སྙན་ངག་ལ་བལྟས་པ།

ནགས་གཡག

སྙན་ངག་ཡ་སྙན་ངག་ངའི་དགའ་ས་དང་དུང་ས་སྐབས་རེ་ནི་ཚོར་བའི་གཟུགས་བརྙན་དྭངས་མ་ཞིག་དང་ལན་རེ་ཚོར་བ་ལ་ཕུལ་བའི་སིལ་ཏོག་ཞིམ་པོ་ཞིག་ད་དུང་སྐབས་རེ་ནི་སྒྲིབ་ཤིང་ཞིག་གི་ཚུལ་གྱིས་གསང་བ་རྣམས་དབྱིངས་སུ་སྟིམ་པར་བྱེད་ཀྱང་ལན་རེ་གསང་བ་གཏོར་བའི་དམར་རྗེན་གྱི་ཕུང་པོ་ཞིག་ད་དུང་སྐབས་རེ་སེམས་པ་རྒྱ་ཡན་དུ་གཏོང་བའི་བདག་པོ་ཡིན་ཀྱང་ལན་རེ་གཞན་སེམས་དབང་མེད་དུ་བསྡུ་བའི་མཐུ་ལྡན་ཞིག་ད་དུང་ སྐབས་རེ་གུ་ཡངས་ཀྱི་རི་ལུང་ཐང་གསུམ་ཡིན་ཀྱང་ལན་རེ་མི་ལྕོག་པའི་སེམས་ཚོར་དྲག་པོའི་ཁུར་པོ་ལྕི་མོ་ཞིག་སྙན་ངག་ཡ་སྙན་ངག་ངའི་དགའ་ས་དང་དུང་ས་མདོར་ན་ངས་ཁྱོད་ལ་སེམས་པའི་གཟུགས་བརྙན་ཏེ་དམར་རྗེན་བ་ཞིག་ལྟ་བཞིན་ཡོད།

༢༠༡༣/༡༡/༠༢ མཚན་མོར།

ལུག་ལ་བཞུས་པའི་གསེར།

ནགས་གཡག

ལྷོ་གླིང་ཟླུམ་པོ་དེའི་གྲུ་ཁུག་ཅིག་ན། རང་ཉིད་ཡ་རབས་ཤིག་དང་ཉམ་ཆུང་ཞིག་ཡིན་པར་སྙམ་པའི་རིགས་རྒྱུད་ཅིག །གསེར་ལ་གསེར་དུ་མཐོང་བའི་མིག་གིས་སྟོང་དེར་བརྟེན་ཕ་ཚེ་ནས་བུ་རབས་བརྒྱུད་དེ། སོ་སོས་རྙེད་པའི་གསེར་དེ་དག །རྡོ་རུ་བྱས་ནས་ལུག་ལ་བཞུས་མྱོང་ལ། ལོ་ཆུང་དུས་མེ་ཏོག་ཏུ་བྱས་ནས་འགོག་མྱོང་། མ་ཟད་རྫི་གླུ་དང་གཞས་ཤགས་སོགས་བྱས་ནས། བཏང་མ་མྱོང་མཁན་སུ་ཞིག་ཡོད། ད་དུང་ལོ་ཆུང་དུས་ཟེར་ཞིང་། དེ་དག་ནི་ཚེ་གཅིག་གི་བདེ་སྐྱིད་ཀྱང་ཡིན་པར་འདོད་དེ་ལྟ་བུའི་ཡ་རབས་ཀླད་མེད་ཅིག་དང་། ཉམ་ཆུང་ལྐུགས་པ་ཞིག་གིས་ སོ་སོར་དབང་བའི་གསེར་ཡོད་ཚད། སོ་སོའི་ལག་པར་ས་རོ་བེད་མེད་ཅིག་ཏུ་གྱུར་པས། ཡར་ཐོན་གྱི་ཐག་སྣེ་ཤོར་ད་དུང་མེ་མདའ་མང་ས་ནས་མག་པ་བསུས་ཤིང་། ནོར་ལུགས་མང་ས་ན་མནའ་མ་བཏང་སྟེ། སྲོལ་ངན་གྱི་ནད་ཡམས་དེས། ཆིག་སྒྲིལ་རྩ་གཏོར་བཏང་ནས་སྟོབས་ཤུགས་བརླགས། ནང་དམེ་བསླངས་ནས་ནང་མི་ལ་ཡིད་ཆེས་བོར་བ་སྟེ། ཉམ་གུད་ཀྱི་དོང་ཁ་ན་འཁྱར་འཁྱོར་དུ་འཚོ་དུས། གནོད་སེམས་ཅན་པོའི་ཧུ་ཕུ་ཞིག་གིས་དོང་དུ་གཡུགས་དོང་ཞབས་དེ་ན། དབུགས་གཏོང་ལེན་མི་ཐུབ་པས། ད་གཟོད་གཞི་ནས་གསེར་ལུག་ལ་བཞུས་པ་དེ་ཚོར། འོན་ཀྱང་རླུང་གིས་མི་བཟིན་པའི་རྗེས་དེ་འགྱོད་པའི་ཡིན་དུས། ང་དང་ང་ཅག་གི་ཡ་ཆུང་ན་རྫོགས་རྒྱུ་མེད་པ་དེ། ཁྲུམ་ཁྲུམ་དུ་བཞུར་བའི་མིག་ཆུ་ཁོ་ན།

༢༠༡༣/༡༡/༠༢ ཀྱི་མཚན་མོར།