མི་ཡུལ་འདི་ན་བུ་ཞིག་དགོས།

ལམ་བཟང་པོས།

ཅི་ཙམ་ཐོས་ཀྱང་ངོམ་པ་མེད་པའི་དབྱངས་ཀྱི་རྒྱ་མཚོའི་མ་མ་གཅིག།
མུན་པའི་ཁམས་སུ་ཤེས་རབ་འོད་ཀྱི་སྒྲོན་མེ་སྦར་བའི་དཔལ་འབར་ཆེ།།
ཟུར་ཕུད་ལྔ་པའི་བདག་མོར་གྲགས་པ་མཚུངས་མེད་མངའ་བའི་ལང་ཚོ་ཅན།།
ཚངས་པའི་སྲས་མོ་ངག་གི་ལྷ་མོ་འདིར་ཕེབས་རོགས་ཤིག་གནང་དང་ཀྱེ།།

གདོད་མ་སྔོན་མའི་གཏམ་རྒྱུད་དེད་ན་བདག་གིས་མཐའ་རུ་མི་མངོན་ཞིང་།། 
སངས་རྒྱས་བྱང་སེམས་རྣམ་ཐར་སྔོགས་ན་ཇི་བཞིན་རྗོད་པའི་སྤོབས་པ་བྲལ།།
 འགའ་ཞིག་ལྷ་སྒྲུང་འདྲེ་སྒྲུང་དགའ་ཡང་བདག་ནི་མི་ཡི་ཚུལ་ལྟར་མོས།།
 གང་ཞིག་ཆུ་བུར་མིག་གིས་ཟིན་པའི་དཔྱོད་ལྡན་གཞོན་ནུ་གླེང་རྒྱུ་ཡིན།།

མི་ཡུལ་འདི་ན་བུ་ཞིག་ཡོད་དགོས་ཁྱེད་ནི་གངས་ཅན་བུ་ཡི་ཏོག།། 
འབྲོང་གཡག་དར་མའི་སྙིང་སྟོབས་ལྡན་ཞིང་སྤུ་རྒྱལ་བཙན་པོའི་ཁྲག་རྒྱུན་གདའ།། 
སྲོང་བཙན་སྒམ་པོའི་གཟི་བརྗིད་མངོན་ཞིང་སྟོང་བཙན་ཡུལ་ཟུང་བློ་རིག་བཀྲ།།
དུས་རབས་འདི་ཡི་ཁ་ལོ་བ་ནི་ཁྱེད་འདྲའི་དཔྱོད་ལྡན་མི་ཞིག་དགོས།། 

ཉི་འོད་གྲོང་གི་ཤར་དུ་ཕྱོགས་ན་དགེ་བཅུ་ཚང་བའི་ས་གཞི་རུ།།
ལྷ་ཐོག་རྒྱལ་པོའི་ལྷ་འབངས་གཏོགས་པར་སྤྱན་གྱི་ཁེབ་མ་དང་པོ་ཕྱེས།།
གོང་མའི་རྟགས་མཚན་དཔྲལ་བའི་ཤར་ཚེ་ཕྱི་ནང་འགྲུལ་བ་འཚང་ཁ་རྒོད།།
དམར་པོའི་བྱི་རིལ་བསླུ་བྲིད་མ་ཐེབས་འཕགས་ཡུལ་པཎ་གྲུབ་འབྱུང་གནས་རྟོལ།།

ངུར་སྨྲིག་མདངས་ལ་ཚུལ་ཁྲིམས་དྲི་བཟང་ལྔ་རིག་རླུང་གིས་རྒྱང་ནས་ཁུར།།
དད་ལྡན་མི་ཡིས་མཇལ་ཙམ་ཐོས་ཙམ་དད་པའི་སྤུ་ལོང་ཡོམ་ཡོམ་གཡོ།། 
མཁས་བཙུན་བཟང་པོའི་མཚན་གྱི་སྙན་པས་གོ་ལ་ཧྲིལ་པོར་སྐེ་རགས་བཅིངས།། 
ཞེ་ནག་དགྲ་ཡིས་གོ་ཙམ་རིག་ཙམ་སྙིང་ཆུང་གས་གྲུམ་ཤིག་ཤིག་འགྱུར།། 

ཁྱེད་ཉིད་ཡར་མར་ཕེབས་པའི་ཤུལ་གྱི་ཐལ་རྡུལ་ས་རུ་མ་ལྷུང་སྔོན།། 
འགའ་ཞིག་དད་པའི་ལག་གིས་བཅུས་ཏེ་བྲང་ལ་ཤུགས་ཀྱིས་སྦྱོར་བར་བྱེད།། 
སྐར་ཆེན་འདྲ་བའི་སྤྱན་ཟུང་དེ་ཡིས་གཟིགས་ཙམ་རེ་མཁན་ཁྲི་མ་འབུམ།། 
གཡུ་འབྲུག་གྲག་འདྲའི་གསུང་རེ་ཐོས་ཕྱིར་ཁ་ཤས་བསོད་ནམས་ཚེ་གང་གསོག།

གླིང་འདིར་གྲགས་པའི་མཐོ་སློབ་གང་ཆེའི་ཐེམ་པ་མཐོན་པོ་ཁྱེད་ཀྱིས་བརྒལ།། 
བཀའ་སློབ་གསེར་གྱི་ཕྱེ་འབྲུ་རེ་རེས་མགོ་སེར་ཡིད་ཀྱི་བརྟན་པ་འཕྲོག།། 
གོ་ལ་རྒས་དུས་བཀའ་དྲིན་དྲན་མཁན་གཞོན་ནུ་ཡ་རབས་ཁྱེད་ཡིན་པས།། 
ང་ཆེ་ང་བཙན་མཚན་བྱང་བཅིངས་པའི་སྣ་ཚོགས་མཁས་དགུས་མགོ་བོ་འདུད།།

གངས་ཅན་མགོན་པོ་སྐུ་ན་བགྲེས་དུས་ཕྱག་གིས་ཁེན་སའི་འཁར་བ་ཞིག།། 
རྒྱལ་བསྟན་དཀར་མེ་གཟིམས་ལ་ཉེ་དུས་ལྷག་བསམ་མར་ཁུས་གསོ་བ་པོ།། 
ཁ་བའི་རིག་གཞུང་མུན་པས་འཐུམ་ཚེ་དུས་ཐོག་འབར་བའི་སྒྲོན་མེ་ཉིད།། 
ཕྲག་དོག་ཁྲག་གི་གཡུལ་འཁྲུག་རྒོད་དུས་ཁྱེད་ནི་ཞི་བའི་དེད་དཔོན་ལགས།།

སྙན་ངག་བརྩམས་ན་སྙན་པ་དཔེ་མེད་ངག་གི་དཔལ་མོ་རང་གྲུབ་འདྲ།།
རི་མོ་བྲིས་ན་རི་མོ་རང་ཤར་སྤིར་གྱི་བདག་པོ་ཁྱེད་ཉིད་འདྲ།།
ལོ་ཙཱ་བྱས་ན་ལོ་ཙཱ་དག་མ་ཀ་ཅོག་ཞང་གསུམ་དངོས་ཕེབས་འདྲ།།
མདོར་ན་མདོ་སྔགས་རིག་གནས་ཀུན་མཁས་མི་རབས་གསར་པའི་ཉི་གཞོན་ཞིག།

ཁྱེད་ཉིད་ཡོད་པས་སྐྱེས་ཆེན་གོང་མ་ཞིང་ཁམས་གང་ཞིག་ཐུགས་སོ་ལྷོད།།
 ཁྱེད་ཉིད་ཡོད་པས་མེས་པོ་དམ་པ་འདས་པའི་ས་རུ་བློ་ཡིད་བདེ།།
ཁྱེད་ཉིད་ཡོད་པས་གདོང་དམར་བ་རྣམས་ཡུལ་གྲུ་གང་སར་སྤོབས་པ་མཐོ།། 
ཁྱེད་ཉིད་ཡོད་པས་རྒས་འཁོགས་ཚོ་ཡང་ནང་དགོང་སྨོན་ལམ་རྒྱག་ས་ཡོད།།

གནའ་མི་འགའ་རེས་གཟེར་མིག་རྒྱག་དུས་རྒྱལ་བས་གཟིགས་ཤིག་ཀརྨ་པ།། 
དེང་གི་རྫི་བོས་སྤྱང་ཀི་མཐོང་དུས་ཐུགས་རྗེས་སྐྱོབ་ཅིག་ཀརྨ་པ།། 
རེ་འགས་རྐྱེན་ངན་གོས་ཆག་འབྱུང་དུས་བརྩེ་བས་སྐྱོང་མཛོད་ཀརྨ་པ།།
ཁ་ཤས་ཚེ་ཡི་མཐའ་ཅན་བྱེད་དུས་ཕྱི་མའི་ལམ་སེལ་ཀརྨ་པ།།

ཀརྨ་པ་ཡི་གསོལ་འདེབས་སྨོན་ལམ་སྐྱ་སེར་ཟུང་གི་ངག་ན་ཡོད།། 
ཀརྨ་པ་ཡི་མཚན་གྱི་རྡོ་ལེབ་རི་ལུང་ས་མཐའང་གང་སར་ཡོད།།
ཀརྨ་པ་ཡི་སྐུ་གསུང་ཐུགས་གསུམ་ཤི་གསོན་གཉིས་ཀའི་སེམས་ན་ཡོད།། 
ལྷག་ཏུ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་འཛམ་གླིང་མི་ཡི་གཙུག་ན་ཡོད།།

ཀུན་ཕན་སྨན་མཆོག་ཐུབ་པའི་རིང་ལུགས་མི་ཉམས་གླིང་འདིར་གསོན་པའི་ཕྱིར།།
ལྷ་ཞིག་ཡིན་ན་ལྷ་ཡི་ནང་ནས་ཁྱེད་ཉིད་སྐུ་ཚེ་རིང་བར་ཤོག།།
ཕྱི་ནང་དངོས་ཀུན་ཆག་འཇིག་བྲལ་ནས་མ་བཅོས་མཛེས་སྡུག་མཐོང་བའི་སླད།། 
མི་ཞིག་ཡིན་ན་མི་ཡི་ཁྲོད་ནས་ཁྱེད་ཉིད་ལོ་བརྒྱ་སྟོང་བརྒྱར་ཤོག།།

འཆར་ལ་ཉེ་བའི་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སྐུའི་འཁྲུངས་སྐར་ལ་དམིགས་ཏེ། གང་གི་མཛད་པ་སོགས་སོ་སྐྱེ་མི་ཡིས་མཐོང་ཚུལ་ལྟར་འབྲི་རུ་བ་ལམ་བཟང་པོས་༢༠༡༧ ༦ ༡༠ ལ་ཕུལ་

Related Articles