ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་ཕུལ་བ།

འབྲི་རུ་ལམ་བཟང་།

ལོ་བཅུ་ཕྲག་ཉི་ཤུ་ཡི་ཡར་སྔོན་དུ།།
རྗེ་མི་ལ་འདྲ་བའི་གྲུབ་ཆེན་ཞིག།
ཤ་རུས་པ་བྲག་རྩི་འགོས་པ་ཞིག།
འཕྱོར་ཁ་དོག་སྔོ་གམ་ཆགས་པ་ཞིག།

མགོའི་རལ་པ་རླུང་གིས་གཡོ་བ་ཞིག།
མགུར་སང་སང་ལམ་ནས་ལེན་པ་ཞིག།
གོས་ན་བུན་ལུས་ལ་གྱོན་པ་ཞིག།
ས་མདོ་སྨད་རེབ་གོང་ཡུལ་ནས་ཡོང་།།

ལ་ལུང་པ་གྱེན་དང་ཐུར་གྱིས་བརྒལ།།
ཆུ་གྲམ་པ་གསེག་དང་འཕྲད་ཀྱིས་བཅད།།
ཐང་སྐྱ་མོ་དལ་དང་ལྷོད་ཀྱིས་གཤགས།།
དཔོན་བསོན་ནམས་ཅན་ལས་སློང་གིན་ཡོང་།།

དབུལ་མུ་གེས་མནར་ལ་སྟེར་གྱིན་ཡོང་།།
ཇག་ཆོམ་རྐུན་དགེ་ལ་འགོད་ཀྱིན་ཡོང་།།
ཡོང་ཡོང་བས་ཉི་མ་ལྷ་ས་འབྱོར།།
ལྷ་ཇོ་བོའི་མདུན་དུ་མཆོད་མེ་ཕུལ།།

དྲིན་ཨ་མའི་ཕྱི་ལམ་གསལ་བར་སྨོན།།
མགོན་རྒྱལ་བའི་གསེར་ཞལ་དད་པས་མཇལ།།
དགོན་བསམ་ཡས་ལ་སོགས་གནས་འབྲེལ་བཞག།
རྐང་འཁོར་ལོས་ཙཱ་རི་གངས་སོགས་བསྐོར།།

མཚམས་སྒྲུབ་པ་ལོ་ཟླ་ཞག་དུས་བསྡད།།
སྡེ་སྐྱ་སེར་འདི་ཕྱིའི་ལམ་བུ་སྟོན།།
གློ་ཆུ་མིག་བརྒྱ་རྩ་གཡས་གཡོན་བཞག།
ཡུལ་བལ་པོའི་མཆོད་རྟེན་རྣམ་གཉིས་མཇལ།།

དཔོན་གོར་ཁའི་བཀའ་བཟང་འཁོར་བ་ལས།།
གསེར་སེར་པོས་བཅུ་གསུམ་འཁོར་ལོ་བརྒྱན།།
འབྲོག་ལ་ཕྱི་གངས་ཀྱི་ར་བར་སོང་།།
རྗེ་མི་ལ་རས་པའི་རྣམ་ཐར་བསྐྱངས།།

ཉམས་རྟོགས་པའི་མགུར་དབྱངས་ལྷངས་སེ་ལྷང་།།
ཡེ་གདོད་མའི་བྱ་ལམ་གོང་མ་རུ།།
ལམ་རིམ་གྱི་རྟ་ཕོ་བཞོན་བཞིན་དུ།།
ཕྱག་རྫོགས་ཀྱི་གཤོག་པ་གཡོབ་ཀྱིན་འཕུར།།

ཉོན་མོངས་པའི་དགྲ་དཔུང་ཆམ་ལ་ཕབ།།
ཁྱེད་ས་ཐོག་གི་སངས་རྒྱས་གསོན་པོ་འདྲ།།
སྡིག་ཤན་པ་ཚོས་ལག་གི་བཤས་གྲི་ཤོར།།
ལམ་ཇག་པ་རྣམས་སྔར་འགྱོད་ཕྱིས་སྡོམ་བྱས།།

ས་ནག་པོར་ཆོས་ཀྱིས་དཀར་བར་བྱས།།
ཁྱེད་སྔགས་པ་དང་འདྲ་ལ་སྔགས་པ་ཡིན།།
དབུའི་རལ་ལོ་རེ་དུག་ལྔའི་ལྕག་ཚན་ཡིན།།
རྩ་རླུང་དང་ཐིག་ལེ་ནི་རང་དབང་ཡོད།།

ཁྱེད་བཙུན་པ་དང་འདྲ་ལ་བཙུན་པ་ཡིན།།
གོས་ངུར་སྨྲིག་དེ་འཁོར་བའི་ཡོལ་གོ་ཡིན།།
ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡི་ལྕགས་རི་བརྟན།།
ལམ་ལུགས་སྲོལ་ཞིག་གང་བརྒྱུད་མ་བལྟས་པར།།

ཆོས་རྩ་ཆེན་ནི་གྲངས་མེད་ཐུགས་ལ་མནོས།།
ཕྱོགས་ཤར་ནུབ་ནི་གང་ལ་མ་གཟིགས་པར།།
དགོན་རི་ཁྲོད་ནི་དུ་མ་ཕྱག་ཏུ་བཏབ།།
ཞྭ་དམར་སེར་གྱི་ཁ་དོག་མ་དྲན་པར།།

རྗེ་བླ་མ་ཀུན་ཞབས་རྡུལ་སྤྱི་བོར་བླངས།།
ལམ་རིང་ཐུང་གི་འགྲོ་ཡུན་མ་འཛེམས་པར།།
གནས་ངེས་མེད་དུ་རྩེ་བསྐོར་མཐའ་བསྐོར་བརྒྱབ།།
གསེར་རྡོག་པོ་དང་རྡོག་པོར་ཆགས་མྱོང་མེད། 

ཞིང་ཆུ་མ་དང་ཆུ་མར་ཞེན་མྱོང་མེད།།
སྨན་མཛེས་མ་དང་འཕྱོར་མས་བསླུ་མྱོང་མེད།། 
མགོན་བླ་མ་ཡི་གདམས་ངག་སྙིང་ལ་བཅངས།།
གཉེན་ཉེ་འདུ་ཀུན་དོར་ཏེ་དམ་ཆོས་བསྒྲུབ།།

ཚེ་སྒྲུབ་པ་དང་མཉམ་པའི་གྲུབ་ཐོབ་ཁྱེད།།
ལུས་རི་མགོ་རུ་ཟད་པའི་རི་པ་ཁྱེད།།
ཁྱེད་དངོས་མཇལ་ཞིག་དུས་ཀྱིས་བསྐལ་ན་ཡང་།།
ལས་སྨོན་ལམ་གྱིས་རྣམ་ཐར་གསེབ་ནས་མཇལ།།

དུས་དེང་སང་གི་དུས་ངན་སྙིགས་མ་རུ།།
རྟགས་ཙམ་གྱི་བསྟན་པ་ཡི་མར་ཁུག་ན།།
ཉོན་མོངས་པ་ཡི་འདུ་ལོང་རྒོད་ས་འདིར།།
དམར་སེར་སེར་གྱི་ཁ་དོག་བཙན་ན་ཡང་།།

ཁྱེད་སྤུ་རྐང་གཅིག་དོ་མཁན་དཀོན་དཀོན་རེད།།
ཞིང་གང་ཞིག་ཏུ་བཞུགས་མིན་མ་ཤེས་ཀྱང་།།
ས་འདི་ཐོག་གི་བདག་འདྲའི་ས་འབུའི་ཚོགས།།
ཐུགས་བརྩེ་བ་ཡིས་མ་འདོར་བླ་མ་མཁྱེན།།

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་ཞིག་བཀླགས་རྗེས་མཐོང་ཐོས་མྱོང་གསུམ་འགའ་ཚིགས་སུ་བཅད་པ།

Related Articles