རིས་མེད་བྱེད་དགོས།

འབྲོང་ངུར་ཕོ་ཉ།

རིས་མེད་ཀྱི་ཐ་སྙད།
རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གསར་གཏོད་བྱས་པའི་ཐ་སྙད་སྙན་མོ་ཞིག་ཡིན་པར་སྙམ། ཐ་སྙད་སྙན་པོ་འདི་དཀའ་ངལ་མང་པོའི་འོག་ནས་བྱུང་བ་ཞིག་ཡིན་པར་འདོད། རིས་ཡོད་ཀྱིས་གྲུབ་མཐའི་དམར་འཛིངས་དང་རྩོད་རྙོག་དུ་མ་བྱུང་བས། བསྟན་འཛིན་སྐྱེས་བུ་མིག་རྒྱང་རིང་བ་དག་གིས་དོན་དམ་པའི་རིས་མེད་གནང་ཞིང་རིས་མེད་ཅེས་པའི་ཚིག་འདི་བྱུང་བ་ཡིན་ངེས་རེད། འོན་ཀྱང་དེང་སྐབས་མི་མང་པོ་ཞིག་གིས་རིས་མེད་ཅེས་པའི་ཐ་སྙད་འདི་ཆབ་སྲིད་ཀྱི་སྐད་ཆ་ཞིག་ཡིན་པར་འདོད་ཅིང་དེ་ལ་དགའ་བོ་བྱེད་ཀྱི་མི་འདུག དེ་ནི་གཏན་ནས་རྒྱུ་མཚན་མེད་པ་ཞིག་ཡིན་མི་སྲིད། དཔེར་ན་ཁ་ནས་རིས་མེད་ཤ་སྟག་བཤད་ཅིང་དོན་དུ་རང་དོན་ཤ་སྟག་བསྒྲུབ་པའམ། གཞན་ཕྱོགས་གྲུབ་མཐའ་མང་པོ་རིས་མེད་ཀྱི་མིང་ཐོག་ནས་འཇམ་བུས་བསྒྱུར་ཡོད་སྐད་འདུག སྤྱིར་ན་རིས་མེད་ཟེར་བའི་ཐ་སྙད་འདི་ཡི་འཇུག་ཡུལ་ལ་བསམས་ན་དེས་ག་ལ་ཚད། ད་དུང་ཆོལ་ཁ་རིས་མེད་དང་། རྒྱལ་མཚམས་རིས་མེད། ཕོ་མོ་རིས་མེད། མི་རིགས་རིས་མེད། གྲྭ་བཙུན་རིས་མེད་སོགས་འཇུག་ཡུལ་ཧ་ཅང་གིས་མང་།  ག་འདྲ་ཞིག་ལ་རིས་མེད་ཟེར།

འཕགས་ཡུལ་དུ་འབོད་པའི་མགྲོན་བརྡ།

སློབ་གྲྭ་བ་འབྲི་རུ་བསླབ་གསུམ་དར་རྒྱས།

རྭ་བ་གངས་རིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་ནས། །སྤྲ་སྲིན་ལས་ཆད་ལྷད་མེད་སྤྲེའུ་ཕྲུག་གི་ཁྱུ་དང༌།།
ཀྱག་ཀྱོག་སྲང་ལམ་དོག་པོ་དུ་མ་ཞིག་བརྒྱུད་དེ། །འཕགས་ཡུལ་འཕགས་པའི་ཕྱོགས་སུ་གོམ་སྟབས་ཤིག་བསྒྱུར་ཡིན།།

འཇིགས་རུང་གཤིན་རྗེས་བསྐོར་བའི་འཕྲང་འགག་ཅིག་བརྒྱུད་དེ། །ཚེ་སྲོག་རྩམ་རྐྱང་ཆུ་ལ་སྐྱབས་གནས་ཤིག་བཅོལ་ནས།།
ངམ་ནག་སོ་བལྟས་བསྲུང་བའི་ལ་མོ་ཞིག་བརྒྱབ་སྟེ། །ཚེ་སྲོག་མ་ཤོར་ཙམ་དུ་འཕགས་ཡུལ་དུ་སླེབས་སོང༌།།

འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་མཐུ་ལ་བརྟེན་ནས། །གདན་ས་སེ་རྭ་ཐེག་པ་ཆེན་པོ་ཡི་གླིང་དུ།།
འདི་ཕྱིའི་དགོས་འདོད་སྩོལ་བའི་ཡིད་བཞིན་གྱི་ནོར་བུ། །འདི་ན་ཤེས་རིག་རྒྱ་མཚོའི་གཏེར་ཁ་ཞིག་བརྡོལ་འདུག །

བླུན་པོའི་སེམས་ཀྱི་རེ་འདུན།

ཁ་བའི་ལྗོངས་ལ་ལྟེ་ཁྲག་འཕོས་པའི་གངས་ཕྲུག་དར་མ།།

མི་རིགས་གཞན་གྱི་སྐད་ཡིག་དག་ལ་མཁས་པར་གྱུར་ཀྱང༌།།

ཕ་མེས་བཟང་པོའི་རང་སྐད་སྨྲ་ལ་ལྕེ་རྩེ་འཁུམ་ན།།

ཁ་བ་གངས་ཅན་བོད་པ་ཚང་གི་རྒྱུད་པ་མ་རེད།།

ཕ་ཡུལ་གངས་ལྗོངས་ཆོལ་ཁ་གསུམ་ལ་དུང་ཞེན་ཆེ་བའི།།

ཤ་ཁྲག་རིགས་རུས་གཅིག་ལས་ཆད་པའི་དྭངས་མའི་སྤུན་གྲོགས།།
ཡབ་མེས་དག་གིས་བསྐྲུན་པའི་སྐད་ཡིག་མཐོང་ཆུང་མ་བརྩི།།

སྒང་པ་བོད་ཀྱི་ཕ་མས་བཞག་པའི་བླ་སྲོག་འདི་ཡིན།།

བརྗིད་ཆགས་གངས་དཀར་ལྷུན་པོའི་འདབས་ནས་འཚར་ལོངས་བྱུང་བའི།།

རིགས་མཐུན་ལས་ཀྱིས་བསྐོས་པའི་དེང་དུས་གངས་ཕྲུག་འགའ་ཡིས།།
རང་སྐད་དོར་ནས་འདྲེས་མའི་ཤན་སྐད་འབོད་པ་འདི་ནི།།

ཕ་སྐད་གཙང་མ་གཏོར་བའི་ཕོ་ཉ་སླེབས་པ་མིན་ནམ།།

མདོར་ན་འཛམ་གླིང་གོ་ལ་ཟླུམ་པོའི་རྩེ་མོར་གནས་པའི།།

སེམས་ཀྱི་འདུན་པ་གཅིག་པའི་ཁ་བའི་སྤུན་ཟླ་ཚང་མས།།
མི་མཛེས་མི་སྙན་འདྲེས་མའི་ཐན་སྐད་སྣང་མེད་ཞོགས་ལ།།

གདོང་དམར་བོད་པའི་རང་སྐད་གཙང་མ་རྒྱུན་དུ་སྤྱོད་རོགས།།

འཇམ་དབྱངས་ནོར་བུ།