འབྱུང་བཞིས་བསྡམས་པའི་བྱིས་བློ།

ནགས་ཀྱི་ཤིང་ལོ་ནས།

གང་ལའང་མ་ཁེན་སུ་ལ་མ་བརྟེན་པར།།
དངོས་པོའི་ཆོས་ཤིག་བཙལ་དུ་མེད་ན་ཡང་།།
རྟག་གཅིག་རང་དབང་ནང་དུ་ཞུགས་པ་ཡི།།
ང་དང་ང་འདྲའི་བྱིས་བློ་ཅན་པོ་རྣམས།།

རྐང་གཉིས་མ་རིག་ས་ཡིས་བཀྱགས་པ་ན།།
བལྟོས་མེད་རང་སྐྱ་སེམས་སུ་རློམ་པ་དེས།།
གཞན་ལ་མ་བརྟེན་གྱེན་དུ་ལངས་སྙམ་པའི།།
བྱིས་བློ་ཁྱོར་ཆུང་འདྲ་འདི་རང་རྐྱས་གང་།།

རང་རྒྱུ་ཉོན་མོངས་ཅན་གྱི་བདེ་བ་ཙམ།།
རྟག་བརྟན་ཞི་བའི་སིམ་པ་མིན་ན་ཡང་།།
འདི་སྣང་ཞེན་པ་ནང་དུ་ཞུགས་པ་ཡི།།
ང་དང་ང་འདྲའི་བྱིས་བློ་ཅན་པོ་རྣམས།།

སྣང་བ་འདོད་པའི་ཆུ་ཡིས་ཁུར་བའི་དུས།།
ལྦུ་བའི་སོབ་སོབ་ནོར་བུར་རློམ་པ་དེས།།
ཆུ་གཏེར་ཡོད་ཚད་ལོངས་སུ་སྤྱོད་ཡོད་སྙམ།།
བྱིས་བློ་ཁྱོར་ཆུང་འདྲ་འདི་ལྦུ་བས་གང་།།

ཤེས་བྱའི་གནས་ལུགས་མཐའ་ཡི་རྒྱ་མཚོ་བཞིན།།
རང་གིས་ཤེས་པ་རྩྭ་རྩེའི་ཟིལ་བ་ཙམ།།
རང་སྣང་དྲེད་པོ་ནང་དུ་ཞུགས་པ་ཡི།།
ང་དང་ང་འདྲའི་བྱིས་བློ་ཅན་པོ་རྣམས།།

བུད་ཤིང་ང་རྒྱལ་མེ་ཡིས་སྤར་བའི་དུས།།
རྩྭ་རྩེའི་ཤེས་བྱ་རི་བོ་རློམ་པ་དེས།།
ཤེས་བྱ་ཡོད་དོ་ཁོང་དུ་ཆུད་ཡོད་སྙམ།།
བྱིས་བློ་ཁྱོར་ཆུང་འདྲ་འདི་འཁྲུལ་བས་གང་།།

རྣམ་དཔྱོད་བློ་གྲོས་བརྩོན་པས་མ་འཁྱུད་ན།།
ཤེས་རབ་འོད་སྣང་ལོན་དུ་མེད་ངེས་ཀྱང་།།
ལེ་ལོ་གཡེང་བའི་རུམ་དུ་ཉལ་བ་ཡི།།
ང་དང་ང་འདྲའི་བྱིས་བློ་ཅན་པོ་རྣམས།།

རང་སེམས་རྣམ་རྟོག་རླུང་གིས་སྤུར་བའི་དུས།།
འཆར་ཡན་སེམས་རིས་ཉི་ཟླར་རློམ་པ་དེས།།
རི་བོའི་ཚོགས་ཀྱང་རྐང་པས་གནོན་ཡོད་སྙམ།།
བྱིས་བློ་ཁྱོར་ཆུང་འདྲ་འདི་མུན་པས་གང་།།

རྫུན་ལས་བྱུང་བའི་རྫུན་གྱི་གཟུགས་བརྙན་ཞིག །
རྫུན་ལས་གྲུབ་པའི་རྫུན་པའི་མེ་ལོང་ནང་།།
རྫུན་གྱིས་སླད་པའི་རྫུན་གྱི་འཁྲུལ་ཤེས་དེས།།
རྫུན་པས་རྫུན་པ་སྒྲུབ་འདི་བྱིས་བློ་ཞིག །

Related Articles