སོར་རྩེ་རང་བྱུང་དུ་འགུལ་བའི་སེམས་རིས་ཤིག

ནགས་ཀྱི་ཤིང་ལོ་ནས།

ཡུལ་ལྷོ་ཕྱོགས་རྒྱ་མཚོ་ཆེན་མོའི་ཉེ་འགྲམ་ན།།

བྱེས་སེ་རའི་འཁོར་ཡུག་བཀོད་པ་ཕྱི་ནས་མཛེས།།
གྲོགས་ཕུ་ནུའི་མཛའ་བརྩེའི་དམ་ཚིག་ནང་དུ་རུམ།།
དུས་བར་མེད་བརྩོན་པའི་སྒྲ་དབྱངས་རྣ་བར་ལྷུང་།།

སྤྲིན་ལང་ལོང་མཁའ་རུ་འཁྲིགས་པའི་དབྱར་དུས་ཞིག །
ཆར་འཇམ་པོས་ས་གཞི་བརླན་པའི་ཞོགས་པ་དེར།།
རླུང་གཙང་མ་ཁ་གང་བརྔུབས་ནས་རྒྱང་ལ་བལྟས།།
ཕྱི་འཁོར་ཡུག་ལྟ་ན་སྡུག་པ་མིག་གི་ཡུལ།།

ལུས་ཚོར་བ་བདེ་བས་བཏེགས་པའི་ཉམས་ཤིག་ཤར།།
དགའ་ཡ་ལེ་སྤྲོ་བས་ཟིན་པའི་འཛུམ་དང་ལྷན།།
ལག་སོར་རྩེ་རང་བྱུང་འགུལ་བའི་རི་མོ་ཞིག །
ངས་ཕ་སྐད་དབྱངས་གསལ་སོ་བཞིའི་མགུལ་དུ་འདོགས།།

གནམ་མ་གཏོགས་ངོ་ཤེས་མེད་པའི་ས་མཐའ་ན།།
དགུང་ཉི་མ་ཨ་ཕ་ལས་ལྷག་བཀའ་དྲིན་ཡོད།།
ས་མ་གཏོགས་འདྲིས་རྒྱུས་མེད་པའི་ལྷོ་མཐའ་རུ།།
དྲོ་ཉི་འོད་ཨ་མ་ལས་ལྷག་བྱམས་བརྩེ་ཡོད།།

གྲོགས་དམར་སེར་འདུས་པས་གང་བའི་སློབ་གླིང་ནི།།
ཆོས་བདེན་བཞིའི་གནས་ལུགས་འཁྱིལ་བའི་རྒྱ་མཚོ་ཡིན།།
ནམ་ཉིན་མཚན་བར་མེད་བརྩོན་པའི་སྐྱ་བ་དེ།།
དུས་གཏན་བདེའི་ནོར་བུ་ལེན་བྱེད་ཅི་ལ་མིན།།

ཡུལ་ཤེས་བྱའི་རྒྱ་མཚོར་འཇུག་པའི་སློབ་བུ་བཟང་།།
བློ་རིག་པ་རྒྱ་མཚོའི་རླབས་ཀྱི་གཉེར་མ་ཡིན།།
བྱམས་སྙིང་རྗེའི་ཆུ་བོས་འཁྱུད་པའི་དགེ་རྒན་དེ།།
ཚེ་འདི་ཕྱིའི་གཏན་གྱི་དེད་དཔོན་ཅི་ལ་མིན།།

ཕྱི་ཚིག་སྦྱོར་འདབ་མ་སྟོང་གི་བང་རིམ་མཛེས།།
བློ་གསལ་བ་བུང་བ་བགྲོད་པའི་ཐེམ་སྐས་ཡིན།།
ནང་གཞུང་དོན་ཟེའུ་འབྲུ་འབུམ་གྱིས་དངར་བ་དེ།།
འབུ་རྐང་དྲུག་སྦྲང་མའི་སྙིང་བཅུད་ཅི་ལ་མིན།།

གཞུང་པོ་ཏི་ལྷ་ལམ་ཡངས་པོའི་རྗེས་འགྲོ་དེར།།
ཡིད་སོམ་ཉིའི་སྨུག་སྤྲིན་ལང་ལོང་མཁའ་རུ་འཁྲིགས།།
ལུང་རིགས་པ་དབྱར་སྐྱེས་དབང་པོའི་སྐད་དང་འགྲོགས།།
བློ་ཚད་མའི་སྦྲང་ཆར་མི་འབབ་རང་དབང་ཅི།།

ཚུལ་གསུམ་གྱི་རིགས་པའི་གཏན་ཚིགས་རྣོན་པོ་དེ།།
བུ་རྒོད་པོས་གནས་ལུགས་འབྱེད་པའི་སྡེ་མིག་ཡིན།།
ཆོས་རྟགས་གསལ་མ་འདྲེས་འབྱེད་པའི་ཁ་ལྕེ་དེ།།
བུ་ངར་མས་རྩོད་པའི་གློག་ཞགས་ཅི་ལ་མིན།།

ཕྱི་སྣང་བ་འཇའ་ཚོན་སྣ་ལྔའི་རི་མོ་འདྲ།།
ནང་སྟོང་པ་རྟོགས་པས་བཏགས་ཙམ་སྒྱུ་མ་ཡིན།།
དོན་དངོས་པོའི་གཤིས་ལུགས་དཔྱོད་པའི་རིགས་པ་དེ།།
གཞི་བདེན་གཉིས་སྣང་སྟོང་ཟུང་འཇུག་ཅི་ལ་མིན།།

༢༠༡༧—༧—༢༠

Related Articles