་དང་འདྲ་བར་ཅི་ཡང་བྱེད་མི་ཐུབ་པས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། མ་ཚད་ཀུན་གཟིགས་པན་ཆེན་རིན་པོ་ཆེས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཞེས་སྤོབས་པ་མཐོན་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ནས། གཞན་ལ་ངོམ་སོ་ཡང་བྱས་མྱོང་ཡོད། སྐབས་དེ་དུས་བོད་མི་རིགས་རྣམས་དེ་ལྟར་ཡོད་རུང་། འོན་ཏང་ད་ལྟའི་ན་གཞོན་རྣམས་ཀྱིས་ཁོང་གི་གསུང་དེ་ཆུ་ལ་བསྐྱུར་བཞིན་ཡོད་པ་མ་ཡིན་ནམ།

རྒྱུ་མཚན་དེས་ཕྱིར་ང་ཚོས་བཟའ་དགའ་འཐུང་སྐྱིད། ཉལ་འགྲོ་ལངས་འདུག་གཅིག་པུས་དུས་མི་སྐྱེལ་བར་སོ་སོ་གང་མོས་ཀྱི་ཤེས་ཡོན་ལག་རྩལ་སྦྱོང་དགོས་པར་སྙམ། དུས་རྟག་ཏུ་དབྱར་རྩྭ་དགུན་འབུ་ལ་སྐྱབས་མ་བཅོལ་བར་སོ་སོ་དཀའ་ལས་བརྒྱབས་ནས་འབྲས་བུ་ཡོང་བ་བྱེད་དགོས། འཇིག་རྟེན་འདིར་སླེབས་ནས་བཟུང་སོང་ཤུལ་བསྡད་ཤུལ་གང་ཡང་མེད་པར་དུད་འགྲོའི་སྤྱོད་པས་མི་ཚེའི་རྫོགས་ཚིག་བཀོད་ན་ཕོངས་པ་ལ་ཨང་། དོན་ལྔ་སྣོད་དྲུག་དབང་པོ་ཀུན་ཚང་དུད་འགྲོ་ལ་ཡང་ཡོད་པས། ཟ་འཐུང་ལངས་འདུག་ནི་ཁོང་ཚོས་ཀྱང་ཤེས། ང་ཚོ་མི་ཡིན་པའི་འགྲེལ་བརྗོད་གང་གིས་བྱེད།

རྒྱལ་བ་དོན་གྱི་བདག་པོས་རྡོ་རྗེའི་གསུང་ཚིག་འདི་འདྲ་ཞིག་ཡོད། རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་གསུངས་ཡོད། འདི་ཡིད་ལ་ངེས་དགོས། འདི་ནི་ང་ཚོས་ནམ་ཡང་བརྗེད་མི་རུང་བར་བསམ་གཞིག་བྱེད་དགོས་པའི་གནད་ཀ་ཞིག་ཡིན་པ་ཀུན་གྱིས་རྟོགས་དགོས།

དེས་ན་འབྲོག་པས་ཕྱུགས་རིགས་འཚོ་སྐྱོང་སོགས་འབྲོག་ལས་མ་ཉམས་པར་བདག་གཅེས་བྱ་རྒྱུ་དང་། ཞིང་པས་ས་ཞིང་རྨོ་འདེབས་སོགས་ཞིང་པའི་ལས་རིགས་མ་ཉམས་པར་སྔར་གནས་རྒྱུན་འཛིན་བྱེད་དགོས་པར་གལ་ཆེ་བར་སྙམ། དེ་དང་ཆབས་ཅིག་ཞིང་འབྲོག་གང་དུ་ཡིན་རུང་ལོ་ན་ཕྲ་བའི་བྱིས་པ་དག་སློབ་གྲྭར་གཏང་དགོས་པ་ལས། བྱིས་པའི་དུས་ཚོད་གསེར་འདྲ་བ་དེ་ནམ་ཡང་འཕྲོ་བརླག་གཏང་མི་རུང་བ་ནི་ཕ་མ་ཚོའི་ལས་འགན་ཡིན། ང་ཚོའི་ཕ་མ་རྣམས་ལ་གཤིས་ལུགས་ངན་པ་ཞིག་ཡོད་པ་ནི། སོ་སོའི་བུ་རྒྱུད་ལ་ལྷད་མེད་ཀྱི་བྱམས་བརྩེ་ལྡན་ཡང་བྱམས་ཀྱིས་སྐྱོང་སྟངས་མི་ཤེས་པ་དེ་རེད། ཕྲུ་གུའི་གནས་སྐབས་ཀྱི་དཀའ་ངལ་ཕྲན་བུར་བསམས་ནས། མ་འོངས་པའི་དམིགས་མདུན་དང་བདེ་སྐྱིད་ངོ་མ་རློག་པར་བྱེད་ཀྱི་ཡོད། དེ་ནི་ཁོང་ཚོས་རང་གི་ཕྲུ་གུ་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་ཐུབ་པར་འབད་པ་ལས། ཕྲུ་གུའི་མདུན་ལམ་ལ་གནོད་སྐྱོན་བྱ་འདུན་གཏན་ནས་མེད་ནའང་། གཤིས་ལུགས་ངན་པ་ཞིག་གིས་དེ་ལྟར་དེད་སོང་བ་རེད།

དེར་བརྟེན་ཕ་མ་ཚོ་ཡིན་ཡང་ཕྲུ་གུར་དཀའ་ལས་ཏོག་ཙམ་རྒྱག་བཅུག་ན་རྗེས་ཕྱོགས་ཀྱི་འབྲས་བཟང་ལེགས་པོ་ཡོང་བར་སོམ་ཉི་ག་ལ་དགོས། མི་སུ་ཡིན་ཡང་རང་ཉིད་དཀའ་ལས་བརྒྱབས་པའི་རྗེས་སུ་ཐོབ་པའི་བདེ་སྐྱིད་ནི་ཆེས་བདེ་སྐྱིད་མཆོག་ཡིན་ལ། རང་ཉིད་དཀའ་སྤྱད་འབད་བརྩོན་གྱིས་སྨིན་པའི་འབྲས་བུ་ནི་ཧ་ཅང་གི་ཞིམ་པོ་ཡོད་པ་རེད།

མི་རབས་གསར་པ་ལྟ་བའི་ཚོར་བའི་དུམ་བུ།
ན་གཞོན་ཚོ་ལ་གཞིགས་ན་དེང་སྐབས་ལ་རྒྱ་དང་ལ་རྒྱ་ཞེས་མི་རིགས་ཀྱི་ཆེད་དུ་སེམས་ཀྱིན་སྙིང་ཆུང་འཕར་ལྡིང་བྱེད་བཞིན་ཡོད་མོད།ལ་རྒྱ་ཞེས་བརྗོད་པ་མ་གཏོགས། ཅི་ཞིག་ལ་རྒྱ་དང་གང་ཞིག་བྱེད་དགོས་མིན་མི་ཤེས་པར་བསྡད་ཡོད། ཁ་ནས་ལ་རྒྱའི་འབོད་སྒྲ་སྒྲོག་བཞིན་དོན་ལ་ཕུ་ནུ་ནང་དམེ་དང་མ་རབས་ཐ་ཤལ་གྱི་སྤྱོད་ངན་ལ་འབད་ན། ཁ་བཤད་ཆུ་ཡི་ལྦུ་བ་ཞེས་པ་དེ་ཆགས་སོང་བ་རེད། དེར་བརྟེན་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ལ་ཤ་ཞེན་ཡོད་ན། མི་རིགས་ཀྱི་སྲོག་དང་སྒལ་ཚིགས་བསྲུང་དགོས་པར་འདོད།

སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཕྱིར་དང་ཐོག་དེ་སྲུང་སྐྱོབ་བྱ་རྒྱུ་དང་། མཐུན་སྒྲིལ་ནི་མི་རིགས་ཀྱི་སྒལ་ཚིགས་ཡིན་པས། མཐུན་སྒྲིལ་མེད་ན་དགྱེ་བར་དཀའ་མོ་རེད། དེས་ན་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་ཏེ། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་ཕྱར་གྲུ་མཉམ་འདེགས་བྱ་དགོས་པར་གོར་མ་ཆག ལར་རང་ཉིད་ནས་མགོ་བཙུགས་ཏེ་ཚུལ་ལྡན་གྱི་མི་ཞིག་བྱ་རྒྱུ་གལ་ཆེན་ཡིན་པ་འདྲ། དེ་ལྟར་བྱེད་པ་ལ་ཚུལ་མིན་གྱི་བྱ་སྤྱོད་དག་སྤང་དགོས། དེ་སྤངས་ན་རང་གི་མངོན་འདོད་རྒྱ་ཆེ་ས་ནས་མི་རིགས་རྩ་དོན་དང་ཆུང་ས་རང་དོན་རྣམས་གང་ཡིན་རུང་ལེགས་གྲུབ་ཡོང་ངེས། ད་ལྟའི་དུས་སུ་གོ་ལ་ཟླུམ་པོ་འདིར་འཚོ་བའི་སྐྱེ་བོ་སྨྲ་ཤེས་དོན་གོ་བ་ཞིག་ཡིན་ཕྱིན་དུས་རབས་གསར་པའི་འགྲོས་དང་བསྟུན་ནས་གང་མཁོ་དང་གང་དགོས་ཤེས་དགོས་ལ། དུས་རབས་ཀྱི་རྗེས་སུ་བསྙེག་དགོས་ལ་ཟིན་ཡང་དགོས། ཡང་ང་ཚོ་དུས་རབས་གསར་པའི་མི་ཡིན་ཟེར་ནས་ལེགས་ཉེས་དཔྱོད་ཤེས་རྒྱང་དུ་དོར་ཏེ། ལྟ་བ་གསར་པ་མ་གཏོགས་རྙིང་པ་རྣམས་རུལ་དྲི་བྲོ་བ་དང་ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་བ་ཞིག་ཏུ་ངོས་བཟུང་ན་ཧ་ཅང་ནོར་བ་ཡིན། དེས་ན་ནམ་ཡང་གསར་རྙིང་ཡ་མ་བྲལ་བར་བྱ་རྒྱུ་གལ་ཆེ་བར་སྙམ།

ཤེས་ཡོན་ལ་འགྲན་རྩོད་མེད་པར་དཔལ་འབྱོར་ལ་གཤིབ་བསྡུར། གསར་རྙིང་ལ་ཟུང་འབྲེལ་མེད་པར་ཡ་བྲལ་ལ་དོན་གཉེར། སྔར་གནས་རྒྱུན་འཛིན་ཡིན་ཞེས་ལྐུགས་པ་ཨུ་ཚུགས་བྱེད་པ། གསར་ཞེན་ཟེར་ནས་མིག་ལོག་ལྟ་བ་དང་། རྙིང་འཁུམས་ཞེས་མཐོང་ཆུང་བྱས་ན། རྟག་ཏུ་ང་ཚོ་མདུན་བསྐྱོད་ཀྱི་ལམ་བུར་སྙེག་པའི་འགལ་རྐྱེན་ཞིག་ཡིན་པར་གོར་མ་ཆག

ད་ནི་ང་ཚོས་ཤེས་དགོས་པའི་དགག་སྒྲུབ་གཉིས་ནི། ཕུ་ནུ་ནང་དམེ་དང་། ཤོ་བག་རྒྱན་འཛུགས། ཐ་མག་ཨར་འཐུང་། དོན་མེད་སྤྲང་འཆམ་སོགས་མ་རབས་ཐ་ཤལ་གྱི་བྱ་སྤྱོད་རྣམས་དགག་བྱ་ཡིན་ལ། ཤེས་ཡོན་སློབ་སྦྱོང་། ཡ་རབས་བཟང་སྤྱོད། ཕུ་ནུ་མཐུན་ལམ། རྒྱལ་ཞེན་དམངས་བདེ། ལྷག་བསམ་དད་འདུན་ནི་བསྒྲུབ་བྱ་ཡིན། ང་ཚོས་བསྒྲུབ་བྱ་དག་རྣམ་ཀུན་སྒྲུབ་དགོས་ལ། དགག་བྱ་རྣམས་ནམ་ཡང་དགག་དགོས། ནམ་རྒྱུན་ང་ཚོས་དགག་སྒྲུབ་གོ་ལྡོག་ནས། དགག་བྱ་དེ་དག་གིས་ཕོ་འཇོན་རབས་དང་། མི་རྫིག་རབས་སོགས་བཤད་མྱོང་བས་ཁོང་ཚོའི་སྤོབས་པ་འཕར་ནས་རྫིག་ཉམས་འདོན་དུས་མི་མང་པོ་ཞིག་དེའི་རྗེས་སུ་འབྲང་བཞིན་ཡོད། ཤེས་འཇོན་ལྡན་པའི་མི་རྣམས་ལ། ལྟ་ལོག་དང་དམ་ཉམས། གསོན་འདྲེ་སོགས་ཐ་སྙད་གང་བྱུང་བེད་སྤྱད་ནས་ཁོང་ཚོར་རྒྱབ་སྐྱོར་ལྟ་ཅི། མི་གྲལ་ནས་འབུད་ཐབས་བྱེད་ཀྱི་ཡོད། དེ་ནི་ང་ཚོས་དགག་སྒྲུབ་ངོས་མ་ཟིན་པས་ཡིན།

ཤེས་ལྡན་པ་ལ་ལྟ་བའི་ཚོར་བའི་དུམ་བུ།
ཤེས་ལྡན་པ་རྣམས་ལ་མཚོན་ན་མི་མང་གི་ཁ་ལོ་སྒྱུར་མཁན་ཞིག་ཡིན་ཟེར་ཡང་མ་འགྲིགས་པ་མེད། དེས་ན་དམངས་ཀྱི་བསམ་བློ་དང་བསྟུན་གང་ཐུབ་བྱས་པ་ལས། ཁར་ཐུག་དགུན་དུས་སུ་ཤེལ་ཕོར་འཁྱགས་པའི་ནང་དུ་ཆུ་ཁོལ་བླུགས་པ་ལྟར་བྱས་ན། མི་སེམས་ལ་ཆག་གྲུམ་བཟོ་ངེས་ཡིན། དང་ཐོག་ཤེར་ཕོར་ལག་དང་མེ་བསྲོས་ནས་ད་གཟོད་ཆུ་བླུགས་ན་ཆག་སྐྱོན་མི་འབྱུང་བ་བཞིན། སྔོན་དུ་སྙན་པར་སྨྲ་བའི་གཏམ་གྱིས་ཡིད་དྲངས་ཏེ། རྗེས་སུ་ཐབས་ཤེས་སྣ་དགུའི་འདག་བྱེད་ཀྱིས་ཁོང་ཚོའི་ཤ་གསེང་རུས་གསེང་ན་ཐིམ་པའི་བག་ཆགས་རྙིང་པའི་དྲེག་པ་རྣམས་གཙང་མ་བཟོས་ནས། ཡང་དག་པའི་ལམ་དུ་བཀྲི་བར་བྱ་དགོས།

མི་དམངས་ལ་ལྟ་བའི་ཚོར་བའི་དུམ་བུ།
མི་མང་རྣམས་ལ་མཚོན་ན་སློབ་སྦྱོང་གོ་སྐལ་མ་ཐོབ་པས། ལེགས་ཉེས་བླང་དོར་ཇི་ལྟར་ཤེས། ནམ་ཞིག་ཁོང་ཚོའི་ཡིག་རྨོངས་བསལ་ན་སྐབས་དེ་དུས་བླང་དོར་གྱི་མིག་ཐོབ་པ་ཡིན། ཁོང་ཚོ་ནི་བརྟག་དཔྱད་གང་ཡང་མེད་པར་དད་རྨོངས་རིང་ལུགས་ཤིག་སྔར་ནས་རྒྱུན་འབྱམས་སུ་ཕྱིན་ཡོད་ལ། རང་གི་རྣམ་དཔྱོད་བེད་མི་སྤྱོད་པར་གཞན་ཟེར་རྗེས་འབྲང་ཁོ་ནས་མི་ཚེ་གཞན་དབང་དུ་འགྲོ་བཞིན་ཡོད། ཡ་གིར་ན་ངུར་སྨྲིག་གི་གོས་བཀླུབས། བསླབ་གསུམ་གྱི་རྒྱན་འཆང་། སྡེ་སྣོད་གཞུང་གིས་ཁོག་རྒྱངས། ཞི་དུལ་བག་ཡོད་ལྡན་པ་ཞིག་ཡོད་ན་དོགས་པ་ཟ་ལ། མ་གིར་ན་སེར་སློག་སློག་ཅན་ག་གེ་མོའི་མིང་འཆང་མཁན་ཞིག རང་ཉིད་གར་འགྲོ་མི་ཤེས་ཀྱང་། སྐྱེ་བ་སྔ་ཕྱིའི་མངོན་མཁྱེན་དང་། ཆོས་ཀྱི་སྡོམ་བཞི་མི་ཤེས་ཀྱང་། མི་ཆོས་བླ་མའི་རྫུན་ཆར་འབེབས་པ་ཞིག་མཐོང་ན། མགོ་བོ་ས་རུ་དུད་ནས་སྐྱབས་སྨོན་ཞུ་ཆོག་ཆོག ཡང་མི་ཞིག་གིས་མི་འགྲིག་པའི་ཉེས་པ་བཅོ་བརྒྱད་བགྲང་དུས་ཁ་གཏོང་བ་དང་དད་ལོག་སྐྱེ་ཆོག་ཆོག་རེད། ཡ་གིར་བླ་མ་ཞིག་གིས་དབང་བསྐུར་ན་ཡར་རྒྱུག། མ་གིར་ན་ལྷ་པ་ཞིག་གིས་ལྷ་འབེབས་འདུག་ཟེར་ན་མར་རྒྱུག བར་དེ་ནས་མི་ཞིག་གིས་ཡས་མི་འགྲིག་མས་མི་འགྲིག་ཟེར་དུས་ཡང་དེ་ཡི་རྗེས་སུ་འབྲང་བཞིན་འདྲ་མིན་གྱི་དཀྲོག་གཏམ་ཤོད། དེ་ལྟར་བྱས་ནས་དོན་ངོ་མར་དབང་གི་དགོས་ཆེད་ཞུས་ན་ཕན་ཡོན་དང་མ་ཞུས་ན་ཉེས་དམིགས་ལ་མནོ་བསམ་བཏང་མྱོང་མེད། སྤྱིར་དབང་ཞིག་ཞུ་འདུན་ཡོད་ན། དང་པོ་བླ་མ་བརྟགས། བར་དུ་ལྷད་མེད་དད་པས་ཀུན་ནས་བསླངས་ཏེ་དབང་ཞུ། ཐ་མ་དད་དམ་གཙང་མ་སྲུང་དགོས་པ་ལས་དབང་ཞེས་པ་དེ། བུམ་པ་མགོར་བཞག་པ་ཙམ་ལ་དབང་ཐོབ་པ་མིན། དབང་ཞེས་པ་དེ་དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ་སྲིད་ལ། མ་བསྲུངས་ན་དམྱལ་བ་འཕེན་སྲིད། དེས་ན་དབང་ཞུ་ཤེས་པ་དང་དམ་ཚིག་སྲུང་ཤེས་པ་བྱ་རྒྱུ་གལ་ཆེའོ། །དང་པོ་ནས་མཇལ་ན་དགེ་མཚན་དང་མ་མཇལ་ན་ཉེས་དམིགས་གང་ཡིན་བརྟག་དཔྱད་མེད་པར་བརྟེན་རྗེས་སུ་གཞན་ཞིག་གི་གཏམ་གྱི་གཞན་དབང་དུ་འགྲོ་དགོས་བྱུང་བ་དེ་རེད། དེ་ནི་ལང་ཕྱོགས་བརྟན་པོ་མེད་པས་ལོས་ཡིན། དེའི་ཕྱིར་དུས་ནམ་ཡང་རང་གི་རྣམ་དཔྱོད་དེ་གཞན་དབང་དུ་མ་ཤོར་བར་རང་གིས་བེད་སྤྱོད་ཐུབ་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ་མོ།།

རྩོམ་ཡིག་འདིའི་དམིགས་འབེན་གཙོ་བོ་ནི། དུས་དེབ་འདི་ཕ་ཡུལ་གྱི་མི་རྣམས་ཀྱིས་ལྟ་ཀློག་ཐུབ་ཀྱི་ཡོད་པར་བརྟེན་བྲིས་པ་ཞིག་ལས། རང་ཉིད་མཁས་མདོག་བྱས་ནས་བཀའ་སློབ་གནང་བ་མ་ཡིན་ལ། གང་དྲན་ཅི་དྲན་ཉི་མ་འཁྱོལ་ཐབས་བྲིས་པ་དེ་བས་མིན། རང་ཉིད་མཁས་བཙུན་བཟང་གསུམ་ལྡན་པའི་མི་ཞིག་མ་ཡིན་ཡང་། འདས་སོང་རང་གཞན་ཀུན་གྱིས་འཐུས་ཤོར་ཕྱིན་པའི་བྱ་བ་དག་དྲན་ནས་སླད་ཕྱིན་དེ་ལྟར་མི་ཡོང་བའི་རེ་འབོད་ཅིག་སེམས་དཀར་བའི་ཐོག་ནས་བརྗོད་པར་ཐལ་བའོ།།

གོང་དུ་བཤད་པ་དག་ལས་ནོར་བའི་ཚིག་དང་། འགལ་བའི་དོན། མི་སེམས་དཀྲུག་པའི་སྨྲ་བ་གང་བྱུང་ཡང་། རྩོམ་མཁན་རང་གིས་འགན་ཁུར་དགོས་པ་ནི་སྤྱི་འགྲོས་ཡིན་པས་དེ་ལུགས་དགོངས་འཇགས་འཚལ།

སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས།

Related Articles