འཕགས་ཡུལ་དུ་འབོད་པའི་མགྲོན་བརྡ།

སློབ་གྲྭ་བ་འབྲི་རུ་བསླབ་གསུམ་དར་རྒྱས།

རྭ་བ་གངས་རིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་ནས། །སྤྲ་སྲིན་ལས་ཆད་ལྷད་མེད་སྤྲེའུ་ཕྲུག་གི་ཁྱུ་དང༌།།
ཀྱག་ཀྱོག་སྲང་ལམ་དོག་པོ་དུ་མ་ཞིག་བརྒྱུད་དེ། །འཕགས་ཡུལ་འཕགས་པའི་ཕྱོགས་སུ་གོམ་སྟབས་ཤིག་བསྒྱུར་ཡིན།།

འཇིགས་རུང་གཤིན་རྗེས་བསྐོར་བའི་འཕྲང་འགག་ཅིག་བརྒྱུད་དེ། །ཚེ་སྲོག་རྩམ་རྐྱང་ཆུ་ལ་སྐྱབས་གནས་ཤིག་བཅོལ་ནས།།
ངམ་ནག་སོ་བལྟས་བསྲུང་བའི་ལ་མོ་ཞིག་བརྒྱབ་སྟེ། །ཚེ་སྲོག་མ་ཤོར་ཙམ་དུ་འཕགས་ཡུལ་དུ་སླེབས་སོང༌།།

འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་མཐུ་ལ་བརྟེན་ནས། །གདན་ས་སེ་རྭ་ཐེག་པ་ཆེན་པོ་ཡི་གླིང་དུ།།
འདི་ཕྱིའི་དགོས་འདོད་སྩོལ་བའི་ཡིད་བཞིན་གྱི་ནོར་བུ། །འདི་ན་ཤེས་རིག་རྒྱ་མཚོའི་གཏེར་ཁ་ཞིག་བརྡོལ་འདུག །

ཀྱེ་ཀྱེ་གངས་རིའི་ཞིང་བཞུགས་བདག་གི་ནི་གྲོགས་མཆེད། །ཤེས་རྨོངས་གཉིད་ཀྱི་ཞིང་ནས་མིག་ཟུང་ཞིག་གདངས་ནས།།
ཀུན་ཕན་གཟི་བྱིན་འབར་བའི་རེ་སྐོང་གི་ནོར་བུ། །ལེན་ལ་སོམ་ཉི་མེད་པར་འདི་ན་རུ་ཕེབས་ཤོག །

ཁ་བའི་མདངས་ལ་འཁུ་བའི་རིགས་ཞེན་གྱི་ལ་རྒྱ། །རང་རིགས་གསོན་པོར་གནས་པའི་ཚེ་སྲོག་གི་རྒྱུ་ཐག །
མི་ཉམས་རྒྱུན་འཛིན་བྱེད་འདོད་སྙིང་སྟོབས་ཤིག་ཡོད་ན། །སོམ་ཉིའི་དྲྭ་བ་བཅད་དེ་འདི་ན་རུ་ཕེབས་ཤོག །

མཉམ་མེད་ཐུབ་པའི་དབང་པོའི་ཞི་བསིལ་གྱི་དམ་ཆོས། །ཞི་བདེའི་ཚེ་སྲོག་གསོ་བའི་འཆི་མེད་ཀྱི་བདུད་རྩི།།
ཉོན་མོངས་གདོན་གྱིས་གཟིར་བའི་ཟུངས་ཟེད་ཀྱི་ནད་པར། །སྦྱིན་ལ་སྙིང་རྗེ་ཡོད་ན་འདི་ན་རུ་ཕེབས་ཤོག །

དཀའ་སྡུག་སྣ་དགུས་བསགས་པའི་རྒྱུ་ནོར་གྱི་ཕུང་པོ། །ཕངས་མེད་སྦྱིན་པར་ནུས་པའི་དྲིན་ཅན་གྱི་ཕ་མའི།།
ལྷད་མེད་བྱམས་བརྩེས་བསྐྱངས་པར་དྲིན་བཟོ་ཞིག་འདོད་ན། །སྒྱིད་ལུག་ལྕགས་སྒྲོག་བཅད་དེ་འདི་ན་རུ་ཕེབས་ཤོག །

Related Articles