སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་།

འབྲི་རུ་དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད།

སྣོད་བཅུད་བཟང་ངན་བདེ་འགྲོ་ངན་འགྲོ་དང་། །
བདེ་སྡུག་ཆེ་ཆུང་གཙང་དང་མི་གཙང་དང་། །
སྤྱོད་བཟང་སྤྱོད་ངན་ཤེས་ལྡན་ཤེས་མེད་དང་། །
ཡ་རབ་མ་རབ་ཁྲེལ་ཡོད་ཁྲེལ་མེད་སོགས། །

མདོར་ན་ས་ཆེན་འདི་ལ་ཡོད་ཚད་ཀུན། །
བྱེད་པོ་སེམས་ཁམས་རྣམ་པར་རིག་པ་འདི། །
རྒྱུ་དང་ངོ་བོ་བྱེད་ལས་འདུལ་ཐབས་སོགས། །
ཇི་བཞིན་སྟོན་པའི་རྣམ་འདྲེན་བཞི་པར་འདུད། །

མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །བདག་གིས་སྨོན་ལམ་འདི་བཏབ་པས། །དེ་དང་འདྲ་བའི་འབྲས་བུ་ཐོབ། །ཞེས་གསུངས། སེམས་འདི་ནི་ཤིན་ཏུ་གལ་ཆེ་སྟེ། སྲོག་ལྡན་གྱི་འགྲོ་བ་ཀུན་གྱི་བདེ་སྡུག་གཙོ་བོར་སེམས་ལ་རག་ལས་པ་ནི། སྡུག་བསྔལ་སེལ་བྱེད་སེམས། བདེ་བ་སྒྲུབ་བྱེད་ཀྱང་སེམས། འདོད་བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་ཡང་སེམས་ཀྱིས་བསྒྲུབ་དགོས་ལ། མནར་མེད་ཀྱི་སྡུག་བསྔལ་གྱིས་མཚོན་པའི་སྡུག་བསྔལ་དྲག་ཅིང་རྩུབ་པ་ཐམས་ཅད་ཀྱང་སེམས་ལ་རག་ལུས་པས་སེམས་ཀྱི་རང་བཞིན་ལ་བརྟགས་ནས་སེམས་འདུལ་བའི་རིགས་ལམ་ལ་སྦྱང་བརྩོན་གནང་ནས་སེམས་ཁམས་རིག་པའི་རྣམ་གཞག་ལ་བརྟེན་ནས་སེམས་ཀྱིས་སེམས་འདུལ་བའི་རིག་གཞུང་འགྲན་ཟླ་བྲལ་བ་འདི། སངས་རྒྱས་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ནས། ཆགས་སྡང་རྨོངས་གསུམ་གྱིས་མཚོན་པའི་སེམས་ངན་རྣམས་ཀྱི་གཉེན་པོ་མ་ཆགས་མ་སྡང་གཏི་མུག་མེད་པའི་བློ་དང་། ངོ་ཚ་ཁྲེལ་མེད་ཁྱད་གསོད་སོགས་ཀྱི་གཉེན་པོ་ངོ་ཚ་ཁྲེལ་ཡོད་དང་དད་གུས་སོགས་དང་། རང་གཅེས་འཛིན་དང་གཞན་ཡལ་བར་དོར་བ་སོགས་ཕྱིན་ཅི་ལོག་གི་བློ་ཐམས་ཅད་གྱི་གཉེན་པོར་གཞན་གཅེས་འཛིན་སོགས་བློ་ཕྱིན་ཅི་མ་ལོག་པ་རྣམས་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་། ཁྱད་པར་དུ་ཕྱིན་ཅི་ལོག་གི་བློ་ཐམས་ཅད་ལྡོག་བྱེད་ནད་བརྒྱ་སྨན་གཅིག་ལྟ་བུ་རྟེན་འབྱུང་རང་བཞིན་མེད་པར་རྟོགས་པའི་མཐའ་བྲལ་དབུ་མའི་ལྟ་བ་ཆེན་མོ་དང་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་གཞི་རྩ་མཐར་ཐུག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སོགས་རང་རྒྱུད་ལ་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད་པའི་ཐབས། སྐྱེས་ཟིན་གོང་འཕེལ་དུ་གཏོང་བ་སོགས་ཀྱི་ཐབས་ལམ་ཆ་ཚང་ལ་མ་ནོར་བ། ང་ཚོ་ལྟ་བུ་ལས་དང་པོ་བ་འཆིང་བ་ཀུན་ལྡན་བསམ་རྒྱུ་ཉོན་མོངས་དང་། བྱེད་རྒྱུ་སྡིག་པ་ལས་མེད་པའི་སོ་སྐྱེ་ཞིག་དང་པོར་ཚེ་འདིའི་ཞེན་ཆགས་ལྡོག་པའི་ཐབས། དལ་འབྱོར་དོན་ཆེན་རྙེད་དཀའ་འཆི་བ་མི་རྟག་པ་སོགས་ལ་བློ་སྦྱོང་ཚུལ། དེ་ནས་འཁོར་བ་སྤྱིའི་ཉེས་དམིགས་སྡུག་བསྔལ་སྤྱི་དང་ཁྱད་པར་འདུས་བྱས་ཀྱི་སྡུག་བསྔལ་གྱི་གནས་ཚུལ་མཐོང་ནས་འཁོར་བ་ལས་ཐར་འདོད་ཀྱིས་བདེན་བཞིའི་འཇུག་ལྡོག་དང་ལས་འབྲས་ལ་རིམ་པར་བློ་སྦྱོང་ཚུལ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་པའི་མར་ཤེས་ནས་སེམས་བསྐྱེད་བར་གཞན་དོན་དོན་གཉེར་གྱི་སེམས་དང་བྱང་ཆུབ་དོན་གཉེར་ཀྱི་སེམས་སྦྱོང་ཚུལ། དེ་ནས་རང་ཉིད་འཇིགས་པ་མཐའ་དག་ལས་སྒྲོལ་བྱེད་ཆོས་རྣམས་ཀྱི་ཡིན་ལུགས་རྟེན་འབྱུང་རྟག་ཆད་ཀྱི་མཐའ་མཐའ་དག་དང་བྲལ་བ། སྟོན་པའི་རང་ལུགས་ཀྱི་ལྟ་བ་དཔལ་མགོན་ཀླུ་སྒྲུབ་ཀྱིས་གཏན་ལ་ཕབ་པ་དེ་ཉིད་ལ་བློ་སྦྱོང་ཚུལ་སོགས། མདོར་ན་རང་ཉིད་ཀྱིས་ནུས་ན་ཚེ་འདི་ཉིད་ལ་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཏུ་ཡོད་པའི་ཤཱཀྱ་སེངྒེའི་རིང་ལུགས་ཆེན་པོ་འདི་འཛམ་བུའི་གླིང་འདིར་ཇི་སྲིད་གནས་པ་ན། དེ་སྲིད་དུ་སེམས་ཅན་གྱི་བདེ་སྐྱིད་མཐར་ཐུག་སྒྲུབ་བྱེད་ཀྱི་ནོར་བུ་རིན་པོ་ཆེ་གནས་པ་ཡིན་ལ། འདི་ནམ་མཇུག་སྒྲིལ་བ་ན་སེམས་ཀྱི་བདེ་སྐྱིད་མཐར་ཐུག་སྒྲུབ་བྱེད་དེ་ཡང་མཇུག་སྒྲིལ་བ་ཡིན། དེའི་ཕྱིར་འཇིག་རྟེན་གྱི་དཔེ་ལ་རྟ་མགོས་བྲེ་གང་ཁྱི་མགོས་བྲེ་གང་ཞེས་པའི་དཔེ་ལྟར། ཆོས་ལུགས་ཐམས་ཅད་ལྟ་སྟངས་གཅིག་གྱུར་དང་། བྱེད་ལས་དང་དགོས་དམིགས་གཅིག་གྱུར་དུ་ལྟ་བ་དང་། དེ་ཡང་ལྷ་སྒྲུང་ལྟ་བུ་དང་། བཤད་ཡམས་ལྟ་བུ་མ་གཏོགས། མིའི་འཚོ་བའི་ནང་དང་ཁྱད་པར་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པ་ལ་དགོས་མཁོ་མེད་པར་ལྟ་བ་ནི། དཔྱད་པ་མེད་པའི་བམ་བཤད་ལྟ་བུ་ལས་དཔྱད་པ་གཏིང་ཟབ་གནང་བའི་སྐད་ཆ་ཞིག་མིན། བདག་ཅག་གི་སྟོན་པ་ནི་རིགས་པའི་རྗེས་འབྲང་དང་། རང་ཉིད་ཀྱིས་རྙེད་པའི་གོ་འཕང་མཆོག་ལ་འགྲོ་བ་མཐའ་དག་འགོད་པར་འདོད་པ། རང་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་པ། རང་གིས་གདུལ་བྱ་ལ་ཆོས་གསུང་སྐབས་ཕལ་ཆེ་བ་གདུལ་བྱ་དང་གྲོས་སྡུར་རམ་བགྲོ་གླེང་ཚུལ་དུ་གསུངས་པ། རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རང་གི་གསུང་ལ་བརྟགས་དཔྱད་གནང་ནས་རིགས་པའི་སྒྲུབ་བྱེད་མེད་པ་དང་། རང་ཚིག་འགལ་བ་དང་། ཐབས་ཐབས་བྱུང་མ་འབྲེལ་བ་རེད་འདུག་ན་རང་ཉིད་ཀྱི་བཀའ་ཡང་འདོར་བར་རིགས་པ་སོགས་ཀྱི་བཀའ་གནང་མཁན་སྟོན་པ་འདི་དང་། སྟོན་པར་ཁས་འཆེ་བ་མུ་སྟེགས་པའི་སྟོན་པ་བཅོ་བརྒྱད་སོགས་ལ་ལྟ་སྟངས་གཅིག་པ། སྟོན་པས་བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ། གདུལ་བྱའི་ཤེས་རྒྱུད་དྲི་མ་དང་བྲལ་བྱེད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངམ་ཆོས་འཁོར་རིམ་པ་གསུམ་གསུངས་པ་དང་། ཕྱི་རོལ་པའི་རིག་བྱེད་ཀྱི་བསྟན་བཅོས་སོགས་ལ་ལྟ་སྟངས་གཅིག་པ་འཛིན་པ་སོགས་ནི། གསེར་དང་རག་གི་རིན་ཐང་དང་། ནོར་བུ་དང་འཆིང་བུའི་རིན་ཐང་གི་ཁྱད་པར་མ་ཤེས་པ་ལྟར་རང་གིས་ནང་ཆོས་ལ་སློབ་སྦྱོང་གཏིང་ཟབ་མ་བྱས་པར། ཆོས་བྱེད་མི་སྣ་ཁ་ཤས་ཀྱི་བྱ་སྤྱོད་ངན་པ་ནང་ཆོས་ལ་ཁག་འགེལ་བ་དང་། ཡང་ཁ་ཤས་ཀྱིས་གདུལ་བྱའི་དབང་གིས་གསུངས་པའི་བཀའ་དང་བསྟན་བཅོས་ལ་དྲང་ངེས་གཉིས་ཡོད་པ་མ་ཤེས་པས་ལན་པ་དང་། ཡང་ཁ་ཤས་ནི་མདོ་དེ་དང་དེ་ལས་ལན་གཅིག་བཀླགས་པའི་ཕན་ཡོན་དེ་དང་དེ་གསུངས་པ་ལ་ཕན་ཡོན་དེ་འབྱུང་བ་ལ་ཆ་རྐྱེན་གང་དགོས་མ་ཤེས་པར་ཆགས་སྡང་གིས་ཀུན་ནས་བླངས་ནས་མདོ་དེ་ལན་གཅིག་གཉིས་བཀླགས་པའི་ཕན་ཡོན་དེ་ལྟར་མ་བྱུང་བའི་དབང་གིས་དང་། ཡང་ཁ་ཤས་ཀྱིས་སངས་རྒྱས་ཆོས་དེ་དགྲ་འདུལ་གཉེན་སྐྱོང་དང་ཚེ་འདིའི་རྐྱེན་སེལ་ལྟ་བུར་བསམ་ནས་ཆོས་ཚུལ་བཞིན་སྒྲུབ་མཁན་ཁྱིམ་ཚང་འགའ་ཤས་ལ་ཁ་ཆག་སྣ་རལ་བྱུང་སྐབས་ཆོས་ལ་ཡིད་ཆེས་བརླགས་པ་སོགས་ཐམས་ཅད་རང་ཉིད་ཀྱིས་ནང་ཆོས་སམ་ལུང་རྟོགས་ཀྱི་བསྟན་པ་ངོ་ལེགས་པར་མ་འཕྲོད་པས་ལན་པ་ལས་ཆོས་ལ་ནུས་པ་མེད་པས་མིན། དེས་ན་ཤིན་ཏུ་གལ་ཆེ་བ་གཟུགས་ཅན་ལས་འདས་པའི་སེམས་ཞེས་པ་ལུས་ངག་གི་བྱ་སྤྱོད་ཐམས་ཅད་ལ་བསྐུལ་མ་གཏོང་མཁན། ལུས་ངག་གི་འཕྲུལ་འཁོར་གྱི་ཁ་ལོ་བ་ལྟ་བུ་ཞིག་ཡོད་པ་སྒྲུབ་བྱེད་གང་ཞིག་ཡོད་ཅེ་ན། དང་པོ་བསྒྲུབ་བྱའི་སེམས་ཞེས་པ་དེ། ངོ་བོ་ཐོགས་བཅས་ལས་ལོག་པའི་ཐོགས་མེད། རྒྱུ་རྐྱེན་གྱིས་བཟང་ངན་བསྒྱུར་དུ་རུང་བའི་མི་རྟག་པ། སྲོག་ལྡན་ཀུན་ལ་ཁྱབ་པ། ཡུལ་རིག་པའི་གསལ་ཙམ་རིག་ཙམ་པའི་གསལ་ཞིང་རིག་པ། དེ་འདྲའི་ཁྱད་ཆོས་བཞི་ལྡན་ཞིག་གོ །དེ་ཡོད་པ་གང་གིས་འགྲུབ་ན་ལུང་དང་རིགས་པ་གཉིས་ལས། དང་པོ་ལུང་ནི་སྤྱིར་མཐའ་ཡས་པ་ཡོད་ཀྱང་འདིར་མཚོན་ཙམ་དྲངས་ན།
མདོ་ལང་གཤེགས་ལས། འདི་ལྟ་སྟེ། ཡིད་ནི་རི་དང་། རྩིག་པ་དང་། འབབ་ཆུ་དང་། ཤིང་ལ་སོགས་པ་ལ་ཐོགས་པ་མེད་པར་དཔག་ཚད་རྒྱ་སྟོང་དུ་མར་སྔོན་མཐོང་བ་དང་། མྱོང་བའི་ཡུལ་རྗེས་སུ་དྲན་ཞིང་། ཞེས་གསུངས།


ཡང་མདོ་ལས། དགེ་སློང་དག་ཡིད་ནི་མིང་གི་སྐྱེ་མཆེད་དེ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ། །ཞེས་དང་། ཞི་བ་འཚོའི་དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་དང་སྤྱོད་འཇུག་ལས། ཡིད་ནི་ལུས་ཅན་མ་ཡིན་པས། །ཞེས་སོགས་ཀྱིས་མཚོན་ལུང་དུ་མ་དང་། རིགས་པས་བསྒྲུབ་པ་ལ། སེམས་དེ་གཟུགས་ཅན་ཁས་བླངས་ན་གཟུགས་ཕྲ་རགས་གང་ཡིན་བརྟགས་ན་གནོད་ལ། ལུས་ཀྱི་ཕྱོགས་གཅིག་མགོ་ལྟ་བུ་ལ་གནས་པར་ཁས་བླངས་ན། མགོ་མེད་ཀྱི་སེམས་ལྡན་ཡོད་པས་གནོད་ལ། ལུས་ཡོངས་རྫོགས་ལ་ཁྱབ་པའི་གཟུགས་ཅན་ཁས་བླངས་ན། མཚོན་གྱིས་བཅད་པའི་ལག་པ་ལའང་ཤེས་ཚོར་ཡོད་པར་འགྱུར་བ་དང་། ཡང་གཟུགས་ཅན་ནི་ཚད་ཅན་ཡིན་ལ། ཤེས་པ་གཟུགས་ཅན་ཡིན་ན་དེ་ཚད་ཅན་དུ་འདོད་དགོས་ལ། དེ་ལྟར་ན་གོམས་པའམ་སློབ་སྦྱོང་མཐའ་མེད་མིན་པར་ཐལ་བ་སོགས་དང་། ཡང་གཟུགས་ཅན་ལས་གཞན་པའི་ཤེས་པ་ཁས་མ་བླངས་ན། བུ་ཡི་ཤེས་པའི་ཉེར་ལེན་ནམ་བུའི་ཤེས་པ་འགྱུར་རུང་རྫས་དེ། བུ་དེའི་ཕ་མའི་རྫས་ཡིན་དགོས་ལ། དེ་ལྟར་ན་བུ་དེའི་ལུས་ལྟར་སེམས་ཀྱང་གོམས་པའི་དབང་གིས་མི་རིགས་གཞན་གྱི་གོམས་གཤིས་ལ་འགྱུར་དུ་མེད་དགོས་པ་སོགས་གནོད་བྱེད་དུ་མ་དང་། སྔར་མ་མྱོང་བར་ཕྱིས་དྲན་པ་མེད་པས། སྐྱེ་བ་སྔ་མ་དྲན་མཁན་འདི་དག་ལ་འགྲེལ་བཤད་འགལ་མེད་ཇི་ལྟར་བྱ་མིན་སོགས་དང་། ཡང་སློབ་སྦྱོང་བྱས་ནས་ཤེས་བྱ་གསར་པ་རེ་ཤེས་སྐབས་ཤེས་མཁན་ཀླད་རྩ་ལ་འགྱུར་བ་འགྲོ་ནས་རྡུལ་མང་དུ་འགྲོ་ན། ཤེས་ཡོན་ག་ཚོད་ཆེ་བ་དེ་ལ་མགོ་བོ་ཆེ་དགོས་པ་དང་། ཤེས་ཚད་ཆེ་རུ་སོང་རིམ་བཞིན་མགོ་བོའམ་རྩ་ཀླད་ཆེ་རུ་དང་མང་དུ་འགྲོ་དགོས་པར་འགྱུར་རོ། དེས་ན་གང་ལྟར་ཐག་གཅོད་མ་སྔ་བར་ནང་ཆོས་དང་ཚན་རིག་གཉིས་ཀ་ལ་བློ་གྲོས་ཀྱི་མིག་རྒྱང་བསྲིངས་ནས་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་རང་གཞན་ཐམས་ཅད་ལ་ཕན་པ། སྒྲུབ་བྱེད་ཀྱི་རིགས་པ་ལྡན་པའི་རིགས་གཞུང་གི་རྗེས་སུ་འབྲངས་ནས་སློབ་པར་གལ་ཆེ་སྙམ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ།། དགེའོ།།

Related Articles