རི་བོང་གཉོམ་ཆུང་།

དར་ལྕེ་ཟད་པོ།

རི་སྐྱེས་ཀུན་ལ་འབྲེལ་ལམ་ལས་ཀྱིས་ཆད། །

སུག་བཞི་མགྱོགས་པ་ལུས་ཀྱི་གྲུབ་སྟངས་ཤིག །

ཤ་གཟན་རིགས་སུ་མ་སྐྱེས་མཆེ་བ་མེད། །

ལྟོ་ཕྱིར་གཞན་སྲོག་གཅོད་པའི་འདོད་རྔམས་མེད། །

 

རྩ་སྔོན་ཆུ་གཙང་སོ་སོས་བཙལ་བས་རྙེད། །

སྤེན་ཕུང་བྲག་ཕུག་རང་བྱུང་སྡོད་ཁྱིམ་ཉིད། །

སུ་ལའང་མི་གནོད་འཚོ་བ་རོལ་ན་ཡང་། །

རི་བོང་རྣ་ཅོག་མཐོ་ཞེས་ཀུན་གྱིས་སྨོད། །

 

སྟག་མོའི་མཆེ་སྡེར་མཐོང་ན་སྙིང་རྩ་འདར། །

འབྲོང་གཡག་གློ་སྙིང་བཤད་ན་བླ་སྲོག་འཆོར། །

དེ་གཉིས་བར་ན་འཚང་བའི་དཔའ་མེད་ཀྱང་། །

རི་བོང་གཡོ་སྒྱུས་སྟག་མོ་ཆུར་གཡུགས་ཟེར། །

 

རྫི་བོས་མཐོང་ན་འུར་རྡོ་ཀླད་ལ་བསྐོར། །

བྱིས་པས་མཐོང་ན་རང་བྱུང་ཉལ་ཚང་གཏོར། །

རང་ལས་གཞན་པ་ཐམས་ཅད་དགྲར་ལངས་པ། །

བརྟགས་ན་རང་ཉིད་སྟོབས་ཤུགས་མེད་པས་ལན། །

 

རང་མཉམ་སུ་ལ་མཐུན་པས་བཀུར་ན་ཡང་།

སྲེ་མོང་ཨ་བྲ་འདེད་པའི་འབྲོས་ཞོར་དུ། །

རི་བོང་ཐུག་ན་རང་གི་མཆེ་བ་ངོམས། །

ཀུན་གྱིས་དགྲ་ལན་འཇལ་ས་རི་བོང་ང་། །

 

རང་འོག་གྲོག་མ་ཙམ་ལ་གནོད་མ་བསྐྱལ། །

མི་གཅིག་རིག་ན་འདབ་ཆགས་བྱ་ལྟར་འབྲོས། །

སྲོག་དམར་བཅད་ཀྱང་ཡ་ལན་ཞེ་ལ་མེད། །

རི་བོང་ཁ་ཤོ་ཀུན་གྱིས་ཐན་ལྟས་འབོད། །

 

ནམ་མཁའ་རྡིབ་པའི་སྣང་བ་ཡིད་ལ་མེད། །

ས་གཞི་འཇིག་པའི་དུས་ཀྱང་དཔྱོད་མི་ཤེས། །

གླེན་ལྐུགས་སྡུག་གིས་མནར་བའི་དུད་འགྲོ་ང་། །

རི་བོང་གནམ་རྡིབ་སྡུག་བསྔལ་ཡོད་ཅེས་གླེང་། །

 

མདོར་ན་ཉེས་ཚད་ཉམ་ཆུང་མགོ་ལ་གཡོགས། །

བཟང་ཚད་ངོ་སོ་བཙན་པོས་ཁྱེར་བ་འདི། །

དྲང་བདེན་འགོ་མཇུག་ལྡོག་པའི་འཇིག་རྟེན་འདིར། །

རི་བོང་ལུས་ཤིག་བླངས་ན་དམྱལ་བླ་ཡིན། །

རྟོག་འགྱུ།

ཐེད་པོ།

རབ་དཀར་མདངས་འོད་འཚེར་བའི་ཉ་གང་གི་དཀྱིལ་འཁོར། །

ཉམས་འགྱུར་སྟངས་སྟབས་གར་གྱི་འགྱུར་འགྲོས་ལ་བརྟེན་ནས། །

ཆུ་ལྷ་སྒེག་མོའི་རུམ་དུ་དལ་བགྲོད་ཀྱིས་སྐྱོད་པ། །

རྗེས་ཆགས་སེམས་ཀྱི་དཀྱིལ་དུ་དྲན་ཤིང་ཞིག་བསླངས་སོང་། །

 

བསེར་བུ་ཤེད་ཀྱིས་ལྡང་བའི་ས་སྲོད་ཀྱི་དུས་སུ། །

སྨྲ་མེད་གཅིག་པུའི་སྟབས་ཀྱིས་སྲོང་བོ་རུ་འགྲེངས་ཏེ། །

ཟླ་ཞལ་མཛེས་རིས་བཀྲ་ལ་རྒྱང་མིག་གིས་ཅེར་བཞིན། །

རླབས་རིས་སེམས་ཀྱི་འཚུབ་མ་རྒྱང་རིང་ལ་ཤོར་སོང་། །

 

དཀར་སྒོར་མདངས་དབྱིབས་རང་བྱུང་ལྷུན་གྲུབ་ཀྱི་བབ་རིས། །

དྲི་བྲལ་སེམས་ཀྱི་དྭངས་གཙང་ཤོག་དཀར་གྱི་ངོས་སུ། །

འགྱུར་མེད་རྡོ་རྗེའི་ཐམ་ཁའི་སྣང་རིས་ཀྱི་ཚུལ་དུ། །

ཟབ་ས་སྙིང་གི་སྦུབས་སུ་འདུན་མ་ཞིག་གཏད་ཡོད། །

 

དྲི་མེད་ཟླ་བ་ལྷ་མོའི་འཛུམ་ཞལ་ཞིག་སྟོན་དུས། །

སེམས་སོང་སེམས་ན་གསལ་བའི་མཛེས་ལྡན་གྱི་ལྷ་མོ། །

དྲན་སྣང་དོན་སྤྱིའི་ཡོལ་བར་རླབས་རིས་ཀྱིས་འཁྱུག་པ། །

གདུང་བའི་མནར་གཅོད་ཅིག་གི་གོ་རིམ་དུ་གྲུབ་སོང་། །

 

རིང་རིང་ས་མཐའི་གྲོང་ན་རྒྱང་མིག་གིས་ཅེར་བཞིན། །

དྲན་དྲན་སེམས་ཀྱི་གཤོག་པ་ཤེད་སྟོབས་ཀྱིས་བརྐྱངས་ཏེ། །

མགྱོགས་མགྱོགས་འཆར་སྣང་ཡན་པོ་སྟོང་དབྱིངས་སུ་གློད་དེ། །

བདེ་བདེའི་ཉམས་སྣང་བསྐྱེད་ལ་བརྟུན་པ་ཞིག་བསྐྱེད་ཡོད། །

 

དགའ་དགའ་སེམས་ཀྱི་གཏད་པ་ཤུགས་རླབས་ཀྱིས་རྒོད་པས། །

མཛེས་མཛེས་ཁྱོད་ཞལ་མཚར་བ་ཟླ་གཞོན་གྱི་ངང་ཚུལ། །

འདྲ་འདྲའི་སྣང་རིས་འཚུབ་མ་སེམས་ངོགས་ན་འཚུབ་པས། །

འདྲེས་འདྲེས་དགའ་སྐྱོའི་ཚོར་གཤིས་རྒོད་ཁ་ཞིག་བརྟས་ཡོད། །

སྣང་སྣང་ལྟ་བུར་སྙམ་པ་སྒྱུ་མ་ཡི་ངང་ཚུལ། །

ཉེ་ཉེ་ཁད་ཀྱིས་བཅར་ན་སྟོང་སང་གི་གཤིས་ལ། །

ཆགས་ཆགས་སེམས་ཀྱི་རྟ་ཕོ་དྲན་ཤེས་ཀྱིས་བསྡམས་ཏེ། །

སྐྱིད་སྐྱིད་སྣང་མཐོར་སྤོར་བ་དེ་ག་རང་འཚེངས་པ། །

བྲལ་ཐབས་མེད་པའི་ཚོར་བ།

ཉི་སྲས་སྒྲོལ་མ།

ཟླ་དགུ་མངལ་དུ་གཅེས་སྐྱོང་ཨ་མའི་དྲིན་ཆེན། །

ཆུང་དུས་པང་དུ་བྱམས་སྐྱོང་ཨ་མའི་དྲིན་ཆེན། །

དར་མ་སེམས་ནས་བརྩེ་སྐྱོང་ཨ་མའི་དྲིན་ཆེན། །

བཀའ་དྲིན་གཞལ་ཐབས་བྲལ་བའི་མ་དྲིན་ཆེན། །

 

ཉི་མ་ཡིད་བཞིན་ནོར་བུ་མཆོག །

རྒྱ་མཚོའི་མཐའ་ན་ཧ་ཅང་མཛེས། །

ཨ་མ་བྱམས་བརྩེའི་བདག་ཉིད་མ། །

བུ་ཕྲུག་འགྲམ་ན་དེ་བས་མཛེས། །

 

ཉི་མའི་ཐུགས་རྗེའི་བཀའ་དྲིན་གྱིས། །

ཚེ་སྲོག་ཐམས་ཅད་སྐྱོང་བ་བཞིན། །

ཨ་མའི་བཀའ་དྲིན་བླ་མེད་ཀྱིས། །

བུ་ཕྲུག་འཚར་ལོངས་གནང་བ་རྨད། །

 

ཉི་མ་མེད་ན་འཇིག་རྟེན་འདི། །

མཛེས་སྡུག་མེད་པའི་མུན་པ་བཞིན། །

ཨ་མ་མེད་པའི་དྭ་ཕྲུག་ཚོ། །

བདེ་སྐྱིད་བྲལ་བའི་མུན་དོང་ཡིན། །

 

ངའི་སྙིང་གི་དཀྱིལ་དུ་ཟུག་པའི་ཁྱེད། །

ངའི་དམར་ཆུང་སྙིང་གི་སྒོ་ལྕགས་འདི། །

རྒྱུ་གསེར་གྱི་ལྡེ་མིག་ཁྱེད་མིན་པའི། །

ངའི་གསང་བ་སུས་ཀྱང་ག་ལ་རྟོགས། །

 

གདོས་བཅས་ཕུང་པོ་དུར་སར་མ་ལྷུང་བར། །

ཨ་མའི་སྐྱོ་མདངས་རིང་མོ་བརྗེད་རྒྱུ་མིན། །

ཐོད་རུས་སྒོར་སྒོར་ས་རུ་མ་ཟག་བར། །

ཨ་མའི་སྐད་དང་བྱམས་སྐྱོང་དྲན་ངེས་ཡིན། །

 

ཁྱོད་གཟུགས་ཁྲི་གདུགས་ཉི་མའི་འོད་ཟེར་འདི། །

འཛམ་གླིང་མུན་པ་སེལ་བར་བྱོན་པའི་ཚེ། །

བལ་ལས་འཇམ་པའི་ང་ཡི་བློ་སེམས་འདི། །

མ་བཞུ་ཐབས་མེད་འཁོར་བར་འཁྱམ་སོང་ངོ་། །

ཨ་མ་སྡུག་ལ་སྦྱོར་མཁན་བུ་ཕྲུག་ཡིན།

གངས་ཆབ་བསིལ་མ།

བར་དོའི་རྣམ་ཤེས་མངལ་མཚམས་སྦྱར་བ་ནས། །

ལུས་སེམས་གཉིས་ཀར་ངལ་དུབ་གནས་སུ་བསྐྱལ། །

ཉི་མོའི་ཟས་དང་མཚན་མོའི་གཉིད་ཐེབས་བཅག །

ཨ་མའི་རང་དབང་འཕྲོག་མཁན་བུ་ཕྲུག་ཡིན། །

 

ཤ་རུས་ལུས་ཟུངས་རྒྱས་པའི་ཉིན་ནས་བཟུང་། །

ཨ་མའི་ལྟོ་བ་ལྒང་ལྟར་དགྱེ་སྒུར་བྲལ། །

ལུས་ཀྱི་སྟོད་སྨད་འཁྲུག་ཅིང་ནུས་སྟོབས་ཉམས། །

ཨ་མའི་ལང་ཚོ་འཇོམས་མཁན་བུ་ཕྲུག་ཡིན། །

 

ཟླ་ཁ་གང་ན་འཚེ་བས་མ་རུས་བཅག །

ཨ་མའི་ཟུངས་ཁྲག་ཁྲོད་ན་ངུ་ངག་ཅིག །

འཆི་གསོན་བྱེ་མའི་ལ་ཁའི་ཕ་རོལ་ན། །

ཨ་མ་གསོན་དམྱལ་སྦྱིན་མཁན་བུ་ཕྲུག་ཡིན། །

 

བསམ་མེད་དམར་འབྱར་ཤ་ཁྲག་རྡོག་རྡོག་ཅིག །

འཇམ་པོའི་ཕྱག་གིས་འཇུས་ནས་སྙིང་ཁར་སྦྱར། །

སྙིང་གི་ཤ་རྡོག་མཐོང་བའི་བདེ་བས་ཐལ། །

ཨ་མ་འདྲ་ལེ་འཇིག་རྟེན་སྲིད་ན་དཀོན། །

 

ཨམ་ཕྲག་གསེང་དང་སེན་མོའི་ཕག་ལ་སོགས། །

སྐྱག་གཅིན་ཁ་སྣབས་གཞའ་རླན་དྲེག་ཆགས་ཀྱང་། །

སུན་སྣང་གཙང་བཙོག་མེད་པར་སྙིང་ལྟར་གཅེས། །

ཨ་མ་ཛར་ཛོར་བཟོ་མཁན་བུ་ཕྲུག་ཡིན། །

 

ཞག་གསུམ་ཟླ་གསུམ་ལོ་གསུམ་འགྲིམ་པའི་ཁྲོད། །

གོམ་སྟབས་ཀྱར་ཀྱོར་ཁ་ལྕེ་རྡབ་རྡེབ་སོགས། །

མ་ཡི་ལུས་ངག་ཡིད་གསུམ་འདི་ན་བསྡུས། །

ཨ་མའི་དུས་བཟང་འཕྲོག་མཁན་བུ་ཕྲུག་ཡིན། །

 

འགྲོ་འདུག་སྤྱོད་གསུམ་འཇིག་རྟེན་ཆགས་ལུགས་དང་། །

བྱམས་དང་སྙིང་རྗེ་མི་ཡི་མཛའ་མཐུན་ཀུན། །

བཟང་པོའི་དགེ་བཅུ་ལ་སོགས་ཨ་མས་བསླབས། །

ཨ་མ་ཐམས་ཅད་དགེ་རྒན་ཐོག་མ་ཡིན། །

 

ཨ་མས་དཀོན་མཆོག་ཕྱག་དང་མཆོད་པ་ཕུལ། །

ཙ་རི་གཙུག་ལག་གང་སར་གནས་སྐོར་བསྐྱོད། །

རིན་བྲལ་རྒྱུ་ནོར་དུ་མ་སྤྲང་ལ་སྦྱིན། །

མདོར་ན་བུ་ཕྲུག་བདེ་ཐབས་ཁོ་ནར་བརྩོན། །

 

ཨ་མས་འཁོར་བའི་རི་གྲོང་ཡོད་དགུ་ཉུལ། །

སྡིག་ལས་སྣ་ཚོགས་མིག་ཆུའི་གསེབ་ནས་བསྐྲུན། །

དེ་ཡི་རྐྱེན་གྱིས་ཆོས་སྐལ་ལས་སྐལ་ཆད། །

ཨ་མ་སྡིག་ལ་སྦྱོར་མཁན་བུ་ཕྲུག་ཡིན། །

 

ཨ་མ་སྐྲ་དཀར་གཉེར་མས་བརྩེག་ཁ་བརྒྱབས། །

ཁ་ཡི་སོ་བུད་ལག་གཉིས་སེར་གས་འཁུམ། །

ད་དུང་འཆི་རྒྱུར་མི་དྲན་བུ་ཕྲུག་དྲན། །

ཨ་མ་འདྲ་ལེའི་བརྩེ་བ་སྲིད་ན་དཀོན། །

 

དེར་བརྟེན་བུ་ཕྲུག་མ་ལས་སྐྱེས་ཚད་ཀྱིས། །

ཨ་མ་ཐར་ལམ་འདྲེན་དུ་མི་ནུས་ཀྱང་། །

འཛད་མེད་ཨ་མས་བསྐྱངས་བའི་སྐུ་དྲིན་འདི། །

ནམ་ཡང་སེམས་ནས་མ་བོར་རེ་བ་ཡིན། །

ཕྱི་ལོ་༢༠༢༢།༡༠།༦ཉིན་ཨ་མ་དྲན་པའི་ཚུལ་དུ་བཏབ།