ཐུག་གླུ།

ལམ་བཟང་པོས།

རི་མཐོན་པོ་ཁ་བའི་ལྭ་ཐོད་ཅན།།
དེ་མཐོང་དུས་ཕ་ཡུལ་ཡང་ཡང་དྲན།།
ཡུལ་དྲན་བཞིན་རྒྱང་རིང་ཕྱོགས་སུ་ལྟ།།
སེམས་འཕྲེང་བའི་གླུ་སྐད་ཐོལ་གྱིས་ཤོར།།

སྡེ་ཁྲ་མོ་སྐར་ཚོགས་བཀྲམ་འདྲ་བོ།།
དེ་མཐོང་དུས་ཉི་འོད་གྲོང་ཁྱེར་དྲན།།
གྲོང་དྲན་བཞིན་མ་གིའི་ཕྱོགས་སུ་ལྟ།།
ཞེ་སྨྲེང་བའི་གླུ་སྐད་ཀྱུར་ཀྱུར་ཤོར།།

དགོན་སེར་བོ་གསེར་གྱི་རྒྱ་ཕེབས་ཅན།།
དེ་མཐོང་དུས་བླ་མ་དམ་པ་དྲན།།
རྗེ་དྲན་བཞིན་དབུགས་རིང་མཁའ་ལ་སྤུར།།
ཡིད་སྐྱོ་བའི་སྐྱོ་གླུ་ཤུར་གྱིས་ཤོར།།

དགོང་འཐེན་ཐུག་སྔོ་ཚལ་སྣོན་མ་ཅན།།
དེ་མཐོང་དུས་ཨ་མའི་ལག་ཟས་དྲན།།
མ་དྲན་བཞིན་མིག་ཆུ་ཐར་ཐར་འཐོར།།
ཁོག་གྲང་བའི་འཁྱག་གླུ་སིབ་སིབ་འབབ།།

ལོ་ན་ཚོད་ཆུ་རིས་བཞིན་དུ་གཉེར།།
གཟུགས་ལང་ཚོ་མི་ཡུལ་ཉི་མས་འགམ།།
དྲིན་ཕ་མའི་དབུ་ལོ་ཉིན་རེར་དཀར།།
དེ་བསམས་ན་ས་མཐའི་སེམས་པ་སྡུག།

གནའ་བོའི་མགུར་དབྱངས་འབྲི་ཐབས་བཀོལ་ཏེ་དགོང་ཟས་འཐེན་ཐུག་ཅིག་འཐུང་ཞོར་དག་སྡེབ་ལ་བློ་མ་གཏད་པར་ཐད་ཀར་བཏགས།

Related Articles