སྐལ་བཟང་ཐར་འདོད།

སྐལ་བཟང་ཐར་འདོད།

སེར་ལྷོ་དགེ་བཤེས་སྐལ་བཟང་ཐར་འདོད་ཀྱི་ངོ་སྤྲོད་སྙིང་བསྡུས།
དགེ་བཤེས་སྐལ་བཟང་ཐར་འདོད་ནི། ཕྱི་ལོ་ ༡༩༧༨ ལོར་བོད་བྱང་ཤར་གྱི་ཁུལ་འབྲི་རུ་རྫོང་ཁོངས་སུ་གཏོགས་པ་འབྲི་ལུང་ཤང་ཉྭ་རིལ་གྲོང་དུ་ཕ་སྐྱ་ཡུ་དང༌། མ་ལྷ་མ་གཉིས་ཀྱི་བུ་རུ་སྐྱེས།

༡༩༨༨ ལོར་སྟག་ཕུའི་སྒྲུབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་གི་ཆོས་སྒོར་ཞུགས། ༸སྐྱབས་རྗེ་ཁྱུང་སྤྲུལ་སྐལ་བཟང་བསྟན་འཛིན་མཁས་གྲུབ་དབང་ཕྱུག་དཔལ་བཟང་པོ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་སྐལ་བཟང་བསླབ་གསུམ་དཔལ་བཟང་པོ་རྣམ་པ་གཉིས་མཁན་སློབ་མཛད་པའི་ཐོག་ཚིགས་སྔ་ཕྱིའི་སྡོམ་པ་རིམ་པར་ཐོབ། རྒྱུད་སྡེས་མཚོན་པའི་ཆོ་ག་ཕྱག་ལེན་དང་། དཀྱིལ་འཁོར་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བཅས་ལ་དགོན་དེར་ཞིབ་པར་སྦྱངས།

༡༩༩༧ ལོར་བཙན་བྱོལ་དུ་ཡོང་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། དབུ་ཕར་རབ་འབྱམས་པའི་མཚན་གནས་ཐོབ། གཞུང་ཆེན་ཁག་ལ་སློབ་མཐར་ཕྱིན་ནས་ ༢༠༢༡ ལོར་དགེ་བཤེས་དམ་འཇོག་གནང་།

གཞན་ཡང་། བརྡ་སྤྲོད་གཙུག་ལག་རབ་འབྱམས་སྨྲ་བའི་གཙུག་རྒྱན་དགེ་བཤེས་སྐལ་བཟང་ཨེ་ལགས་ཀྱི་དྲུང་ནས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཁག་སྦྱོང་རྒྱུའི་གོ་སྐབས་ཐོབ། རིག་གནས་རྒྱ་མཚོའི་མཐར་སོང་རྒན་ཀླུ་སྒྲུབ་མཆོག་གི་དྲུང་ནས་དཀར་རྩིས་དང་འབྱུང་རྩིས་དེ་བཞིན་བོད་ཀྱི་བརྡ་དག་སྙན་སུམ་སོགས་སྦྱོང་རྒྱུའི་གོ་སྐབས་ཀྱང་ཐོབ།

སེར་བྱེས་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་གཙུག་ལག་མནའ་དེང་རབ་འབྱམས་སྨྲ་བ་རྒན་བསོད་ནམས་ཚེ་རིང་མཆོག་གི་དྲུང་ལས་ལོ་ངོ་གསུམ་གྱི་རིང་སྐད་ཡིག་སྤྱི་དང་། བྱེ་བྲག་དབྱིན་སྐད་གཞི་རིམ་དང་འབྲིང་རིམ་གྱི་རྩོམ་བསྒྱུར་གྲུབ་འབྲས་རྩེར་སོན་མཚན་གནས་ཀྱི་ཕྱག་ཁྱེར་ཡང་ཐོབ།

སུས་སི་རྫི་ལན་ཌེ་རེབ་གོང་གིས་གོ་སྒྲིག་འོག་ཚན་རིག་ཐོག་ལོ་ངོ་ལྔའི་རིང་ཆེད་དམིགས་ཟབ་སྦྱོང་དང་འབྲེལ་བའི་སློབ་ཚན་ཁག་ལ་སྦྱངས་པ་མཐར་སོང་གི་མཚན་གནས་ཕྱག་ཁྱེར་ཡང་ཐོབ།

ཕྱི་རྒྱལ་ཁག་ནས་ཆེད་དམིགས་མཁས་དབང་ཁག་གཅིག་ནས་གློག་ཀླད་ཀྱི་མཚོན་པའི་དྲ་རྒྱ་དང་འབྲེལ་བའི་འཕྲུལ་རིགས་ལག་རྩལ་བཅས་ལ་ཟབ་སྦྱོང་ཐེངས་མང་གི་གོ་སྐབས་ཐོབ་པ་མ་ཟད་དེའི་མཚན་གནས་ཀྱི་ཕྱག་ཁྱེར་ཡང་ཐོབ།

༢༠༠༩ནས་༢༠༡༥བར་“འཇམ་དབྱངས་རོལ་པའི་རྩོམ་སྒྲིག་སྡེ་ཚན་”དུ་རྩོམ་སྒྲིག་པའི་ལས་ཁུར་ཞུས་པ་དང་།
༢༠༡༥ནས་༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད་''www.chodenrinpoche.com''རྩོམ་སྒྲིག་འགན་འཛིན་གྱི་ལས་ཁུར་ཡང་ཞུ་མུས་ཡིན།
༢༠༡༢ ནས་༢༠༡༤བར་”རིག་མཛོད་གསེར་གྱི་ལྡེ་མིག་”ཅེས་པ་དུས་དེབ་རྩོམ་སྒྲིག་པ་དང་།
༢༠༡༥ནས་༢༠༢༣བར་དུས་དེབ་དེའི་རྩོམ་སྒྲིག་འགན་འཛིན་དང་དེ་བཞིན་ཁང་ཚན་གྱི་དྲུང་ཡིག་གི་ལས་ཁུར་ཡང་ལོ་ངོ་བཅུ་ཙམ་ཞུས།
༢༠༡༥ནས་༢༠༢༠བར་"སེར་བྱེས་རིག་མཛོད་ཆེན་མོ་"ཞེས་པའི་དྲ་ཐོག་གི་རིས་མེད་དཔེ་མཛོད་ཀྱི་རྩོམ་སྒྲིག་པ་དང་།
༢༠༢༠ཟླ་༥ཚེས་༩ནས་བཟུང་འགན་འཛིན་གྱི་ལས་ཁུར་ཞུས་མུས་ཐོག །༢༠༢༢ཟླ་༥ཚེས་༤ཉིན་གྲྭ་ཚང་གིས་སེར་བྱེས་རིག་མཛོད་ཆེན་མོའི་''www.serajeyrigzodchenmo.org”འགན་འཛིན་དུ་དངོས་སུ་བསྐོ་བཞག་གནང་ཞིང་ལས་དོན་སྒྲུབ་མུས་དང་།
༢༠༢༣ནས་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་། ནགས་ལྷ་དྲ་མཛོད་"www.naglha.net"ཀྱི་འཛིན་སྐྱོང་པ་བྱེད་མུས་ཡིན་པ་བཅས་གུས་པའི་ལོ་རྒྱུས་མདོར་བསྡུས་སུ།

Related Articles