དོགས་སློང་།

དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས།    བློ་གྲོས་ཀྱི་མཐུ་སྟོབས་ཆུང་ཞིང་བརྩོན་འགྲུས་ཀྱི་རྒྱུ་བ་ལྷོད་པའི་དབུ་མའི་གཞུང་ལ་སློབ་གཉེར་གྱི་མིང་ཙམ་འཛིན ་པ་ཁོ་བོ་ནགས་ལྷའི་སྨྱུག་གུའམ་ཨ་རྟགས་ནོར་སྨྱུག་པའི་ཡིད་མཁའ་ལ་ཤར་བའི་ཐེ་ཚོམ་རྒྱུ་སྐར་ལས་ཐོ་རངས་ཀྱི་སྐར་མདའ་ལྟ་བུའི་དྲི་བ་འགའ་ཞིག་ཡེ་གེ་འབྲི་བའི་ལས་སུ་འཇུག་པའི་སྤྲོ་བ་བརྟས་པ་ནི། མི་ཆུང་སེམས་བཟང་ཅན་ཞིག་གི་སྐབས་སུ་བབ་པའི་ལས་ཀ་བཟང་པོ་ཞིག་ཡིན།  དེ་ཡང་མཁྱེན་དཔྱོད་ཀྱི་དཀྱིལ་འཁོར་རྫོགས་ཤིང་ལུང་རིགས་ཀྱི་འོད་སྟོང་འཕྲོ་བའི་ཆོས་གྲོགས་རྣམས་ཀྱིས་ཁོ་བོའི་རྣམ་རྟོག་གི་རྒྱུ་སྐར་རྣམས་ཡིད་ཀྱི་

མཁའ་མཐའ་ནས་ཕྱིར་ཕུད་དེ་ངེས་ཤེས་ཀྱི་འོད་སྣང་དཀར་པོ་ཕྱོགས་ཀུན་ཏུ་བསྐྱེད་པའི་ཆེད་དུ་ཡིན་པ་ལས་མཁས་མང་འདུས་པའི་གདན་གྲལ་རིང་མོར་གླེང་བའི་གཞི་རུ་སློང་ཏེ་ཟབ་བརླིང་ཚིག་གི་འབེལ་གཏམ་འབབ་ས་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ།།

 

གཅིག
དེ་ཡང་ཟབ་དོན་གསལ་བའི་སྒྲོན་མེ་ལས།༡༦དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བ་མི་འཐད་དེ།དེ་མེད་པར་ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་རང་འགྲེལ་ལས་བཤད་ཅིང༌།དེ་ཉིད་འདིར་ཡང་འདྲ་བའི་ཕྱིར་རོ།ཞེས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བ་ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་རང་འགྲེལ་ལས་བཤད་པ་བཞིན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་འཕགས་སེང་གཉིས་ཀྱི་ལུགས་ལའང་མཚུངས་པར་གསུངས་ཡོད།སྤྱིར་ནི་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་ནི།དབང་ཤེས་ལ་ཕུགས་ཀྱི་འཁྲུལ་རྒྱུས་བསླད་པ་མེད་པ་དང༌།དབང་ཤེས་ཀྱི་འཁྲུལ་རྒྱུ་ལ་ཡུལ་ལ་ཡོད་པ་དང་རྟེན་ལ་ཡོད་པ་གཉིས་སུ་ངེས་པ་གང་ཞིགདེ་གཉིས་གང་རུང་ལ་འཕྲལ་གྱི་འཁྲུལ་རྒྱུ་ཡིན་དགོས་ཤིང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་ཤེས་རྣམས་ནི་མངོན་སུམ་ཁོ་ནར་འདོད་པས་ཡིན་ནོ་སྙམ།
དྭོགས་པ་ནི།རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་རྣམས་ཀྱི་ལུགས་ལ་སེམས་ཙམ་པའི་ལུགས་དང་འདྲ་བར་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་གྲུབ་པ་སྣང་བ་ཁས་ལེན་དགོས་པས།ལུགས་འདི་ལ་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་གྲུབ་པ་སྣང་བ་ཡོད་ལ།དེ་བདེན་པར་གྲུབ་པ་སྣང་བ་མེད་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་སྙམ་ནས་ཐེ་ཚོམ་གྱི་འཆིང་ཐག་ལས་བརྒལ་མ་ཐུབ་པའི་ཁོ་བོས།གཞུང་ལུགས་ཀྱི་རྒྱ་མཚོ་ལ་ཐོས་བསམ་གྱི་གྲུ་བོ་ལ་ཞུགས་པའི་བློ་ཆེན་རྣམས་ཀྱི་ཡེ་ཤེས་ཀྱི་མེ་ལྕེ་ཆེས་ཆེར་འབར་བའིཤེས་རབ་མཚོན་ཆ་རྣོན་པོས་ཁོ་བོ་ཡི་མ་རྟོགས་པ་དང༌།ལོག་པར་རྟོག་པ་དང༌།ཐེ་ཚོམ་ཀྱི་དྲ་བ་མཐའ་དག་རྣམ་པར་བསལ་ནས་ཟབ་རྒྱས་ཆོས་ཀྱི་རྒྱལ་ཁམས་ཉུལ་བ་ལ་རང་དབང་བསྩལ་བ་མ་ཟད།དེའི་དོན་མཐོང་བ་ལའང་གྲོགས་ཀུན་ཏུ་བཟང་པོའི་འོད་ཟེར་ཡང་ཅུང་ཟད་འཕྲོ་གནང་ཡོང་བ་མཁྱེན་ཞེས་སྙན་བསྐུལ་བའོ།།
ི་གཉིས།
དབུ་མ་འཇུག་པའི་ཊིག་ཆེན་ལས།༢༦༩འདིར་གཟུགས་བརྙན་ལས་ནི་དེ་འཛིན་པའི་མིག་ཤེས་སྐྱེ་བར་གསུངས་པས།གཟུགས་བརྙན་དངོས་པོ་ཡིན་ཞིང་ཤེས་པ་དང་ངོ་བོ་ཐ་དད་པས་ནི།ཕྱི་རོལ་གྱི་དོན་ཡིན་ལ་དེ་ཡང་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པས།གཟུགས་ཀྱི་སྐྱེ་མཆེད་དུ་བཞེད་པ་ཡིན་ཏེ།ཟླ་གཉིས་དང་སྐྲ་ཤད་དུ་སྣང་བ་དང་སྒྱུ་མ་སོགས་དང་སྒྲ་བརྙན་སོགས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ།ཞེས་དབང་ཤེས་ཀྱི་དམིགས་རྐྱེན་ལ་གཟུགས་ཀྱི་སྐྱེ་མཆེད་ཡིན་དགོས་པ་གསུངས་པས།སྐྲ་ཤད་འཛག་པར་སྣང་བའི་དབང་ཤེས་དང༌།ཟླ་གཅིག་ཟླ་གཉིས་སྣང་བའི་དབང་ཤེས་སོགས་ཀྱི་དམིགས་རྐྱེན་ལ་གཟུགས་ཀྱི་སྐྱེ་མཆེད་འཇོག་ཚུལ་གང་ཡིན་དང༌།ཁ་ཅིག་གིས་སྐྲ་ཤད་དུ་སྣང་བ་དང༌།ཟླ་གཉིས་སུ་སྣང་བ་རྣམས་དབང་ཤེས་ཁོ་ན་ལ་སྣང་བས་གཟུགས་ཀྱི་སྐྱེ་མཆེད་ཡིན་དགོས་པས་དེ་རྣམས་དེ་དག་གི་དམིགས་རྐྱེན་ལ་བཞག་ན་འཐད་པ་ཡིན་ནོ་ཞེས་བཤད་ཀྱང༌།དེ་རྣམས་ནི་དབང་ཤེས་དེ་དག་དང་དུས་མཉམ་ཡིན་པས་དམིགས་རྐྱེན་ཡིན་པ་ཁས་ལེན་པ་ལ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བཤད་སྟངས་ཤིག་ཡོད་ན་མ་གཏོགས་ཚད་མའི་རིགས་ལམ་དང་མི་མཐུན་པའི་སྐྱོན་འཇུག་པ་དང༌།མ་ཚད་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་རྟོག་མེད་དབང་ཤེས་རྣམས་རང་གི་སྣང་བ་ལ་ཡིད་ཀྱི་ཤེས་པ་ཡིན་པར་གསུངས་པ་ལྟར་ན་དེ་དག་གཟུགས་ཀྱི་སྐྱེ་མཆེད་ཀྱང་མ་ཡིན་དགོས་པ་འདྲ་ཞིང༌།གལ་ཏེ་གཟུགས་ཀྱི་སྐྱེ་མཆེད་ཡིན་ན་དེ་འདྲ་བའི་དབང་ཤེས་རྣམས་དེ་ལ་ཡིད་ཀྱི་ཤེས་པ་ཡིན་པའི་རྒྱུ་མཚན་གང་ཡིན་སོགས་ལ་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད་ཅིག་ཅེས་སྙན་བསྐུལ་བ་ཙམ་ལས་གནས་སྐབས་ཁོ་བོ་ལ་འདི་ཡིན་འདི་མིན་གྱི་ཐག་གཅོད་ཀྱི་སྡོམ་ཚིག་འགོད་པ་ལ་བློ་གྲོས་སྤོབས་པའི་འོད་སྣང་དེ་ཙམ་འཕྲོ་མ་ཐུབ་པའི་ཕྱིར།

 

གསུམ།
དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས་ལས།སྨད་ཆ་༦འདིར་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དེ།དྲང་དོན་གྱི་མདོའི་མཚན་ཉིད༌།དབྱེ་ན་འཁོར་ལོ་གསུམ་ཡོད།དྲང་དོན་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པས་དྲང་དོན་གྱི་མདོ་ཞེས་བྱའོ།དོན་དམ་བདེན་པ་དངོས་བསྟན་བསྟན་བྱ་གཙོ་བོར་བྱས་ནས་སྟོན་པའི་མདོ་དེ།ངེས་དོན་གྱི་མདོའི་མཚན་ཉིད།དབྱེ་བ་སྔར་བཞིན།ངེས་དོན་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པས་ངེས་དོན་གྱི་མདོ་ཞེས་བྱའོ།ཞེས་གསུངས་པས་དེ་ལྟར་ན་ལུགས་འདི་ལ་ཀུན་གཞི་ཡོད་པར་སྟོན་པའི་མདོ་དང༌།གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་སོགས་དྲང་དོན་གྱི་མདོ་ཡིན་པས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པ་ཁས་ལེན་དགོས་ཤིང༌།དེས་ན་མདོ་དེ་དག་གིས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱ་གཙོ་བོར་བྱས་ནས་བསྟན་ཞེས་པའི་ཀུན་རྫོབ་བདེན་པ་དེ་གང་འདྲ་ཞིག་ལ་བཞག་དགོས་སམ།དྲང་ངེས་ཨུདྤལའི་ཕྲེང་བ་ལས།གཉིས་པ་ཐལ་འགྱུར་བའི་ལུགས་ལ་གཉིས།དྲང་ངེས་ཀྱི་མདོའི་ངོ་བོ་དང༌།མཚན་ཉིད་གསུམ་གྱི་རྣམ་བཞག་བཤད་པའོ།དང་པོ་ནི།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ།ངེས་དོན་གྱི་མདོའི་མཚན་ཉིད།རང་གི་ཆེད་དུ་བྱ་བའི་འདུལ་བྱའི་ངོར་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ།དྲང་དོན་གྱི་མདོའི་མཚན་ཉིད་དོ།ཞེས་གསུངས་པས་རང་གི་ཆེད་དུ་བྱ་བའི་འདུལ་བྱའི་ངོར་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་ལ་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་མི་དགོས་པའི་ཞིབ་ཆ་སོགས་ཡོད་མེད་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།བཞི།
འཇུག་པའི་རྣམ་བཤད་ལས།རིགས་པ་ནི་གཞི་གང་ཞིག་རྫུན་པ་སླུ་བའི་དོན་དུ་ཡོངས་སུ་བཅད་ན།མི་སླུ་བའི་དེ་ཁོ་ན་ཉིད་ཡིན་པ་རྣམ་པར་གཅོད་དགོས་པས།སླུ་མི་སླུ་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ལོ།དེ་ཡིན་ན་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱེད་པས་གཉིས་དང་གཉིས་མ་ཡིན་གྱི་ཕུང་གསུམ་སེལ་བ་ཡིན་ཏེ།དབུ་མ་སྣང་བ་ལས།ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི།གཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར།གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་མ་ཡིན་ནོ།ཞེས་དང༌།ཞེས་དབུ་མ་སྣང་བའི་ལུང་ཁུངས་སུ་དྲངས་ཏེ་བདེན་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པ་གསལ་བར་གསུངས་པ་ལ།ཁོ་བོ་ལ་དྭོགས་པ་འདི་ལྟར་མཆིས་ཏེ།དེ་ལྟར་ན་གཞི་བུམ་ལྟ་བུ་ཀུན་རྫོབ་བདེན་པ་ཡིན་པ་ཡོངས་གཅོད་ལ་གྲུབ་ན་དེ་དོན་དམ་བདེན་པ་ཡིན་པ་རྣམ་གཅོད་ལ་ཁེགས་པ་ཁས་ལེན་དགོས་ཤིང༌།དེས་ན་བུམ་པ་ཀུན་རྫོབ་བདེན་པར་རྟོགས་པའི་བློ་དེས་བུམ་པ་དོན་དམ་བདེན་པ་མ་ཡིན་པ་རྟོགས་དགོས་ཏེ།བུམ་པ་དོན་དམ་བདེན་པ་ཡིན་པ་རྣམ་དཔྱོད་ལ་ཁེགས་པའི་ཕྱིར།དེས་ན་སྒྲ་བཤད་ཀྱི་དབང་དུ་བྱས་ན་གཞི་བུམ་པ་ལྟ་བུ་དེ་བློ་དོན་དམ་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པ་མ་ཡིན་པ་རྟོགས་དགོས་པ་དང༌།ངོ་བོའམ་མཚན་ཉིད་ཀྱི་དབང་དུ་བྱས་ན་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག་དེ་རང་ཉིད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བ་མ་ཡིན་པ་རྟོགས་དགོས་པ་ཡིན་ཞིང༌།དེ་གཉིས་གང་རྟོགས་ཀྱང་བུམ་པའི་སྟེང་གི་སྟོང་ཉིད་རྟོགས་དགོས་པ་མ་ཡིན་ནམ་སྙམ།གལ་ཏེ་དེ་ལྟར་མ་ཡིན་ན་བུམ་པ་ཐོས་བསམ་སྒོམ་གསུམ་རིགས་ཤེས་ཀྱི་ངོར་གྲུབ་པར་འཛིན་པ་བདེན་འཛིན་དང༌།དེ་ལྟར་མ་གྲུབ་པ་རྟོགས་ན་གཞི་དེ་བདེན་མེད་རྟོགས་པ་ཡིན་པར་རྩ་ཤེས་རྣམ་བཤད་ཀྱི་མཆོད་བརྗོད་སྐབས་སུ་གསུངས་པ་དང་མི་འགལ་བའི་ཚུལ་གང་ཡིན་སོགས་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ཞེས་དཔྱོད་ལྡན་རྣམས་ལ་སྙན་བསྐུལ་བ་ལས་རང་ཉིད་ཀྱིས་དྲན་ལམ་དུ་གསལ་ཚད་བཤད་ཡམས་བྱ་རྒྱུ་ནི་ཡིག་རྫོབ་ཀྱི་ངལ་བ་ཙམ་ལས་དེ་ཙམ་གྱི་དགོས་པ་ཆེར་མ་མཐོང་བས་རེ་ཞིག་པིར་གྱི་རྩེ་མོ་འགུལ་བའི་གཟབ་བཤར་གྱི་སྤྲོས་པ་བསྡུས་པར་བྱས་སོ།།


ལྔ།
ལམ་རིམ་ཆེན་མོ་ལས།༦༢༧དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན།ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང༌།ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱི་གནོད་པ་མེད་པ་དང༌།དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ།དེ་དག་ལས་ལྡོག་པ་ནི་མེད་པར་འདོད་དོ།ཞེས་གསུངས་པས་དོན་ཟབ་མོ་སྟོང་པ་ཉིད་ལྟ་བུ་དེ་ཐ་སྙད་ཀྱི་ཁྱད་པར་གསུམ་ལྡན་ཡིན་པ་ཁས་ལེན་དགོས་པ་ཡིན་ཏེ།ཐ་སྙད་དུ་ཡོད་པ་དང་ཀུན་རྫོབ་ཏུ་ཡོད་པ་ཁས་ལེན་དགོས་པའི་ཆོས་ཡིན་ཕྱིར།དེ་ཡང་དབུ་མ་དགོངས་པ་རབ་གསལ་རྩ་འགྲེལ་སྦྱར་མ་ལས།༢༢༨རྐང་པ་དང་པོས་བསྟན་པའི་ཀུན་རྫོབ་དང༌།རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པའི་ཀུན་རྫོབ་གཉིས་གཅིག་ཏུ་མི་བྱ་སྟེ།དང་པོ་ནི།རང་གི་དངོས་པོ་རྣམས་སྐྱེ་བ་སོགས་སུ་གང་དུ་ཁས་ལེན་

པའི་ཀུན་རྫོབ་ཡིན་ལ།ཕྱི་མ་ནི་དངོས་པོ་རྣམས་གང་གི་ངོར་བདེན་པའི་བདེན་འཛིན་གྱི་ཀུན་རྫོབ་ཡིན་པའི་ཕྱིར་རོ།ཞེས་ལང་ཀར་གཤེགས་པ་ལས།དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ།།དམ་པའི་དོན་དུ་རང་བཞིན་མེད།།རང་བཞིན་མེད་ལ་འཁྲུལ་བ་གང༌།།དེ་ནི་ཡང་དག་ཀུན་རྫོབ་འདོད།།ཅེས་པའི་ཚིགས་བཅད་འདིས་བསྟན་པའི་ཀུན་རྫོབ་སྔ་ཕྱི་གཉིས་པོ་དེའིེ་དོན་སོ་སོར་འགྲེལ་བ་ལས་རྟོགས་ནུས་པའི་ཕྱིར།དེས་ན་ཐ་སྙད་པའི་ཤེས་པ་ལ་གྲགས་ཅེས་པའི་ཐ་སྙད་པའི་ཤེས་པ་དང༌།ཐ་སྙད་པའི་ཚད་མ་གཞན་གྱི་གནོད་པ་མེད་ཅེས་པའི་ཐ་སྙད་པའི་ཚད་མ་གཞན་གཉིས་ལ་ཁྱད་པར་ཡོད་མེད་དང༌།སྔ་མ་ལ་གྲགས་ཚུལ་དང༌།ཕྱི་མས་མི་གནོད་པའི་ཚུལ་སོགས་གང་ཡིན་དང༌།ཕྱི་མ་ནི་བུམ་འཛིན་མིག་ཤེས་ཀྱིས་ཀ་འཛིན་མིག་ཤེས་ལ་མི་གནོད་པ་ལྟ་བུ་ཡིན་ན་ནི་དེ་ཙམ་གྱི་གོ་རྒྱུ་ཆེར་མེད་པ་དང༌།ཐ་སྙད་པའི་ཚད་མས་མི་གནོད་ཅེས་པ་ནི་ཐ་སྙད་པའི་ཚད་མས་རྟོགས་པའི་དོན་ཡིན་པ་འདོད་ན་ནི།
རྩ་ཤེས་རྣམ་བཤད་ལས།རང་བཞིན་མེད་པ་ཡོད་ན་ནི་ཐ་སྙད་ཚད་མས་རང་བཞིན་ཡོད་པ་འགོག་མི་ནུས་པས་རང་བཞིན་མེད་པ་ཡང་མི་འགྲུབ་པའི་ཕྱིར་རིགས་ཤེས་ཀྱིས་འཇལ་ལོ།ཞེས་དང༌།ལེགས་བཤད་སྙིང་པོ་ལས།༢༡༧དོན་དམ་བདེན་པ་ཐ་སྙད་པའི་ཚད་མས་གྲུབ་པར་མི་སྨྲའོ།དོན་དམ་བདེན་པ་ཡོད་པ་ཐ་སྙད་པའི་ཤེས་ངོར་འཇོག་ཅེས་པ་ཡང་དོན་དམ་བདེན་པར་ཡོད་པར་བཟུང་བ་དེ་རིགས་ཤེས་ཀྱི་འཛིན་སྟངས་ལ་མེད་ཅེས་པའི་རྒྱུ་མཚན་གྱིས་ཡིན་གྱི་དེས་གྲུབ་ཅེས་པ་མིན་ནོ།ཞེས་སོགས་གསུངས་པ་དང༌།ཐ་སྙད་པའི་ཚད་མས་དོན་དམ་བདེན་པ་མ་རྟོགས་པར་འདོད་ན་ནི།སྤྱིར་རྗེས་དཔག་གིས་ཆོས་ཐམས་ཅད་རྟོགས་པ་དང་དེ་ཉིད་ཐ་སྙད་པའི་ཚད་མ་སོགས་སུ་ཁས་ལེན་པ་དང་མི་འགྲིགས་སྙམ་པའི་དྭོགས་པ་ཆེ་བས།རྣམ་དཔྱོད་མཁའ་ལྟར་ཡངས་པའི་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད་ཅིག་ཅེས་སྙན་བསྐུལ་ནས་རང་གི་རྨོངས་བློའི་འཆར་ཚོད་ཙམ་ཞིག་ཞུ་ཁུལ་བགྱིས་ན་འདི་ལྟ་སྟེ།ཐ་སྙད་པའི་ཤེས་པ་ལ་གྲགས་ཅེས་པ་ནི།འཇིག་རྟེན་ལ་གྲགས་པའི་ཐ་སྙད་ལ་འཇོག་དགོས་པ་དང་འདྲ་སྟེ།ཤེར་ཕྱིན་འབུམ་པ་ལས།ཆོས་འདི་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་བཏགས་ཀྱི་དོན་དམ་པ་ནི་མ་ཡིན་ནོ།ཞེས་གསུངས་པའི་ཕྱིར།དོན་དམ་བདེན་པ་ཐ་སྙད་པའི་ཚད་མས་མ་གྲུབ་ཅེས་པ་ནི་ཐ་སྙད་ལ་དཔྱོད་པའི་ཚད་མ་ལ་བཞག་དགོས་པ་མཁས་པའི་དབང་པོ་འགའ་ཞིག་གིས་གསུངས་པ་ལྟར་ལེགས་པར་སེམས་ཤིང༌།ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་ཅེས་པ་ནི།ཐ་སྙད་དུ་རྒྱུ་འབྲས་ལ་སོགས་པ་བྱ་བྱེད་རྣམ་བཞག་ཐམས་ཅད་འཐད་པར་རྟོགས་པའི་བློ་ངོར་རང་བཞིན་གྱི་གྲུབ་པས་སྟོང་བ་མི་རུང་བ་མ་ཡིན་ཞིང༌།རང་བཞིན་གྱིས་སྟོང་བ་དང༌།བྱ་བྱེད་འཐད་པ་གཉིས་གཞི་བུམ་པ་ལྟ་བུའི་གཅིག་གི་སྟེང་དུ་མི་འགལ་བར་འདུར་རུང་བའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་པ་ནི་འོལ་ཚོད་ཙམ་མོ།
དྲུག
བཏགས་དོན་བཙལ་ནས་མི་རྙེད་ཅེས་པའི་བཙལ་བྱའི་བཏགས་དོན་དེ་གང་འདྲ་ཞིག་ཏུ་བཞག་དགོས་པ་ཡིན་ནམ།དཔེར་ན་མྱུ་གུ་སྐྱེ་བ་ལྟ་བུ་ལ་བཏགས་དོན་བཙལ་བ་ན་བཙལ་བྱའི་བཏགས་དོན་དེ་མྱུ་གུ་སྐྱེ་བ་བདེན་གྲུབ་ལ་བྱེད་དམ་ཐ་སྙད་ཙམ་དུ་ཡོད་པའི་མྱུ་གུ་སྐྱེ་བ་བྱེད།སྔ་མ་ལྟར་ན།འཇུག་པའི་ཊིག་ཆེན་དགོངས་པ་རབ་གསལ་རྩ་འགྲེལ་སྦྱར་མ་ལས།༢༦༤ཐལ་འགྱུར་བའི་ལུགས་ཀྱིས་ནི།ཐ་སྙད་གདགས་པས་མ་ཚིམ་པར་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་ལ།དེ་ལྟར་བཏགས་པའི་བཏགས་དོན་བདག་གམ་གཞན་ལས་སྐྱེ་ཞེས་འཚོལ་བ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པ་འཇོག་གོཞེས་གསུངས་པས།ཐ་སྙད་བཏགས་པའི་བཏགས་དོན་བཙལ་ཞེས་པའི་བཙལ་བྱའི་བཏགས་དོན་དེ་མྱུ་གུ་སྐྱེ་བ་རང་ལ་བཞག་པ་དང༌།དེ་བཞིན་རྩ་ཤེས་རྣམ་བཤད་དང༌།༢༡༧ལེགས་བཤད་སྙིང་པོ།༡༣༥སོགས་སུ་དེ་དང་མཚུངས་པར་གསུངས་པ་དང༌།ཕྱི་མ་ལྟར་ན།ལམ་རིམ་ཆེན་མོ་ལས།༧༢༨འདི་ལྟར་ཡིན་ཚུལ་རྣམ་པར་དཔྱོད་པའི་རྣལ་འབྱོར་པས་གལ་ཏེ་ཤིང་རྟ་ཞེས་བྱ་བ་རང་བཞིན་གྱི་གྲུབ་པ་ཞིག་ཡོད་ན་ནི་ཐེ་ཚོམ་མེད་པར་གཅིག་དང་ཐ་དད་ལ་སོགས་པའི་རྣམ་པ་བདུན་པོ་དེའི་སྒོ་ནས་རང་བཞིན་ཡོད་མེད་འཚོལ་བའི་རིགས་པས་བཙལ་བ་ན།བདུན་པོ་དེ་དག་གང་རུང་ཞིག་ཏུ་རྙེད་པར་འགྱུར་ན་དེ་དག་གང་དུ་ཡང་མི་རྙེད་དོ།ཞེས་གཞི་ཤིང་རྟ་ལ་སྦྱར་ན་བཙལ་བྱའི་བཏགས་དོན་ཤིང་རྟ་རང་བཞིན་གྱིས་གྲུབ་པ་ལ་འཇོག་པར་གསུངས་པས་བློ་ལྡན་རྣམས་ཀྱིས་རྣམ་དཔྱོད་ཀྱི་མིག་ཟུང་བགྲད་པའི་ཁ་ཕྱོགས་ཙམ་སྟོན་ནས།གཤམ་ལ་ཐག་ཆོད་དང་གཏན་འབེབས་གང་ཡང་མ་ཡིན་པའི་རང་གི་བསམ་ངོའི་འཆར་ཚོད་ཙམ་ཞུ་བ་ལ་ཉེས་པ་མེད་པ་མ་ཟད་སྐབས་སུ་བབ་པའི་ལས་ཀྱང་ཡིན་ནོ་སྙམ་ནས་ཞུ་བ་ལ།ལམ་རིམ་ཆེན་མོ་ལས།༧༤༣འདི་ལ་སྔར་བཤད་པ་ལྟར་དགག་བྱའི་ཚད་ལེགས་པོ་ངོས་མ་ཟིན་པར་གཅིག་དང་ཐ་དད་སོགས་ལ་རིགས་པས་བརྟགས་པ་ན།དེ་དག་ལ་གནོད་པ་མཐོང་བའི་ཚེ་གང་ཟག་ལ་སོགས་པ་ཡེ་མི་འདུག་གོ་སྙམ་པ་དང༌།གང་ཟག་ལ་སོགས་པའི་དངོས་པོ་རྣམས་རི་བོང་གི་རྭ་ལ་སོགས་པ་ལྟར་དོན་བྱེད་པ་ཐམས་ཅད་ཀྱིས་སྟོང་པས་དངོས་པོ་མེད་པའོ་སྙམ་པ་བྱུང་ན་ནི་ཆད་ལྟ་ཆེན་པོ་ཡིན་པས་ཡང་དག་པའི་ལྟ་བའི་གོལ་ས་ཤེས་པ་བྱ་སྟེ།ཞེས་གསུངས་པ་ལྟར།གཞི་གང་ཞིག་གི་སྟེང་དུ་བཏགས་དོན་འཚོལ་བའི་ཐོག་མར་གཞི་དེ་ཉིད་བདེན་པར་གྲུབ་པའི་གྲུབ་ཚད་ལེགས་པར་ངོས་བཟུང་ནས་གོང་དུ་ངོས་བཟུང་བའི་གྲུབ་ཚད་དེ་ཉིད་གཞི་བུམ་པ་ལྟ་བུའི་སྟེང་དུ་གྲུབ་འདུག་མི་འདུག་ཕར་བཙལ་སྟངས་ཤིག་དང༌།ཡང་གཞི་བུམ་པ་ལྟ་བུ་དེ་ཁྱད་གཞིར་བཟུང་ནས་གོང་དུ་ངོས་བཟུང་བའི་བདེན་པར་གྲུབ་པའི་གྲུབ་ཚད་དེ་ཉིད་ཡིན་མིན་ཚུར་དཔྱད་པ་བྱེད་ཚུལ་

གཉིས་ཡོད་ལ།དཔྱོད་ཚུལ་དེ་གཉིས་གང་ཡིན་རུང་དེ་ཁོ་ན་ཉིད་ལ་ཚུལ་བཞིན་དཔྱོད་པའི་ལུགས་ཡིན་ཏེ།ཐ་སྙད་པའི་དོན་ལ་གནོད་པ་ཅུང་ཟད་ཙམ་ཡང་མེད་པ་མ་ཟད་གང་བཙལ་བྱའི་དོན་དེ་ཉིད་གང་དུ་མི་རྙེད་པ་དང༌།གང་དུའང་མ་གྲུབ་པ་གང་རྟོགས་ཀྱང་གཞི་དེ་ཉིད་བདེན་མེད་རྟོགས་པ་ཡིན་པའི་ཕྱིར།དཔེར་ན།རྟག་པ་སྒྲ་ཡི་སྟེང་དུ་མེད་པར་རྟོགས་པ་དང༌།སྒྲ་རྟག་པ་མ་ཡིན་པ་གང་རྟོགས་ཀྱང་སྒྲ་མི་རྟག་པ་རྟོགས་དགོས་པ་བཞིན་ནོ་སྙམ།དེས་ན་རྗེ་བླ་མས་གསུངས་པའི་ལེགས་བཤད་སྔ་ཕྱི་དེ་དག་ནང་འགལ་གང་ཡང་མེད་པར་དོན་གྱི་སྙིང་པོ་གཅིག་ཏུ་འགྲིལ་བ་ཡིན་ནོ་སྙམ་སྟེ་དད་གུས་ཕྲན་བུ་ཞིག་སྐྱེས་པ་ནི་རྨོངས་པའི་དད་པ་ཨེ་ཡིན་སྙམ་པའི་དྭོགས་པ་ཡོད།སྤྱིར་བཏང་དེ་ཁོ་ན་ཉིད་ལ་དཔྱོད་ན་དེ་ལ་ཚུལ་བཞིན་དཔྱོད་པ་ཡིན་པའི་མ་ཁྱབ་སྟེ།དགག་བྱའི་ཚད་གང་ཡང་ངོས་མ་ཟིན་པར་གཞི་བུམ་པ་ལྟ་བུ་དེ་ཆ་ཤས་སོགས་བསལ་ནས་བཙལ་ན་གང་ཡང་མི་རྙེད་པས་མཐར་བུམ་པ་དེ་རི་བོང་རྭ་ལྟར་མེད་པའོ་སྙམ་པ་སོགས་འབྱུང་བ་ནི་ཐ་སྙད་པའི་དོན་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པའི་དཔྱད་པ་ཞུགས་པ་འདི་ལ་དེ་ཁོ་ན་ཉིད་ལ་དཔྱོད་ཟེར་བ་ཡིན་ནོ།དེ་འདྲ་བའི་དཔྱོད་ཚུལ་དེ་དེ་ཁོ་ན་ཉིད་ལ་དཔྱོད་པ་ཡིན་ཡང་དེ་ལ་ཚུལ་བཞིན་དཔྱོད་པ་མ་ཡིན་ཏེ།ཐ་སྙད་དུ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་ཐམས་ཅད་འཇོག་མི་ནུས་པའི་ཆད་མཐར་ལྷུང་པའི་རྐྱེན་བྱེད་པའི་ཕྱིར།དེ་ཡང་འཇུག་པའི་ཊིག་ཆེན་ལས།༢༦༥དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་པ་ནི།འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།།ཞེས་སོགས་གསུངས་པའི་ཕྱིར།དེ་ཁོ་ན་ཉིད་ལ་ཚུལ་བཞིན་དཔྱོད་པའི་བློས་དེ་ཁོ་ན་ཉིད་རྟོགས་པའི་རྗེས་སུ་ཐ་སྙད་ཀུན་རྫོབ་པའི་ཆོས་རྣམས་སྒྱུ་མ་ལྟ་བུའི་རྣམ་པར་འཆར་བ་ལས་རི་བོང་རྭ་ལྟར་མེད་པའོ་སྙམ་པའི་བློ་སྐྱེ་བའི་གྲོགས་གཏན་ནས་མི་བྱེད་པའི་ཕྱིར།བདུན།
འཇུག་པའི་ཊིག་ཆེན་རྩ་འགྲེལ་སྦྱར་མར་དྲངས་པའི་འཇུག་པ་རང་འགྲེལ་ལས།༥༤༤གང་དག་མེ་ལ་སོགས་པའི་རང་བཞིན་ཡིན་ལུགས་ཚ་བ་ལ་སོགས་པར་སྨྲ་བ་དེ་དག་གི་ལྟར་འདོད་ན་ནི།རྣམ་པ་ཐམས་ཅད་དུ་མི་རུང་སྟེ།ཞེས་ཚ་བ་ལ་སོགས་པ་མེའི་རང་བཞིན་ཡིན་པ་མི་རུང་བ་གསུངས་ཀྱང༌།འཇིག་རྟེན་པ་རྣམས་ཀྱིས་ཚ་ཞིང་སྲེག་པ་མེའི་རང་བཞིན་དང༌།བརླན་ཞིང་བཤེར་བ་ཆུའི་རང་བཞིན་ཡིན་པ་ཁས་ལེན་པས་འཇིག་རྟེན་པའི་གང་འདོད་པ་དེ་ཐམས་ཅད་དབུ་མ་པས་དེ་ལྟར་ཁས་ལེན་དགོས་པ་ཡིན་ཏེ།འཇུག་པའི་རྣམ་བཤད་རྩ་འགྲེལ་སྦྱར་མ་ལས།༣༧༦ལུང་ནི་སྡོམ་པ་གསུམ་བསྟན་པ་ལས།འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི།ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ་གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ།གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ངས་ཀྱང་མེད་པར་བཞེད་དོ།ཞེས་གསུངས་པའོ།ཞེས་གསུངས་པས་ཁོ་བོ་སེམས་ཉིད་ཐེ་ཚོམ་གྱི་དྲ་བ་ཟབ་གསལ་མྱུར་བའི་ཤེས་རབ་ཀྱིས་གཅད་དུ་གསོལ་བློ་ལྡན་རྣམས་ལ་སྙན་བསྐུལ་བའོ།

 

བརྒྱད།
འཇུག་པའི་རྣམ་བཤད་རྩ་འགྲེལ་སྦྱར་མ་ལས།༣༦༢མངོན་སུམ་ཚད་མ་བཞི་ལས་མང་བ་འདིར་ཡང་མ་བཤད་པའི་ཕྱིར་དང༌།ཞེས་གསུངས་པས།དབུ་མ་ཐལ་འགྱུར་བའི་སྐབས་འདིར་མངོན་སུམ་ཚད་མ་བཞི་ལས་མང་བ་མ་བཤད་མ་གཏོགས་བཞི་བཤད་པ་ལྟ་བུར་གསུངས་པ་ཁོ་བོས་གོ་བས་གལ་ཏེ་དེ་ལྟར་ཡིན་ན་ལུགས་འདིར་མངོན་སུམ་ཚད་མ་བཞི་པོ་དེ་གང་ཞིག་ཡིན་ནམ་སྙམ།དགུ
འཇུག་པའི་ཊིག་ཆེན་རྩ་འགྲེལ་སྦྱར་མ་ལས།༡༥༩ཆོས་རྣམས་བདེན་མེད་དུ་གཏན་ལ་འབེབས་པ་འདི་ལ།བདེན་པར་གྲུབ་ཚུལ་དེ་ཇི་འདྲ་ཞིག་ཡིན་པ་དང༌།བདེན་པར་འཛིན་ཚུལ་ལེགས་པར་མ་ཤེས་ན།དེ་ཁོ་ན་ཉིད་ཀྱི་ལྟ་བ་ངེས་པར་འཕྱུག་སྟེ།སྤྱོད་འཇུག་ལས།བརྟགས་པའི་དངོས་ལ་མ་རེག་པ།དེ་ཡི་དངོས་མེད་འཛིན་མ་ཡིན།ཞེས་བརྟགས་པའི་དངོས་པོ་སྟེ་དགག་བྱའི་སྤྱི་ལེགས་པར་བློ་ལ་མ་ཤར་ན།དགག་བྱ་དེ་མེད་པ་ལེགས་པར་འཛིན་མི་ནུས་པར་གསུངས་པས།མེད་རྒྱུའི་བདེན་གྲུབ་དང༌།གང་གིས་སྟོང་པའི་དགག་བྱའི་རྣམ་པ་བློ་ཡུལ་དུ་ཇི་ལྟ་བ་བཞིན་མ་ཤར་ན།བདེན་མེད་དང་སྟོང་པའི་ངོ་བོ་ལེགས་པར་ངེས་པ་མི་སྲིད་དོ།ཞེས་དང༌།ཡང་དེ་ཉིད་ལས།༡༦༠དེ་ཡང་ཐོག་མར་རང་རྒྱུད་ཀྱི་བདེན་འཛིན་ངོས་ཟིན་ནས།དེའི་ཡུལ་སུན་འབྱིན་པ་ལ་རིགས་པ་རྣམས་དངོས་དང་བརྒྱུད་པའི་འགྲོ་ལུགས་ཤེས་དགོས་ཀྱི།ཁ་ཕྱིར་ལྟ་འབའ་ཞིག་གི་དགག་སྒྲུབ་ནི་ཕན་ཤིན་ཏུ་ཆུང་བའི་ཕྱིར།ཡང་དེ་ཉིད་ལས།༡༦༠དེ་ཡང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བཏགས་པའི་བདེན་གྲུབ་དང༌།བདེན་འཛིན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར།ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ།གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀ་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང༌།དེས་བཟུང་བའི་བདེན་གྲུབ་ལེགས་པར་ངོས་ཟིན་པ་ནི་གནད་ཤིན་ཏུ་ཆེ་སྟེ།དེ་ངོས་མ་ཟིན་པ་རིགས་པས་དགག་བྱ་བཀག་ཀྱང༌།ཐོག་མ་མེད་པ་ནས་ཞུགས་པའི་བདེན་ཞེན་ལ་ཅི་ཡང་མི་གནོད་པས་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར་རོ།།ཞེས་དེ་ཁོ་ན་ཉིད་ལ་ཚུལ་བཞིན་དཔྱོད་པའི་ཐོག་མར་དགག་བྱའི་ཚད་ལེགས་པར་ངོས་ཟིན་དགོས་པ་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ཐམས་ཅད་ལས་གཅིག་མཐུན་དུ་གསུངས་པས་དེ་དེ་བཞིན་ནོ་ཞེས་ཁས་ལེན་པ་དང་ཡིད་རངས་པ་བྱ་རྒྱུ་ནི་སྐལ་བ་བཟང་པོའི་ལས་སོ་སྙམ།ཡིན་ནའང་ལམ་རིམ་ཆེན་མོ་ལས།༧༠༥དེ་ལ་རང་བཞིན་མེད་པའི་ལྟ་བ་མ་རྙེད་གོང་དུ་གང་ཟག་དེ་

 

 

དག་གིས་ཡོད་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་གཉིས་སོ་སོར་ཕྱེད་པ་མི་སྲིད་དེ།ཞེས་དང༌།ལེགས་བཤད་སྙིང་པོ་ལས།༡༨༦མྱུ་གུ་དང་དེ་རྟེན་འབྱུང་སོགས་སུ་ཐ་སྙད་པའི་ཚད་མས་གྲུབ་པ་ཡང་རྒོལ་ཕྱི་རྒོལ་གཉིས་ཀའི་རྒྱུད་ལ་ཡོད་མོད་ཀྱང༌།དེ་དང་རང་གི་ངོ་བོས་ཡོད་པ་འཇལ་བའི་ཚད་མ་གཉིས་ཕྱི་རྒོལ་གྱི་ངོར་འདྲེས་ནས་ལྟ་བ་མ་སྐྱེས་བར་དུ་མི་ཕྱེད་པས་སྔ་རྒོལ་གྱིས་ཕྱེད་ཀྱང་དེའི་རིང་སྟོན་མི་ནུས་སོ།ཞེས་དང༌།ཡང་འཇུག་པའི་རྣམ་བཤད་ལས།༡༣༧ལུགས་འདི་ལ་ཆོས་རྣམས་རྟོག་པའི་དབང་གིས་བཞག་པ་ཙམ་གྱིས་འཇོག་ཚུལ་ཤེས་ན་དེ་ལས་བཟློག་ཏེ་འཛིན་པའི་བདེན་འཛིན་བདེ་བླག་ཏུ་ཤེས་པར་འགྱུར་བས།ཞེས་བདེན་འཛིན་བདེ་བླག་ཏུ་འཇོག་ཚུལ་ཤེས་པ་ལ་ཆོས་རྣམས་རྟོག་པའི་དབང་གིས་བཞག་ཙམ་ཤེས་པ་ལ་རག་ལས་པ་གསུངས་པ་མ་ཟད།བདེན་གྲུབ་དང་བདེན་འཛིན་ངོས་བཟུང་ཚུལ་བཤད་པའི་སྐབས་སུའང་མདོ་དང་རྒྱ་གཞུང་དུ་མ་ཁུངས་སུ་དྲངས་ཏེ་ཀུན་རྫོབ་པའི་ཆོས་རྣམས་རྟོག་པའི་དབང་གིས་བཞག་ཙམ་ཡིན་པ་དང༌།རྫུན་པ་སྒྱུ་མ་ལྟ་བུ་ཡིན་ཚུལ་རྣམས་རྩལ་དུ་བཏོན་ནས་བསྒྲུབས་པ་བཅས་ལ་གཞིགས་ན་རྡོ་རྗེའི་བཀའ་ལུང་འདི་དག་ལ་ཟབ་གནད་ཁྱད་པར་ཅན་ཞིག་གོར་མ་ཆགས་པ་ཡིན།རྟོག་པས་དབང་གིས་བཞག་ཙམ་ཤེས་པ་ལ་སྟོང་ཉིད་རྟོགས་པ་ལ་རག་ལས་པ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་གསུངས་པའི་ཕྱིར་ཏེ།དེ་ཉིད་ཀྱིས་མཛད་པའི་ཟབ་དོན་གསལ་བའི་སྒྲོན་མེ་ལས།༥༥དེས་མཚོན་ནས་བུམ་པ་རྟོག་པས་བཏགས་ཙམ་དུ་ཚད་མས་གྲུབ་པའི་གང་ཟག་ཡིན་ན་དེ་བདེན་མེད་ཚད་མས་གྲུབ་པའི་གང་ཟག་ཡིན་པས་ཁྱབ་ཀྱང༌།ཞེས་སྟོང་ཉིད་མ་རྟོགས་བར་དུ་བུམ་པ་དང༌།བུམ་པ་བདེན་པར་གྲུབ་པ་གཉིས་སོ་སོར་མི་ཕྱེད་པ་ལྟ་བུར་གསུངས་པའི་གསུང་སྔ་ཕྱི་གཉིས་ཚིག་ཟིན་ལ་ཅུང་མི་མཐུན་པ་ལྟ་བུར་སྣང་ནའང་དོན་ལ་མི་མཐུན་པ་ཅུང་ཟད་ཙམ་ཡང་མེད་དགོས་པས།གསུང་སྔ་ཕྱི་དག་མི་འགལ་བར་དོན་གྱི་སྙིང་པོ་གཅིག་ཏུ་འབབ་པའི་ལེགས་བཤད་རྣ་བའི་བདུད་རྩི་ཉལ་འགྲོའི་རྒྱུན་བཞིན་ལྷུག་རྩོལ་ཡོང་བ་མཁྱེན་ཞེས་བཙུན་མཁས་བརྟན་གསུམ་གྱི་ཡོན་ཏན་མངའ་བའི་བདག་ཉིད་ཅན་རྣམས་ལ་སྙན་བསྐུལ་ནས།གཤམ་ལ་གཞན་གྱི་བཞེད་པ་འགོད་པ་དང་རང་གི་འདོད་པ་བརྗོད་པའི་ངལ་བ་ཅུང་ཟད་ཙམ་ཁུར་དུ་བླངས་པ་ལ།འགའ་ཞིག་གིས་གང་ཟག་གི་བདག་མེད་མ་རྟོགས་པའི་སྔ་རོལ་དུ་བློ་འདི་གསུམ་གྱི་དབྱེ་བ་མྱོང་སྟོབས་ཀྱིས་འབྱེད་མི་ནུས་པ་གསུངས་པ་ཡིན་ནོ།ཞེས་དང༌།ཡང་འགའ་ཞིག་གིས་གདུལ་བྱ་དབང་པོ་ཤིན་ཏུ་རབ་ཡིན་ན་སོ་སོར་ཕྱེད་པ་ཡོད་པ་དང༌།གདུལ་བྱ་རིགས་འགའ་ཞིག་ཡིད་དཔྱོད་ཙམ་གྱིས་འབྱེད་པ་དང༌།དབང་རྟུལ་དང་དངོས་སྨྲ་བ་རྣམས་ནི་ལྟ་བ་རྙེད་པ་དང་དུས་མཉམ་དུ་ཕྱེད་པ་གསུངས་པ་དང༌།འགའ་ཞིག་གིས་ལྟ་བ་མ་རྙེད་བར་ཚད་མས་འབྱེད་མི་ནུས་ཀྱང༌།ཡིད་དཔྱོད་ཀྱིས་འབྱེད་དགོས་པར་གསུངས་པ་དང༌།འགའ་ཞིག་གིས་ལྟ་བ་མ་སྐྱེས་བར་རང་བཞིན་ཡོད་མེད་ཚོད་ཐིག་ཀྱང༌།རང་བཞིན་གྱིས་ཡོད་པ་དང་ཡོད་པའི་ཁྱད་པར་སོ་སོར་འབྱེད་མི་ནུས་ཞེས་གསུངས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟ་བུ་རྣམསཀྱིས་ཉམས་མྱོང་ཚད་མ་དང་འབྲེལ་བའི་གསུངས་ཚུལ་ཤིན་ཏུ་མང་ངོ༌།།རང་གིས་བསམ་དོན་ནི།བདེན་མེད་མ་རྟོགས་པའི་སྔ་རོལ་དུ་ཡོད་པ་ཙམ་དང་བདེན་གྲུབ་སོ་སོར་མི་ཕྱེད་ཀྱང༌།བདེན་པར་གྲུབ་པའི་གྲུབ་ཚད་ངོས་མི་བཟུང་བའི་སྐྱོན་མེད་དེ།དཔེར་ན་བུམ་པ་དང་བུམ་པའི་དོན་སྤྱི་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སྣང་བའི་སྒོ་ནས་བུམ་པ་བདེ་བླག་ཏུ་ངོས་བཟུང་ཐུབ་པ་མ་ཟད།ངོས་བཟུང་བའི་དོན་དེ་ཉིད་བུམ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་དགག་ནས་གཞི་དེར་བུམ་པ་མེད་པ་རྟོགས་པ་ཡིན་གྱི་བུམ་པའི་དོན་སྤྱི་མེད་པ་རྟོགས་པ་མ་ཡིན་པ་བཞིན།བདེན་པར་གྲུབ་པའི་ཚད་དེ་ཡོད་པ་ཙམ་དང་འདྲེས་པའི་ཚུལ་དུ་ངོས་ཟིན་པར་བྱས་ནས་དེ་ཉིད་དེ་ཁོ་ན་ཉིད་ལ་ཚུལ་བཞིན་དཔྱོད་པའི་རིགས་པས་དགག་ཡོང་དུས་དགག་བྱ་ཁེགས་པའི་སྟོབས་ཀྱིས་ཡོད་ཙམ་དེ་གཞི་དེའི་སྟེང་དུ་ལྷག་པ་ལྟ་བུ་མ་ཡིན་ཀྱང་ཁེགས་པ་མ་ཡིན་ཏེ།དེ་ཁོ་ན་ཉིད་ལ་ཚུལ་བཞིན་དཔྱོད་པའི་རིགས་པས་ཐ་སྙད་པའི་དོན་ལ་གནོད་པ་མི་སྲིད་པའི་ཕྱིར་སྙམ།དགག་བྱ་ངོས་བཟུང་བའི་ཐབས་ལ་ཆོས་རྣམས་རྟོག་པའི་བཏགས་ཙམ་དང༌།ཀུན་རྫོབ་སྒྱུ་མ་ལྟ་བུའི་དོན་ལ་ཐུགས་བསམ་ཡང་ཡང་བཞེས་རྒྱུ་གལ་ཆེ་བ་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་པ་ཟབ་ལ་གནད་ཆེ་བ་ཞིག་ཡིན་ངེས་པའི་གནས་འདི་ལ་ཟབ་མོའི་དོན་ལ་མོས་པ་ཡོད་པའི་དཔྱོད་ལྡན་རྣམས་ཀྱིས་དཔྱད་འཇོག་སྒོམ་གྱི་སྒྱུ་རྩལ་ངོམ་སའི་གར་སྟེགས་གུ་ཡངས་བ་ཞིག་ཡིན་ནོ་སྙམ་པ་ནི་རྨད་དུ་བྱུང་བའི་དབུ་མའི་ལེགས་བཤད་རྣམས་ལ་བལྟ་ཀློག་ཅུང་ཟད་བགྱིས་པའི་སྐལ་བ་ཐོབ་པར་བརྟེན་རྟོག་གེ་རིགས་པའི་འགྲོས་དང་སྦྱར་ནས་སྨྲས་པ་ཞིག་ཡིན་པ་ལས་རང་གི་མྱོང་བ་ཐོན་པའི་མྱོང་ཁྲིད་ཅིག་གཏན་ནས་མ་ཡིན་ནོ་ཞེས་བདེན་པར་སྨྲས་པས་མི་ཆོས་བླ་མའི་རྫུན་གྱི་ཉེས་པ་ལས་རིང་དུ་གནས་པར་སེམས་སོ།།བཅུ།
དབུ་མའི་བསྟན་བཅོས་ཆེན་མོ་རྩ་བ་ཤེས་རབ་དབུར་ལས།བདག་ལས་མ་ཡིན་གཞན་ལས་མིན།།གཉིས་ལས་མ་ཡིན་རྒྱུ་མེད་མིན།།དངོས་པོ་གང་དག་གང་ན་ཡང༌།།སྐྱེ་བ་ནམ་ཡང་ཡོད་མ་ཡིན།།ཞེས་པའི་སྐབས་ཀྱིས་བསྟན་པའི་མཐའ་བཞི་སྐྱེ་བ་མེད་པའི་རྟགས་ཀྱིས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་རིགས་པ་ནི།དངོས་པོ་རྣམས་ཆོས་ཅན།དོན་དམ་པའི་སྐྱེ་བ་མེད་དེ།བདག་དང༌།གཞན་དང༌།གཉིས་ཀ་དང༌།རྒྱུ་མེད་སོགས་མཐའ་བཞི་གང་ལས་ཀྱང་མི་སྐྱེ་བའི་ཕྱིར།ཞེས་པའི་རྟགས་འདི་ཡིན་ལ།དེས་ན་དངོས་པོ་རྣམས་དོན་དམ་པའི་སྐྱེ་བ་མེད་པ་རྟོགས་ན་སྟོང་ཉིད་རྟོགས་པ་ཁས་ལེན་དགོས་པ་ནི་དབུ་མའི་གཞུང་ཆེན་མོ་རྣམས་ཀྱི་དགོངས་དོན་གཅིག་ཏུ་མཐུན་པ་ཡིན་

པས་འདི་ལ་ཉེས་སྐྱོན་བརྗོད་པའི་བློ་སྤོབས་སུ་ཞིག་ལ་ཡོད།འོན་ཀྱང་ཁོ་བོའི་ནི་འདི་ལྟར་དྭོགས་སྟེ།དངོས་པོ་རྣམས་ཆོས་ཅན།དོན་དམ་པར་མེད་དེ།དོན་དམ་པའི་གཅིག་དང་ཐ་དད་གང་དུ་མ་གྲུབ་པའི་ཕྱིར།ཞེས་པ་འདི་ཡང་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ཡིན་པས།དངོས་པོ་རྣམས་དོན་དམ་པའི་གཅིག་དང་ཐ་དད་གང་དུ་མ་གྲུབ་པ་རྟོགས་ན་སྟོང་ཉིད་རྟོགས་པ་ཁས་ལེན་མི་རིགས་པ་ནི།པཎ་ཆེན་བླ་མའི་རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་རེད།དེས་ན་དངོས་པོ་རྣམས་དོན་དམ་པའི་སྐྱེ་བ་མེད་པ་སྟོང་ཉིད་ཡིན་པ་དང༌།དེ་དག་དོན་དམ་པའི་གཅིག་དང་ཐ་དད་དུ་མ་གྲུབ་པ་སྟོང་ཉིད་མིན་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་པ་དང༌།དེ་བཞིན་མཐའ་བདུན་དུ་མ་གྲུབ་པའི་རྟགས་ཀྱི་ནང་ཚན་བདག་ཕུང་པོ་དང་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཏུ་མ་གྲུབ་པ་དང༌།བདག་ཕུང་པོ་དང་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་མ་གྲུབ་པ་དང༌།བདག་ཕུང་པོ་ལ་བརྟེན་པ་རང་བཞིན་གྱིས་མ་གྲུབ་པ་སོགས་རྟོགས་ན་སྟོང་ཉིད་རྟོགས་དགོས་མིན་སོགས་ནི་པཎ་ཆེན་བླ་མའི་གསུང་ལས་སྐྱེས་པའི་རིགས་སྨྲ་བ་རྣམས་ཀྱི་རྣམ་དཔྱོད་རོ་འཛིན་གཡོ་བའི་གླེང་སྟེགས་ཆུང་ཆུང་ཞིག་ཡིན་ནོ་སྙམ་ནས་སྐབས་སུ་བབ་པའི་མཁས་པ་རྣམས་ཀྱི་སྙན་དུ་ཕུལ་བའི་དོགས་སློང་སྦྲང་མའི་སྐད་གདངས་ཙམ་ཞིག་མཆིས་སོ།།
བཅུ་གཅིག

བྱང་ཆུབ་ལམ་རིམ་འབྲིང་པོ་ལས།༡༣༣
མདོ་འདིས་ཕུང་པོ་ཚོགས་པ་གང་ཟག་གི་གདགས་གཞིར་གསུངས་ཤིང༌།གདགས་གཞི་བཏགས་ཆོས་སུ་མི་འཐད་ལ།ཕུང་པོའི་ཚོགས་པ་ནི་དུས་གཅིག་པ་དང་སྔ་ཕྱི་བའི་ཚོགས་པ་གཉིས་ཀ་ལ་བྱ་དགོས་པས་ཕུང་པོའི་ཚོགས་རྒྱུན་གང་ཟག་ཏུ་འཇོག་པ་མི་འཐད་ལ།ཚོགས་པ་གདགས་གཞིར་འཇོག་པ་ན་ཚོགས་པ་ཅན་ཡང་གདགས་གཞིར་འཇོག་པས་དེ་གཉིས་ཀ་གང་ཟག་ཏུ་འཇོག་པ་མི་རིགས་ཏེ།ཞེས་སོགས་གདགས་གཞི་བཏགས་ཆོས་ཡིན་པ་མི་འཐད་པ་ཚད་ཐུབ་ཀྱི་གཞུང་དུ་མ་ལས་གསུངས་པ་ལ་ལེགས་སོ་དེ་དེ་བཞིན་ནོ་ཞེས་བདེན་ཁ་སྦྱིན་པ་སྐལ་བ་བཟང་པོ་ཅན་དུ་འགྱུར་བ་ལ་ཐེ་ཚོམ་ག་ལ་དགོས།འོན་ཀྱང་ཁོ་བོའི་བློ་ངོར་འཆར་འོང་བའི་རྣམ་རྟོག་གི་རི་མོ་དག་པིར་གྱི་རྩེ་མོ་འགུལ་བའི་ཡིག་རིས་ལས་གསལ་བ་ན་འདི་ལྟ་སྟེ།ང་ཚོའི་ཀ་འཛིན་མིག་ཤེས་ཀྱིས་མཐོང་བྱར་གྱུར་བའི་ཤིང་ཧྲང་ངེ་བ་འདི་དང༌།བུམ་འཛིན་མིག་ཤེས་ཀྱིས་མཐོང་བྱར་གྱུར་པའི་ཟངས་ལྕགས་ལྡོག་པོར་འདི་དག་རིམ་བཞིན་ཀ་བ་དང་བུམ་པ་དག་གི་གདགས་གཞི་ཡིན་པས།སྔ་མ་རང་གི་བཏགས་ཆོས་ཀ་བ་དང༌།ཕྱི་མ་རང་གི་བཏགས་ཆོས་བུམ་པ་ཡིན་པ་མི་འཐད་པ་ཡིན།ཡིན་ནའང་སྔ་མ་ནི་གདུང་འདེགས་དོན་བྱེད་ནུས་པ་དང༌།ཕྱི་མ་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པ་ཡིན་པས་རིམ་བཞིན་ཀ་བ་དང་བུམ་པ་མི་འཇོག་ན་ལུགས་འདི་ལ་ཀ་བ་དང་བུམ་པའི་མཚན་ཉིད་ལོགས་སུ་འཇོག་དགོས་པར་འགྱུར་བ་དང༌།མ་ཚད་ང་ཚོའི་མིག་ཤེས་ཀྱིས་མཐོང་ཆོས་སུ་ཡོད་པའི་ཀ་བའི་གདགས་གཞི་ཤིང་ཧྲང་ངེ་བ་འདི་དག་གི་གདགས་གཞིའང་འདི་མིན་པ་ཞིག་དང༌།དེའི་གདགས་གཞི་དེ་མིན་པ་ཞིག་བཅས་གདགས་གཞི་ཐུག་མེད་དུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་མེད་དང༌།དེ་བཞིན་ཕ་རི་དེ་ཚུར་རིའི་གདགས་གཞི་དང༌།རིང་པོ་དེ་ཐུང་ངུའི་གདགས་གཞི་ཡིན་མིན་དང༌།ཀ་བུམ་སོགས་མི་རྟག་པ་དང་ཤེས་བྱ་བདག་མེད་པ་སོགས་ཀྱི་གདགས་གཞི་ཡིན་མིན།སངས་རྒྱས་ཀྱི་ཕུང་པོ་སངས་རྒྱས་ཀྱི་གདགས་གཞི་ཡིན་མིན་སོགས་དཔྱད་བྱ་ཤིན་ཏུ་མང་བས་མཁྱེན་དཔྱོད་མཁའ་ལྟར་ཡངས་ཞིང་ཉི་ལྟར་གསལ་བའི་བློ་ལྡན་རྣམས་ཀྱིས་གཞུང་བརྒྱའི་དཀའ་གནད་ཟབ་མོ་ཐང་མར་བཀྲལ་ནས་བློ་དམན་བདག་ལྟ་བུའི་བློ་ངོར་མ་འདྲེས་པར་སྟོན་པར་མཛོད་ཅིག་ཅེས་སྙན་བསྐུལ་ལོ།བཅུ་གཉིས།
དབུ་མ་འཇུག་པ་ལས།རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌།།འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད།།རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།།ཅེས་རྡུལ་གཅིག་གི་ཡུལ་ལ་ནམ་མཁའི་མཐའ་གཏུགས་པའི་འཇིག་རྟེན་དང༌།རྡུལ་ཕྲ་རབ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་ཐམས་ཅད་སྟོན་པར་མཛད་པ་འདི་སངས་རྒྱས་ཀྱི་ནུས་པ་ཆེ་དྲགས་པའི་རྒྱུ་མཚན་གྱི་མ་ཡིན་གྱི་རང་ཅག་བློ་ངོར་ཆེ་ཆུང་གཉིས་འགལ་བ་མངོན་སུམ་དུ་མཐོང་བའི་རྣམ་རྟོག་གིས་ཐག་བཅད་པ་འདིས་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་འཆིང་མ་ནུས་པའི་རྒྱུ་མཚན་གྱི་ཡིན།གལ་ཏེ་ཡུལ་གྱི་གནས་ཚོད་ལ་དེ་ལྟར་མིན་ན་སངས་རྒྱས་ཀྱི་ནུས་པས་ཆོས་ཐམས་ཅད་བདེན་གྲུབ་ཏུ་བསྒྱུར་ཨེ་ནུས།སེམས་ཅན་ཐམས་ཅད་སངས་རྒྱས་བསྒྱུར་ཨེ་ཐུབ།དེ་མི་ཐུབ་པའི་རྒྱུ་མཚན་སེམས་ཅན་སངས་རྒྱས་མིན་པ་དང༌།ཆོས་ཐམས་ཅད་བདེན་མེད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན་མ་གཏོགས་གཞན་ཅིའི་ཕྱིར་བསྒྱུར་མི་ནུས།དེས་ན་རྡུལ་ཕྲ་རབ་ཆུང་བའི་མཐར་ཐུག་ཡིན་པ་དང༌།འཇིག་རྟེན་ནི་རྒྱ་ཤིན་ཏུ་རྒྱ་ཆེ་བ་ཡིན་པས་ཆུང་བ་ཡིན་ན་ཆེན་པོ་མིན་དགོས།ཆེན་པོ་ཡིན་ན་ཆུང་བ་མིན་དགོས་པ་ཐ་སྙད་པའི་ཚད་མས་གྲུབ་ཚུལ་སོགས་ལ་སྐྱོན་བརྗོད་བྱེད་པའི་དགེ་ཆོས་ཀྱི་བཤད་ཚུལ་དག་ལ་མཁས་དབང་གྲངས་ལས་འདས་པ་ཞིག་གིས་ལུང་རིགས་གནམ་ལྕགས་ཀྱི་མེ་ཆར་རབ་ཏུ་ཕབ་སྟེ་ལོག་རྟོག་གི་བྲག་རི་རྨང་ནས་

གཏོར་ཟིན་ནའང་ཕྱི་རབས་པ་རྣམས་ལམ་དང་ལམ་མིན་འབྱེད་པའི་ཤེས་རབ་ཀྱི་མིག་མཆོག་དང་ལྡན་ཞིང་མུ་མེད་པའི་ལོག་པའི་ལམ་དག་ལས་ཕྱིར་ལྡོག་པ་དང༌།ཚང་ལ་མ་ནོར་བའི་ལུགས་བཟང་རིན་པོ་ཆེར་བདེ་བླག་ཏུ་འཇུག་ཐུབ་པའི་ཕྱིར་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས་པའི་དཔྱོད་ལྡན་རྣམས་ཀྱིས་རང་རང་གི་བློ་ཡི་ནུས་རྩལ་ལ་དཔག་པའི་ལན་འདེབས་གཡུ་འབྲུག་སྔོན་མོའི་གད་རྒྱངས་དེ་དོན་གཉེར་ཅན་མཛེས་ལྡན་རྨ་བྱ་གཞོན་ནུ་དག་གི་རྣ་ལམ་དུ་སྙན་ལྷང་ལྷང་དུ་གྲགས་པའི་རེ་སྨོན་བྱེད་བཞིན་ཡོད།མ་ཚད་རང་གིས་བསྐུལ་བའི་དྲི་བ་ལ་ཡིན་མིན་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་མཐུ་རང་ལ་ཡོད་ན་དེ་ལ་སྨྲ་བའི་ལྕེ་རིང་དུ་བརྐྱངས་པ་ལ་འགལ་འདུ་ཅི་ཞིག་ཡོད།དེས་ན་ཁོ་བོ་ཡིད་མཁའ་ལ་འཆར་བའི་ལན་མོ་དག་བདག་མགྲིན་ཚངས་སྲས་རོལ་བའི་གཞལ་ཡས་ལས་ལན་འདཻབས་རྒྱུད་མངས་སྟོང་གི་འགྱུར་ཁུགས་སྙན་མོ་སྐལ་ལྡན་རྣ་བའི་གསོས་སུ་དཀྲོལ་བ་ལ་སྤྲོ་སྣང་དང་ལྡན་པ་ནི་འཇིག་རྟེན་གྱི་གྲུ་མོ་ཁུག་གི་ཀྱོག་འདི་ན་སྙན་ངག་གི་བཟི་ཁ་སྐྱེན་པའི་ས་མཐའི་གྲྭ་རྐྱང་འཁྱམས་པོ་ཞིག་གི་བསྒྱུར་དུ་མེད་པའི་རང་གཤིས་ངོ་མ་དེ་ཡིན།དེས་ན་རྡུལ་གཅིག་གི་ཡུལ་ལ་ནམ་མཁའི་མཐར་གཏུགས་པའི་འཇིག་རྟེན་གྱི་ཁམས་སྟོན་པའི་སངས་རྒྱས་ཀྱི་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་མཛད་པ་དང༌།རོ་མི་ཞིམ་ལ་རོ་མཆོག་སྣང་བ་སོགས་སངས་རྒྱས་ཐུན་མོང་མིན་པའི་ཡོན་ཏན་གྱི་ཁྱད་ཆོས་དག་དང༌།དཔལ་ལྡན་ཟླ་བ་གྲགས་པས་རི་མོ་བྲིས་པའི་བ་བྲུས་མ་ལས་འོ་མ་བཞོས་པས་སོ་སྐྱེས་རང་དགའ་བ་ཡི་བློ་ཡུལ་ལས་འགོང་བའི་མཛད་པ་དང༌།རྗེ་བཙུན་མི་ལའི་སྐུ་གཟུགས་ཆུང་དུ་མ་སོང་རྭ་གོག་ཆེ་རུ་མ་སོང་ཡང་གངས་རིའི་ལྗོངས་ཀྱི་རྣལ་འབྱོར་པ་ཆེན་པོ་རྭ་གོག་ནང་དུ་བདེ་བླག་ཏུ་འཛུལ་བས་སྐལ་ལྡན་སློབ་མ་རྣམས་ལ་ངོ་མཚར་བའི་མཛད་པ་དང༌།མཉམ་མེད་ཇོ་བོ་ཆེན་པོས་སྐུ་ལུས་ཡོངས་རྫོགས་སཙྪའི་སྐུ་ཕོར་ཆུང་ངུ་ཞིག་གི་ནང་དུ་འཇུག་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་དམ་པའི་སྐྱེས་བུ་རྣམས་ཀྱི་མཛད་སྤྱོད་བཟང་པོ་དེ་ལྟར་མཛད་པ་ལ་སྔར་དུས་ཀྱི་མཁས་དབང་དགེ་ཆོས་དང༌།ཕྱི་དུས་ཀྱི་ཉག་རོང་ཟླ་བཟང་གཉིས་ན་རེ།འོ་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་སྤྱོད་བཟང་པོ་དེ་ལྟར་ཡིན་ན་ཆུང་བ་རྡུལ་ཕྲན་དང༌།ཆེ་བ་རི་རབ་གཉིས་ཆེ་ཆུང་ཡོད་པར་འཛིན་པ་བདེན་འཛིན་ཡིན་པས་དེ་གཉིས་ཆེ་ཆུང་གི་རྣམ་བཞག་གཏན་ནས་མེད་པ་ཡིན་ཞེས་ཁས་བླངས་པའི་འགྲོས་ལ་བརྟེན་ནས་དགེ་སྡིག་གཉིས་ལེགས་ཉེས་མཉམ་པ་དང༌།དག་པའི་ཞིང་དང་ན་རག་དམྱལ་བ་གཉིས་མཉམ་པ་སོགས་མདོར་ན་བཟང་ངན་གཙང་བཙོག་ཐམས་ཅད་མཉམ་པའོ་ཞེས་ཁས་ལེན་དགོས་པ་མ་ཟད།མྱོས་གྱུར་ཆང་དེ་ཡེ་ཤེས་བདུད་རྩི་དང་ཁྱད་པར་གང་ཡང་མི་འདུག་སྙམ་པ་ནས་ཞལ་དུ་གསོལ་བ་ཡང་ཡིན་སྲིད།ད་དུང་ཐུགས་བསམ་ཞིབ་ཏུ་བཞེས་ཚེ་དེ་དག་ཡོད་ན་ནི་ཁྱད་པར་མེད་པ་གཏན་ནས་མི་ཤེས་པས་འདི་དག་ཁྱད་པར་མེད་པ་ནི།མེད་པའི་རྟགས་ཡིན་པ་མ་ཟད་དེ་དག་བཏགས་དོན་བཙལ་བའི་ཚེ་ན་གང་ཡང་རྙེད་རྒྱུ་མེད་པ་འདིས་ཀྱང་ཆོས་དེ་དག་མེད་པའི་རྟགས་གསལ་བར་བསྟན་པའོ་སྙམ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ཡང་མེད་ཅེས་ཐུགས་ཐག་བཅད་འདུགདེས་ན་ཀླུ་སྒྲུབ་དགོངས་རྒྱན་ཅི་ཡང་མེད་པའི་བསྟན་བཅོས་ལོས་ཡིན།དེས་ན་ཅི་ཡང་མེད་པའི་བསྟན་བཅོས་ལ་དགག་སྒྲུབ་གང་ཡང་བྱ་དགོས་མ་མཆིས་ཀྱང་ཅི་ཡང་མེད་པའི་ངང་ནས་ཐམས་ཅད་ཡོད་པའི་མཚན་མ་མང་དུ་སྤྲོས་ནས་བཤད་པའི་ཕྱོགས་སྔའི་ནམ་མཁའ་སྔ་ས་ནས་ལངས་ཚར་བ་འདུག་པས་འདི་ལ་དགག་སྒྲུབ་ཀྱི་ཉི་མ་ཤར་བ་ལ་ཕྱིས་མེད་པ་མ་ཟད་རྒྱུ་འབྲས་ཀྱི་གོ་རིམ་དང་མཐུན་པའི་རྟེན་འབྲེལ་དངོས་པོའི་གནས་ཚུལ་ངོ་མ་དེ་ཡིན་པར་སེམས་སོ།།དེ་ཡང་ས་བཅུ་པའི་མདོ་ལས།ས་ལྔ་པ་བ་དེ་ས་དྲུག་པ་ལ་འཇུག་པ་ན།ཆོས་མཉམ་པ་ཉིད་བཅུས་འཇུག་གོབཅུ་གང་ཞེ་ན།འདི་ལྟ་སྟེ།ཆོས་ཐམས་ཅད་མཚན་མ་མེད་པའི་མཉམ་པ་ཉིད་དང༌།ཆོས་ཐམས་ཅད་མཚན་ཉིད་པའི་མཉམ་པ་ཉིད་དང༌།དེ་བཞིན་དུ་སྐྱེ་བ་མེད་པ་དང༌།མ་སྐྱེས་པ་དང༌།དབེན་པ་དང༌།ཞེས་སོགས་མཉམ་ཉིད་བཅུ་གསུངས་པའི་དོན་ལ་ཐུགས་བསམ་བཞེས་སྟངས་མ་འགྲིགས་པའི་སྐྱོན་གྱིས་ཡིན་པ་མ་ཟད།སྔོན་རབས་ཀྱི་དམ་པ་གོང་མ་དེ་རྣམས་ཀྱི་མཛདསྤྱོད་བཟང་པོ་དེ་རྣམས་ཆོས་རྣམས་རང་བཞིན་ནམ་གནས་ལུགས་ཀྱི་ངང་རོ་གཅིག་པ་ཡིན་པས་ཐ་སྙད་ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་རྫུན་པ་སྒྱུ་མ་ལྟ་བུའམ་ཡང་ན་བདེན་པར་མེད་པའི་དཔེ་སྟོན་པ་ཡིན་གྱིས་ཐ་སྙད་ཙམ་དུ་ཡོད་པའི་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་བཤིག་པ་གཏན་ནས་མ་ཡིན་ནོ།དེ་ལྟར་ཡིན་པ་ཇོ་བོ་ཆེན་པོས་ཀྱང༌།དེ་རིང་འོ་ཅག་གིས་གང་བྱས་པ་འདི་ཀུན།རིགས་པ་སྨྲ་བ་རྟོག་གེ་བ་རྣམས་ཀྱིས་འགལ་བ་བརྩི།འོ་ན་བརྩི་ན་ཡང་བརྩིར་བཅུགཆོས་ཀྱི་གནས་ལུགས་འདི་འདྲ་ཞིག་ཡིན་རེ་ཞེས་རྒྱ་བོད་གཉིས་ཀ་འགྲིམས་ནས་གནའ་བསྐྱལ་ཡང་ཆོགཞེས་ཆོས་རྣམས་ཀྱི་གནས་ལུགས་ཀྱི་ངང་དུ་འདི་འདྲ་ཡིན་ཞེས་གསུངས་ཡོད་པ་ལས།ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཆེ་ཆུང་དང་གཙང་བཙོག་སོགས་ཀྱི་ཁྱད་པར་གང་ཡང་མེད་ཅེས་གཏན་ནས་མ་གསུངས་པའི་ཕྱིར།གཞན་ཡང་མཁས་དབང་དགེ་ཆོས་རང་གི་བཞེད་དགོངས་སྙིང་པོ་རྣམས་བསྡུས་ཏེ་བརྗོད་ན།རིའི་རྒྱལ་པོ་རི་རབ་དང༌།དེའི་ཚོགས་པར་གནས་པའི་རྡུལ་ཕྲན་གཉིས་ཆེ་ཆུང་གི་རྣམ་བཞག་བྱར་མེད་པས་ཆེ་ཆུང་གཉིས་བདེན་གྲུབ་སྐེ་ལ་བཏགས་ནས་མེད་པའི་ཁུངས་སུ་མར་གཏོང་པ་དང༌།སངས་རྒྱས་སེམས་ཅན་མ་ཡིན་པ་དང༌།སེམས་ཅན་ཡང་སངས་རྒྱས་མ་ཡིན་ལ་དེ་གཉིས་གནམ་ས་ལྟ་བུའི་མཆོག་དམན་གྱི་ཁྱད་པར་དེ་ཤེས་བྱའི་སྐེ་ལ་བཏགས་ཏེ་ཡོད་པའི་ཁོངས་སུ་ཡར་གཏོང་བ་དང༌།རྡུལ་ཕྲ་རབ་དང་ནམ་མཁའི་མཐར་གཏུགས་པའི་འཇིག་རྟེན་གཉིས་ཆེ་ཆུང་ཡོད་པར་འཛིན་པའི་བློ་དེ་བདེན་འཛིན་ཡིན་ཞེས་ལོག་ཤེས་ཀྱི་ཁོངས་སུ་མར་གཏོང་བ་དང༌།སངས་རྒྱས་དང་སེམས་ཅན་གཉིས་དོན་ལ་མཆོག་དམན་སོགས་ཀྱི་ཁྱད་པར་ཡོད་པས་དེ་ལྟར་འཛིན་པའི་བློ་དེ་དོན་མཐུན་ཡིན་ཞེས་ཚད་མའི་ཁོངས་སུ་ཡར་གཏོང་བ་དང༌།རི་རབ་དང་རྡུལ་ཕྲན་གཉིས་ཆེ་ཆུང་ཡོད་པ་རྫུན་པ་ཡིན་པ་དང༌།སངས་རྒྱས་དང་སེམས་ཅན་གཉིས་མཆོག་དམན་སོགས་མི་འདྲ་བའི་ཁྱད་པར་ཡོད་པ་བདེན་པ་ཡིན་ཞེས་བདེན་རྫུན་ཚད་མས་ཁྲིམས་ཐག་བཅད་པ་ནིེ།རང་གིས་བཞག་པའི་རྩ་བའི་དམ་བཅའ་ལས་རིང་དུ་བརྒལ་བའི་ཁས་བླངས་སྔ་ཕྱིའི་འགལ་བ་ཁུར་དུ་བཞེས་པ་མ་ཡིན་ནམ།གཞན་ཡང་མེ་ལོང་ལག་མཐིལ་ཙམ་

ཞིག་ལས་རང་གི་བཞིན་རས་རྫོགས་པར་སྣང་བ་སོགས་ཀུན་རྫོབ་སྒྱུ་མའི་དཔེ་དག་ལ་ཧང་མ་སངས་ན་རྡུལ་གཅིག་གི་ཡུལ་ལ་འཇིག་རྟེན་གྱི་ཁམས་རྣམས་སྟོན་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་མཛད་པ་ལ་ཧང་སངས་དགོས་པ་མ་ཡིན་ཏེ་སྟོབས་བཅུ་མངའ་བའི་གང་ཟག་གི་མཛད་པ་ཡིན་པའི་ཕྱིར།མ་ཚད་སྐྱ་མིན་སེར་མིན་གྱི་དགེ་སྦྱོང་རྣམ་དག་ཅིག་གིས་མི་མིན་ལྷ་མིན་གྱི་ལྷ་མོ་མཛེས་མ་ཞིག་ལ་འཁྱུད་པའི་ལོ་རྒྱུས་ལྷ་སྒྲུང་ཙམ་ཡང་བཤད་རྒྱུ་མེད་ན།ཡོད་མིན་མེད་མིན་གྱི་ཟབ་མོའི་དོན་མཆོག་རྟོགས་མཁན་དེ་རྒྱ་མིན་བོད་མིན་གྱི་བོད་རིགས་གཙང་མ་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་དོན་གང་ཡང་མེད།ཁྱེད་ཉིད་ནི་དངོས་གནས་གངས་རིའི་མཁས་དབང༌།གངས་རིའི་ཕོ་རྒོད།གངས་ཀྱི་རི་སུལ་དུ་བཞག་པའི་ཁྱེད་ཀྱི་ཞབས་རྗེས་ནམ་ཡང་གསུབ་ཏུ་མེད་པའི་མི་འགྱུར་གཡུང་འབྲུང་གི་རི་མོ་ཞིག་ཡིན་པས་གངས་རིའི་དཔའ་བོ་ཁྱོད་ལ་བསྟོད་བཀུར་བསྔགས་གསུམ་གྱི་རོལ་དབྱངས་སྙན་མོ་བར་མེད་དུ་འབུལ་རྒྱུ་ཡིན།བཅུ་གསུམ།
སྤྱིར་ཐ་སྙད་པའི་ཆོས་ཡོད་པ་ལྟ་བུ་དེ་ཉིད་གང་ཞིག་ཏུ་འདུག་བཏགས་དོན་བཙལ་བའི་ཚེ་ན་ཅི་ཡང་རྙེད་རྒྱུ་མེད་པ་དང༌།དེ་ཉིད་མ་རྙེད་པ་ལ་བརྟེན་ནས་ཆོས་རྣམས་ཅི་ཡང་མེད་པ་ཡིན་ནོ་སྙམ་ནས་ཆད་པའི་མཐར་ལྟུང་བའི་ཉེན་ཚབས་ཆེ་བས་གནས་འདི་ལ་ཤིན་ཏུ་ནས་ཟབ་དགོས་པ་ཡབ་རྗེ་བླ་མ་ཙོང་ཁ་ཆེན་པོས་མདོ་དང་རྒྱ་གཞུང་དུ་མ་ཁུངས་སུ་བཏུགས་ནས་ལན་གཅིག་ཙམ་མིན་པ་གསུངས་པ་ནི་ཚད་མའི་སྐྱེས་བུའི་གསུང་ཡིན་པས་འདི་ལ་བསླུ་བ་ཅི་ཞིག་ཡོད།འོན་ཀྱང་ཁོ་བོར་དོགས་འཆར་འགའ་ཞིག་དཔྱོད་ལྡན་མཁས་པ་དག་གི་རྣམ་དཔྱོད་ཀྱི་རོ་འཛིན་གཡོ་བའི་རྐྱེན་དུ་འབུལ་བ་ལ་དཀར་པོ་དགེ་བའི་ལས་ཀྱི་ཆ་མེད་ནའང་ནག་པོའི་སྡིག་ལྟུང་འབྱུང་དོན་ག་ལ་ཡོད་དེ་མེད་པར་སེམས་སོ་སྙམ།དེས་ན་བུམ་པ་བདེན་པར་གྲུབ་པ་ལྟ་བུ་མཐའ་བཞི་དང་མཐའ་བདུན་གང་དུ་བཏགས་དོན་བཙལ་ཀྱང་ཅི་ཡང་རྙེད་རྒྱུ་མེད་པས་མཐར་དེ་ཉིད་གང་དུ་ཡང་མི་འདུག་སྙམ་ནས་ངེས་པ་ལྷང་ངེར་སྐྱེ་བ་ན།དེ་འདྲ་བའི་དོན་དམ་ལ་དཔྱོད་པའི་བློ་དེའི་ངོར་ཅི་ཡང་མེད་པ་མ་ཡིན་པར་གོང་དུ་བཙལ་བྱའི་བཏགས་དོན་བདེན་གྲུབ་མ་རྙེད་པ་དེ་རྙེད་པ་དང༌།མ་མཐོང་པ་དེ་མཐོང་བ་སོགས་འཇོག་ན།དེ་ལ་དོགས་པ་ནི་འདི་ལྟར་ཡོད་དེ།བུམ་པ་ལ་སོགས་པའི་ཐ་སྙད་ཀུན་རྫོབ་པའི་ཆོས་རྣམས་རིགས་པས་དཔྱད་དེ་བཙལ་བ་ན་གང་ཡང་རྙེད་རྒྱུ་མེད་པ་བདེན་གྲུབ་དང་མཚུངས་པ་མ་ཟད།བུམ་སོགས་རིགས་པས་དཔྱད་དེ་རྙེད་རྒྱུ་མེད་པ་དང༌།བདེན་གྲུབ་རིགས་པས་དཔྱད་དེ་རྙེད་རྒྱུ་མེད་པ་གཉིས་ཤེས་བྱ་ལ་སྲིད་པའང་གཅིག་མཚུངས་ཡིན།ཡིན་ནའང་བུམ་སོགས་རིགས་པས་དཔྱད་ནས་མ་རྙེད་པ་ལ་ཐུག་པའི་བློ་དེའི་ངོར་བུམ་པ་མེད་པ་མི་འཇོག་པར་ཡུལ་ཅི་ཡང་མེད་དགོས་པ་དང༌།བདེན་གྲུབ་རིགས་པས་དཔྱད་ནས་མ་རྙེད་པ་ལ་ཐུག་པའི་བློ་དེའི་ངོར་ཡུལ་ཅི་ཡང་མེད་པ་མ་ཡིན་པར་མ་རྙེད་པ་དེ་རྙེད་པའམ་བདེན་གྲུབ་མེད་པའི་མེད་འགག་དེ་བཞག་དགོས་པའི་རྒྱུ་མཚན་གང་ཡིན་ནམ།ཞེས་དྲི་བའི་སྒོ་ནས་མཁས་པ་རྣམས་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུའོ།།

 

 

རྩོམ་ཡིག་འདི་ཐེངས་ 2728 བཀླགས་འདུག

 

Related Articles